མི་རིགས་སྐད་ཡིག་བཀོལ་སྤྱོད་དང་མཐོར་འདེགས་གཏོང་བའི་སྐོར་གྱི་བསམ་ཚུལ་ཕྲན་བུ།
ངས་འདིར་བརྗོད་པའི་བོད་ཀྱི་རིག་གནས་ཞེས་པ་ནི་བོད་མིའི་རྒྱུན་སྤྱོད་ཀྱི་ཤེས་བྱ་དང་མཚན་ཉིད་རིག་པ། ཆོས་ལུགས་དང་དད་མོས། བསམ་བློ། ཀུན་སྤྱོད་སོགས་བསམ་བློའི་འགུལ་སྤྱོད་དུ་གྱུར་བའི་འདུ་ཤེས་ཆགས་སྟངས་ཡོད་ཚད་འདུས་པ་ཡིན། ལར་བོད་རིགས་འདི་བྱུང་སྔ་ཞིང་ལྷག་པར་དུ་རིག་གནས་དར་བའི་ལོ་རྒྱུས་ཧ་ཅང་རིང་བས་དེའི་རིག་གནས་ལ་ཕྱོགས་ཡོངས་ནས་དཔྱད་པ་འཇུག་རྒྱུ་ཤིན་ཏུ་དཀའ་བ་དང་། འདུ་ཤེས་ཆགས་སྟངས་ཁོ་ནས་ཆ་ནས་བཤད་ན་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པས། འདིར་གླེང་འདོད་པ་ནི་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་མཐོར་འདེགས་གཏོང་ཐབས་སྐོར་གྱི་བསམ་ཚུལ་ཙམ་ཡིན་ཏེ།
རྒྱ་ཆེའི་མང་ཚོགས་ཀྱིས་མི་རིགས་སྐད་ཡིག་བཀོལ་སྤྱོད་དང་རྒྱུན་འཛིན་བྱེད་དགོས།
སྐད་ཡིག་ནི་ལག་ཆ་ཁོ་ན་ཞིག་མ་ཡིན་ཏེ། མི་རིགས་ཤིག་གི་གཟི་འོད་འབར་བའི་རིག་གནས་ཀྱི་འདེགས་ཤིང་དང་བསམ་གཞིགས་བྱེད་སྟངས་ཤིག འདུ་ཤེས་ཤིག་ཀྱང་ཡིན་པས་མི་རིགས་རང་ཉིད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་རྒྱུ་ནི་ད་ལྟའི་འཚོ་སྡོད་ཙམ་དང་རང་གཅིག་པུའི་ཁེ་ཕན་ཁོ་ན་ཙམ་མ་ཡིན་པར་མི་རིགས་ཤིག་གི་དར་རྒུད་ལ་འབྲེལ་བ་དམ་ཟབ་ཡོད། ཀུན་གཟིགས་ལྔ་བ་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་མི་རིགས་ཤིག་ཡུན་རིང་དུ་གནས་དང་མི་གནས་ཀྱི་རྩ་བ་ནི་དེའི་སྐད་ཡིག་རྒྱུད་འཛིན་དང་བཀོལ་སྤྱོད་བྱེད་མིན་ལ་རག་ལས་ཞེས་དང་དོར་ཞི་རིན་པོ་ཆེ་མཆོག་གིས་ཀྱང“མི་རིགས་ཤིག་གི་དར་རྒུད་དང་འཕེལ་རྒྱས་ནི་མི་རིགས་དེའི་སྐད་ཡིག་བཀོལ་སྤྱོད་བྱེད་མིན་ལ་ཐུག”ཅེས་པ་སོགས་ལས་ང་ཚོས་གསལ་བོར་རྟོགས་ཐུབ།
ལོ་རྒྱུས་དེབ་ཐེར་མང་པོ་ལས་གསལ་བོར་རྟོགས་ནུས་པ་དཔེར་ན། མན་ཇུ་རིགས་ཀྱིས་ཀྲུང་གོར་དབང་བསྒྱུར་ཏེ་མི་ལོ་སུམ་བརྒྱ་ཙམ་འདས། དེའི་རིང་ལ་མན་ཇུ་གོང་མས་རྒྱ་མི་རིསག་དབང་བསྒྱུར་བྱེད་པར་སྟབས་བདེ་ཡོང་ཆེད་སྲིད་ཕྱོགས་ནས་རྒྱ་ཡིག་གཙོ་བོ་བཀོལ་ཞིང་། རང་གི་སྐད་ཡིག་ལ་དོ་སྣང་ཆེན་པོ་མ་བྱས་སྟབས་སྲིད་དབང་བཟུང་བའི་མན་ཇུ་མི་རིགས་ཀྱི་རང་གི་ཡབ་མེས་ཀྱི་དུས་སུ་གསར་སྐྲུན་བྱས་པའི་རིན་པོ་ཆེ་ལྟ་བུའི་སྐད་ཡིག་དེ་དུས་རབས་ཉི་ཤུ་བར་བསླེབས་དུས་ལོ་རྒྱུས་དངོས་མང་བཤམ་སྟོན་ཁང་དུ་བསྐྱལ། ཉེ་དུས་སུ་རང་གི་སྐད་ཡིག་གི་རྒྱུན་ཆད་དེ་སུས་ཀྱང་སྐྱོབ་ཐབས་མེད་པའི་གནས་སུ་གྱུར་ཡོད་སྟབས་དེ་ལས་བློ་ཕམ་པ་ཞིག་ག་ལ་ཡོད། དེ་ལས་གཞན་ཁ་སང་དེ་རིང་མཚོ་སྔོན་གྱི་ངོས་ནས་བརྗོད་ན་ཡང་རང་གི་སྐད་ཡིག་ཤེས་ན་ངོ་ཚ་དང་གཞན་གྱི་སྐད་ཡིག་སྦྱངས་ན་གཟི་བརྗིད་ཡིན་པའི་ཀུན་སློང་དེས་བོད་སྤྱི་ཚོགས་ལ་ཐེབས་པའི་ཤན་ཤུགས་ཛ་དྲག་ཡིན་ཏེ། རང་ཞིང་གི་ས་ཆ་ཁ་ཤས་སུ་སྔོན་ཆད་བོད་རིགས་ཤ་སྟག་ཡིན་པ་མ་ཟད་བོད་སྐད་རྣལ་མ་བརྗོད་མཁན་དང་གསེར་གྱི་ཐང་མ་བརྡལ་འདྲའི་སྐྱེས་ཆེན་དམ་པའི་འཁྲུངས་གནས་དང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་གདན་ས་ཆེན་པོ་ལྟ་བུ་ཡིན་པ་སུས་ཀྱང་བསྙོན་ཐབས་མེད། དྲང་པོར་བཤད་ན་ད་ལྟ་ཡུལ་གྲུ་འདི་དག་ན་བོད་ཀྱི་ཡི་གེ་ཤེས་མཁན་དང་བཀོལ་སྤྱོད་བྱེད་མཁན་ཕར་ཞོག ཐ་ན་རྒྱུན་སྤྱོད་བཟའ་བཏུང་སྐོར་གྱི་སྐད་ཆ་བཤད་ཤེས་མཁན་ཡང་རི་བོང་རྭའི་སྤུན་ཟླར་གྱུར་འདུག རང་གིས་མི་རིགས་རང་གི་སྐད་ཆ་བཤད་མ་ཤེས་ན་རྗེས་མར་ང་ཚོ་བོད་ཅེས་པའི་མིང་ཞིག་ཡོད་མིན་ལ་ཡང་ཁ་ཚ་དགོས་གཏུག་གི་བསམ་བློ་གཏོང་དགོས་པའི་གནད་ཅིག་ཏུ་འཁུམས་སོ།།
བོད་རིགས་དགེ་རྒན་རྣམས་ཀྱིས་མི་རིགས་སྐད་ཡིག་གི་གལ་ཆེན་རང་བཞིན་ཤེས་དགོས།
འཕེལ་རྒྱས་འཕེལ་རྒྱས་ཞེས་བཤད་ཀྱང་། འཕེལ་རྒྱས་ཀྱི་རྩ་བ་ནི་སློབ་གསོ་ཡིན་ལ། དཔལ་འབྱོར་དཔལ་འབྱོར་ཟེར་ཡང་དཔལ་འབྱོར་གྱི་རྨང་གཞི་ཤེས་རིག་ཡིན་ནོ།། སློབ་གསོ་ནི་ཤེས་རིག་འཕེལ་བའི་ཐབས་ལམ་ཉག་ཅིག་དང་། འཇིན་རྟེན་ལ་ཕན་བདེ་སྐྲུན་པའི་རྩ་བའི་ཆ་རྐྱེན་ཡིན། དེས་ན་བོད་རིགས་འདི་འཛམ་གླིང་གི་མི་རིགས་ཁྲོད་ཇི་སྲིད་བར་དུ་གནས་དགོས་ན། དེའི་གཞི་རྩ་ཉག་གཅིག་ནི་སློབ་གསོ་རེད། མི་རིགད་དགེ་རྒན་ཡིན་ཚེ་རང་ཉིད་ལ་མི་རིགས་དེའི་རིག་གནས་ཕུན་སུམ་ཚོགས་པོ་ཞིག་ཡོད་དགོས་པ་མ་ཟད་ད་དུང་མི་རིགས་དེར་དགའ་བའི་བློ་སེམས་རྣམ་དག་ཅིག་ཀྱང་དགོས་ལ། ལྷག་པར་དུ་སློབ་ཆུང་སློབ་མར་མཚོན་ན་བསམ་བློའི་རྐང་ཆགས་མེད་པས་གཡོ་འགུལ་ཐེབས་སླ་བས། སློབ་ཆུང་གི་དགེ་རྒན་ཡོངས་ཀྱིས་མི་རིགས་རང་གི་རིག་གནས་ཀྱི་རིན་ཐང་དང་ཡུལ་སྲོལ་གོམས་འདྲིས་སོགས་སྲོལ་རྒྱུན་རིག་གནས་སྐོར་གྱི་ཤེས་བྱ་དང་སྲོལ་བཟང་བརྒྱུད་བསྒྲགས་བྱེད་རྒྱུ་ནི་ང་ཚོའི་མི་རིགས་འདིའི་མདུན་ལམ་དང་དར་རྒུད་ལ་ཐད་ཀར་འབྲེལ་བ་ཡོད་ཅིང་། ཆུང་དུས་ནས་མི་རིགས་རང་ཉིད་ཀྱི་འདུ་ཤེས་བརྟན་ཆགས་དང་སྐད་ཡིག་ལ་དུང་ཞེན་སོགས་ཀྱི་མཐུན་རྐྱེན་དང་སྐུལ་སློང་བྱེད་རྒྱུ་ནི་མི་རིགས་སྐད་ཡིག་མཐོར་འདེགས་དང་རྒྱུན་འཛིན་བྱེད་པའི་ཐབས་ལམ