logo

བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་གླེང་བ།(ཁག་གཉིས་པ)

རྩོམ་པ་པོ།:གཅན་རོང་བསྟན་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-03-18 ཀློག་གྲངས།:

   བསམ་བྱུང་གི་སློབ་གསོ་བྱེད་ཐབས་ཀྱིས་བསམ་བྱའི་དོན་དེ་ཐག་གཅོད་པའི་གོ་རྟོགས་རྙེད་པ་དང་མཉམ་དུ་མིའི་བསམ་གཞིགས་ཀྱི་ནུས་བ་སྐྱེད་སྲིང་བྱེད་པ་དང༌།    འཆད་མཁན་དགེ་རྒན་གྱིས་དངོས་བོ་གང་ཞིག་མཚམས་སྦྱོར་བྱེད་པའི་གོ་རིམ་གྱི་ཁྲོད་ནས་གཙོ་བོ་སློབ་མའི་བསམ་གཞིགས་ཀྱི་ནུས་བ་སྐྱེད་སྲིང་བྱས་ཏེ།     དྲི་བ་མང་པོ་འདོན་པ་དང་དྲི་བ་དེ་དག་སློབ་མ་རང་གིས་ཐག་གཅོད་པའི་ཁྲོད་དུ་ཐེ་ཚོམ་སྣ་ཚོགས་སེལ་ཏེ་ཕུ་ཐག་ཆོད་པའི་བསམ་བློ་ཆགས་རྒྱུ་དེ་རེད།   སློབ་གྲོགས་མང་པོ་ཞིག་གི་ལྟ་ཚུལ་ལ་ངེས་བརྟན་མེད་པ་དང་རང་ཚུགས་མི་ཐུབ་པ།   རང་ཉིད་ལ་ཡིད་ཆེས་མེད་པ་སོགས་ནི་གཙོ་བོ་བསམ་བྱུང་གི་སློབ་གསོ་བྱེད་ཐབས་འདིར་གཙིགས་ཆེན་མ་བྱས་པའི་མཇུག་འབྲས་ཤ་སྟག་རེད།     དཔེར་ན།   དགེ་རྒན་གྱིས་སློབ་མར་རང་རྒྱལ་ལ་མི་རིགས་དུ་ཡོད་ཅེས་དྲིས་ཚེ།  སློབ་གྲོགས་མང་པོ་ཞིག་གིས་རང་རྒྱལ་ལ་མི་རིགས་ང་དྲུག་ཡོད་ཅེས་བཤད་ངེས་རེད།    དེ་ནས་དགེ་རྒན་གྱིས་ཡ་མཚར་བའི་ཚུལ་གྱིས“ཨ་མི་རིགས་ང་དྲུག་ཡོད་དམ”ཞེས་དྲིས་ཚེ་སློབ་མ་ཁ་ཅིག་གིས“ང་ལྔ་ཡོད།   ལྔ་བཞི་ཡོད”སོགས་མང་བོ་བཤད་པ་ལྟ་བུ་རེད།    དེ་ནི་གཙོ་བོ་བསམ་བྱུང་གི་སློབ་གསོ་ལ་གཙིགས་ཆེན་མ་བྱས་པས།     ཐེ་ཚོམ་ཆོད་པའམ་ཐག་ཆོད་པའི་སློབ་གསོ་ལ་བརྟེན་ནས་ཐོབ་པའི་བསམ་བྱུང་གི་ཤེས་ནུས་སྤུས་ཚད་སྐྱེད་སྲིང་བྱས་པ་མི་འདང་བའི་མཚོན་རྟགས་གསལ་བོ་ཞིག་རེད།

   སློབ་གསོ་བྱེད་ཐབས་འདིར་གཙིགས་ཆེན་མ་བྱས་ན།    མིའི་བསམ་གཞིགས་ཀྱི་ནུས་པ་དང༌།    རང་ཚུགས་ཀྱི་ནུས་པ།  ཁེར་རྐྱང་གིས་བསམ་གཞིགས་གཏོང་བའི་ནུས་པ། གསར་གཏོད་ནུས་པ་སོགས་ཀྱིས་མཚོན་ཏེ་མི་ཚེའི་ནུས་པ་གལ་ཆེན་མང་པོ་ཞིག་ཤོར་དང་ཤོར་བཞིན་ཡོད་པ་རེད།  

   ངས་བལྟས་ན་བསམ་བྱུང་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་འདི་ནི་བོད་ཀྱི་བཤད་གྲྭ་ཁག་ན་དར་རྒྱས་ཤིན་ཏུ་ཆེ་ན་ཡང་ཆེས་ཕུལ་དུ་བྱུང་བའི་སློབ་གསོ་བྱེད་ཐབས་འདི་བསམ་གཞིགས་དང་ཞིབ་འཇུག     སྤྱི་སྡོམ་བྱས་ཏེ་བོད་ཀྱི་རིག་གནས་སློབ་གསོ་དང་ཁྱད་པར་དུ་བོད་སྤྱི་ཚོགས་འཕེལ་རྒྱས་དང༌།    ནང་སྒོས་སུ་བོད་རིགས་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་འཕེལ་རྒྱས་དང་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་འཕེལ་རྒྱས་ཀྱི་ཐད་ལ་བཀོལ་ཚད་ཤིན་ཏུ་མི་འདང་བ་རེད་སྙམ།

