logo

བོད་ཀྱི་ལོ་ཙཱའི་ཚད་གཞི་ངོ་སྤྲོད་རགས་བསྡུས།

རྩོམ་པ་པོ།:བསོད་ནམས་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-03-16 ཀློག་གྲངས།:

 དེ་ཡང་མི་སོ་སོའི་བློ་ཁམས་དང་དམིགས་ཡུལ། ཡོན་ཚད། འཚོ་བའི་ཁོར་ཡུག་དང་དུས་རབས། བསྒྱུར་བྱའི་རིག་གནས་སོགས་མི་འདྲ་བའི་དབང་གིས་ལོ་ཙཱའི་ཚད་གཞི་ཡང་རྣམ་པ་སྣ་ཚོགས་ཤིག་འབྱུང་སྲིད་དེ། ད་ཡོད་ཀྱི་ཡིག་ཆར་བལྟས་ན་བོད་ཀྱི་ལོ་རྒྱུས་སྟེང་བསྡོམས་པས་ཚད་གཞི་གསུམ་ཙམ་བྱུང་ཞིང༌། དང་པོ་ནི་སྒྲ་སྦྱོར་བམ་གཉིས་ལས། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་བསྒྱུར་བྱ་དམ་པའི་ཆོས་བསྒྱུར་བའི་ཐབས་དང་དེའི་ཚད་གཞི་སོགས་དུས་སྐབས་དེའི་ལོ་པཎ་ཕལ་མོ་ཆེའི་མགྲིན་ཚབ་ཏུ་གཅིག་ཏུ་བསྟན་པར་མ་ཟད། གཞུང་དེ་ཉིད་ལས། གྲངས་ལ་རྒྱ་གར་བཞིན་དུ་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་བར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག་ཅེས་འབྱུང་བ་ནི་སྔར་བཤད་ལྟ་བའི་རྟིང་གནོན་དང༌། བོད་ལ་གར་བདེ་བར་བྱས་པའི་དགེ་མཚན་དང་བཅས་པ་གསལ་པོར་བསྟན་ཏེ་རང་སྐྱ་ཐུབ་པའི་ལྟ་བ་བཏོན་པ་རེད། འོ་ན་ལྟ་བ་དེ་ཡང་སྙིང་ག་འདྲ་ཡིན་ཞེ་ན་དེ་ལ་གཉིས་ཏེ། སྔ་མ་དོན་དང་མི་འགལ་བ་སྟེ་བསྒྱུར་བྱའི་དོན་གང་ཡིན་པ་དེ་ངོ་བོ་གཞ ན་དུ་མ་འགྱུར་བར་བྱེད་པ་དང༌། ཕྱི་མ་བོད་ལ་གར་བདེ་བར་བྱེད་པ་སྟེ་སྐད་ཆའི་སྦྱོར་བ་བོད་སྐད་ཀྱི་ལུགས་བཞིན་བྱེད་པ་དེ་ཡིན་ནོ། །ཚད་གཞི་དེ་ནི་ཉི་མའི་ཟེར་གྱིས་འཇིག་རྟེན་ཡོངས་ལ་ཉེ་རིང་མེད་པར་ཁྱབ་པ་བཞིན་ལོ་ཙཱའི་བྱ་བ་གང་ལ་སྦྱར་ཀྱང་མི་འབྱོར་བ་གཏན་ནས་མེད་དོ། །སྔ་མའི་དོན་དང་མི་འགལ་བ་ལས་ལྡོག་པའི་འགྱུར་མ་གང་ཞིག་ཡིན་རུང་དེ་ལ་ལོ་ཙཱའི་བྱ་བའི་མཚན་ཉིད་མི་ལྡན་པ་ཡིན་པ་དང༌། ཕྱི་མ་བོད་ལ་གར་བདེ་བར་བྱེད་པ་དང་ལྡོག་ན་བོད་པས་གོ་བར་མི་འགྱུར་ལ། དེ་བྱས་ན་ལོ་ཙཱའི་བྱ་བའི་དགོས་པ་ཡང་མ་འགྲུབ་པ་ཡིན་པས་སོ། །

  ཚད་གཞི་གཉིས་པ་ནི་ས་སྐྱ་པཎ་དི་ཏས། ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུའོ་ཞེས་དང༌། ས་ར་སྭ་སྟིའི་སྒྲ་སྔོན་རྒྱ་མཚོ་བསྲུབས་པ་ལས་བྱུང་བས་མཚོ་ལས་བྱུང་བ་ཡིན་མོད་ཀྱི། གཏམ་རྒྱུད་མ་གཟིག ས་པའམ་གོ་བདེ་བའི་ཆེད་དུ་དབྱངས་ཅན་མར་བསྒྱུར་རོ། །གོ་ད་ཝ་རི་ཞེས་བྱ་བ་དྲང་སྲོང་ཞིག་གིས་བ་ལང་བསད་པའི་སྡིག་སྦྱོང་གི་ཆུ་ཡིན་པས། བ་ལང་བསད་པའི་ཆུ་ཞེས་བྱ་བར་འགྱུར་མོད་ཀྱི། བའི་ཆུ་མཆོད་སྦྱིན་ཞེས་བསྒྱུར་པ་དང་ཞེས་བཀའ་བཀྱོན་མཛད་པ་སོགས་ཀྱིས་ལོ་ཙཱ་བྱེད་པར་བསྒྱུར་བྱའི་མ་ཡིག་གི་དོན་དང་འགལ་མི་རུང་བར་མ་ཟད། རྣམ་པ་སྟེ་ཚིག་གི་སྦྱོར་བ་ལ་སོགས་པའང་བསྒྱུར་བྱའི་མ་ཡིག་ལ་ཇི་ལྟ་ཇི་ལྟར་ཡོད་པ་སྒྱུར་བྱེད་ཀྱི་སྐད་ལའང་དེ་ལྟ་དེ་ལྟར་འཐོན་དགོས་པར་བསྟན་པ་དང༌། ཚད་་སྔ་མ་དང་མི་མཐུན་པའི་ཁྱད་པར་གཙོ་བོ་ཡང་སྒྱུར་བྱེད་ཀྱི་སྐད་ཆའི་སྦྱོར་ལུགས་ཡན་ཆད་མ་ཡིག་ལ་ཇི་ལྟ་བ་བཞིན་བསྟུན་དགོས་པ་དེ་ཡིན་ནོ། །དེ་ཡང་ཚད་གཞི་འདི་ཉིད་གཙོ་ཆེ་བ་མངོན་བརྗོད་ལ་སོགས་པ་བསྒྱུར་བ་ལ་དགོངས་ཡོད་པ་ཁོང་གིས་གསུངས་པའི་མཚན་མཚོན་གང་ལ་བལྟས་ཀྱང་ཤིན་ཏུ་གསལ་ལོ། །ཚད་གཞི་གསུམ་པ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་ཚིག་གསལ་ལ་གོ་བདེ་བ་དོན་དང་ཡང་མི་འགལ་བར་བྱས་ཏེ་ཞེས་ཏེ་བྱེ་བྲག་ཏུ་ཚད་གཞི་གསུམ་ཙམ་གཏན་འབེབས་བྱས་པ་དེ་ཡིན་ཞིང༌། བྱེ་བྲག་གི་ཚད་གཞི་གསུམ་ནི་ཚིག་གསལ་བ་དང་གཅིག གོ་བདེ་བ་དང་གཉིས། དོན་དང་མི་འགལ་བ་དང་གསུམ་མོ།། དེ་སྔ་མ་གཉིས་དང་མི་མཐུན་པའི་ཁྱད་ཆོས་གང་ཡིན་ཞེ་ན། སྒྲ་སྦྱོར་བམ་གཉིས་ལས་བསྟན་པ་དང་མི་མཐུན་ས་ནི་ཚིག་གསལ་ཞིང་གོ་བདེ་བ་དེ་དང༌། དོན་དང་མི་འགལ་བ་གཉིས་ཀྱི་སྔ་ཕྱིའི་གོ་རིམ་མི་འདྲ་བ་དེ་ཡིན་ལ། དེ་ཉིད་ཕར་བལྟས་ཚོད་ཀྱིས་ལོ་ཙཱའི་བྱ་བའི་སྐྱོན་ཆེན་དུ་སོང་ཡང༌། ཉིད་ཀྱི་ཞལ་ནས་གཞུང་གིས་དོན་ལེགས་པར་མ་ཤོད་པའམ་ལོག་པར་བཤད་པར་མངོན་པ་འགའ་ཞིག་འདུག་ནའང་གཞུང་རྩོམ་པ་པོས་ཇི་ལྟར་བརྩམས་པ་ལྟར་བསྒྱུར་བར་བྱ་ཡི། གཞུང་གཞན་གྱི་ལེགས་པར་བཤད་པ་ལས་བླངས་ཏེ་འཆོས་པར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ན་སློབ་དཔོན་རྣམས་ཀྱི་ལུགས་སོ་སོ་བ་རྣམས་འཁྲུག་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་སོགས་ཀྱིས་མ་ཡིག་གི་དོན་ལ་བསྟུན་དགོས་པ་ཆེས་གལ་ཆེན་ཞིག་ཏུ་བརྩིས་ཤིང༌། དེའི་ངོ་བོ་གཞན་དུ་ཅུང་ཟད་འགྱུར་རིགས་མིན་ལ་ཡིད་གཉིས་ཙམ་ཡང་ཟ་མི་རུང་བར་བསྟན་པས་འགལ་བ་མེད་ལ། གཞན་དུ་དེ་གཉི་གའི་ཁྱད་པར་ལ་སྒྲ་སྦྱོར་བམ་གཉིས་ལས། བོད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་སྤྱི་གཅིག་ཏུ་བསྟན་པ་དང༌། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་ཚིག་གསལ་ལ་གོ་བདེ་བ་དང་ཞེས་བོད་ལ་བདེ་བའི་བདེ་ལུགས་བྲེ་བྲག་ཏུ་བསྟན་པ་དེ་ཡིན། ཚད་གཞི་འདི་ཉིད་རྗེ་བཙུན་ས་པཎ་གྱི་དགོངས་པ་དང་མི་མཐུན་པའང་ཤིན་ཏུ་མངོན་གསལ་ཡིན་ཏེ། ས་པཎ་གྱིས་ཚིག་གི་སྦྱོར་བ་ཡན་ཆད་མ་ཡིག་ལ་བསྟུན་དགོས་པར་བཞེད་ཀྱང་འདིར་ཚིག་གསལ་ལ་གོ་བདེ་བར་བསྟན་པ་དང༌། ཚིག་གསལ་ལ་གོ་བདེ་བ་ཡོང་དགོས་ན་ངེས་པར་སྒྱུར་བྱེད་ཀྱི་སྐད་ཆའི་སྦྱོར་ལུགས་ལྟར་བསྒྱུར་དགོས་པ་སྟེ། དེ་ལས་ལྡོག་ན་ཚིག་ཀྱང་མི་གསལ། གོ་ཡང་མི་བདེ་བའི་ཁར་བསྒྱུར་བྱའི་མ་ཡིག་གི་དོན་ཡང་བསྒྲིབ་པར་དོགས་པས་སོ། །འོ་ན་འདིར་ཚིག་གསལ་བ་སྔོན་དུ་བསྟན་པའི་དགོས་པ་གང་ཡིན་ཞེ་ན ། དེ་ནི་གཙོ་བོ་སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གི་བ


འབྲེལ་ཡོད་འོས་སྦྱོར།