   བསམ་བྱུང་གི་སློབ་གསོ་བྱེད་ཐབས་ཀྱིས་བསམ་བྱའི་ཕྱོགས་ཀྱི་ཐེ་ཚོམ་མང་པོ་ཞིག་བྱ་དངོས་ཕན་ཚུན་བསྡུར་བ་དང༌།   ཕན་ཚན་དབྱེ་ཞིབ། ཚོད་ལྟ།    བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་གང་མང་བརྒྱུད་དེ་བྱ་དངོས་དེ་དག་གི་ཐུན་མོང་གི་ཁྱད་ཆོས་དང༌།      ཐུན་མོང་མ་ཡིན་པའི་ཁྱད་པར་སོགས་ཀྱི་དབྱེ་ཐག་ཆོད་པར་བྱེད་པ་ཡིན་ལ།  ཁྱད་པར་དུ་བསམ་བྱུང་གི་སློབ་གསོ་བྱེད་ཐབས་ལ་སློབ་མའི་གཙོ་གཞིའི་ནུས་པ་འབུར་དུ་ཐོན་པའི་ཁྱད་ཆོས་ཡོད་པས།   དགེ་རྒན་གྱིས་སྣེ་ཁྲིད་དང་ཕྱོགས་སྟོན་གྱི་ནུས་པ་འདོན་པ་ལས་གཞན་བསམ་བྱུང་ཞིབ་འཇུག་གི་འགན་ཁུར་ཡོད་ཚད་སློབ་མས་ཁུར་དགོས་ལ།     སློབ་མ་ཁེར་རྐྱང་གི་ཞིབ་འཇུག་དང་རེ་གཉིས་ཀྱི་ཞིབ་འཇུག ཐུན་མོང་གི་ཞིབ་འཇུག་སོགས་སྣ་ཚོགས་ཡོད་ལ།    བོད་སྲོལ་རྒྱུན་རིག་གནས་ཀྱི་རྩོད་གྲྭའི་སྔ་རྒོལ་ཕྱི་སྒོལ་རྩོད་པ་བྱེད་པའི་སློབ་གསོ་བྱེད་ཐབས་འདི་ནི་གཙོ་བོ་ཐེ་ཚོམ་གྱི་སྒྲོ་འདོགས་གཅོད་པའི་བསམ་བྱུང་གི་སློབ་གསོ་བྱེད་ཐབས་ཀྱི་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཡིན་པས།    སློབ་གསོ་བྱེད་ཐབས་འདིས་སློབ་མའི་བསམ་བྱུང་གི་ཤེས་རབ་མཐོར་འདེགས་གཏོང་བཞིན་ཡོད་པ་མ་ཟད།  ཆུང་དུས་ནས་མིའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་ནུས་ཁྱད་པར་ཅན་ཞིག་འདོན་བཞིན་ཡོད་པས།   སློབ་ཁྲིད་བྱེད་ཐབས་འདི་ལ་སྔོན་གྱི་མཁས་པས“དམ་ཆོས་འོད་ཟེར་མ”ཞེས་བརྗོད་པ་ནི་ངོ་མ་དོན་ལ་གནས་པ་ཞིག་རེད།   ཡིན་ནའང་ད་ལྟ་གནའ་རབས་སུ་ཡོད་པའི་བསམ་བྱུང་ཞིབ་འཇུག་རང་བཞིན་གྱི་སློབ་གསོ་བྱེད་ཐབས་སྣང་མེད་དུ་འཇོག་པ་དང་འཛམ་གླིང་རང་བཞིན་དུ་སོ་མ་དར་བཞིན་པའི་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས(研究性教育)ལ་ཡང་གཙིགས་ཆེན་མི་བྱེད་པ་ནི“གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད”ཅེས་པའི་དགོངས་དོན་ལག་བསྟར་མཐིལ་ཕྱིན་བྱས་པ་མི་འདང་བའི་མཚོན་རྟགས་ཡིན་ལ།   ཁྱད་པར་དུ་མི་སྐོར་ཞིག་གིས་གང་ཞིག“གནའ་བཟང”ཡིན་པ་ངོས་ཟིན་མེད་ལ།    མི་སྐོར་ཞིག་གིས་གང་ཞིག“དེང་    སྤྱོད”བྱེད་རྒྱུའི་ཐད་ལ་ངོས་ཟིན་ཆེས་ཞན་པ་འདིས་ཀྱང་མི་རིགས་ཀྱི་འཕེལ་རྒྱས་དང་བྱིས་པའི་སྤུས་ཚད་ལ་ཤན་ཤུགས་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད་པ་རེད་སྙམ།


འབྲེལ་ཡོད་འོས་སྦྱོར།