བོད་ཡིག་གི་ཡིག་གཟུགས་ལ་དོ་སྣང་བྱེད་དགོས།
བོད་ཡིག་གི་ཡིག་གཟུགས་ནི་བོད་རྒྱལ་སོ་གཉིས་པ་སྲོང་བཙན་སྒམ་པོའི་དུས་ནས་སྤྱི་ལོ་དུས་རབས་བདུན་པའི་སྟོད་ཙམ་ལ་ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་ཕྱིར་བོད་དུ་ལོག་ནས་ཕོ་བྲང་ཕ་བོང་ཁ་རུ་རྒྱ་གར་གྱི་ལཉྫ་ལ་དཔེ་བྱས་ཏེ་དབུ་ཅན་དང༌། ཝརྟུ་ལ་དཔེ་བྱས་ནས་དབུ་མེད་ཀྱི་ཡིག་གཟུགས་གཏན་ལ་ཕབ།དེ་ནས་རིམ་བཞིན་ཡིག་མཁན་ཆ་ངར་རིན་ཆེན་འབར་དང་ནབ་དཀར་བེའུ་ཚེ། དགེ་བསྙེན་དཀོན་མཆོག་དབང༌། བྷོ་ཤོ་ཁྲམ། ཚེ་སྤོང་བྱང་ཆུབ། འབྲེ་བ་ཡོན་ཏན། གྲ་ཤོད་རྣམ་གཉིས་སོགས་བསྟན་པ་སྔ་དར་སྐབས་སུ་བྱུང་བའི་བོད་ཡིག་ཡིག་གཟུགས་ལ་དོ་སྣང་བྱེད་མཁན་ནམ་ཡིག་གཟུགས་ཕྱོགས་སུ་བྱས་རྗེས་ཆེས་ཆེ་བའི་རིགས་ཡིན་ལ། བསྟན་པ་ཕྱི་དར་གྱི་སྐབས་སུ་ཡིག་མཁན་སྒྲོ་གཉའ་ཁྲི་བྱ་བས་གྲ་ཤོད་ཀྱི་རྡོ་རིང་ལ་ཞི་བྱས་ཏེ་བར་གསར་ཟེར་བའི་ཡི་གེ་བྲིས།ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ཡིག་མཁན་ཤཱཀྱ་རྡོ་རྗེ་ཟེར་བ་བྱུང་བ་དང༌། དེའི་རྗེས་ཀ་ཁྱུང་རྣམ་གཉིས་དང་ཁྱུང་བོ་གཡུ་ཁྲི་བཅས་བྱུང༌། ཁྱད་པར་དུ་ཁྱུང་བོ་གཡུ་ཁྲིས་སྐ་བ་དཔལ་བརྩེགས་ལུགས་ཀྱི་དབུ་ཅན་ཡིག་གཟུགས་དེ་དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེ་བླངས་ནས་ཆ་ཆེན་དང་ཆ་ཆུང་དུ་བགོས་རེ་ཆ་ཚད་ཕིག་ཁོངས་སུ་འབྲི་བའི་སྲོལ་ཕྱེ། དེ་ནས་ཡི་གེའི་མགོ་རྐེ་དང་མགོ་འདོགས་ལ་སོགས་ཐིག་གང་ལ་གང་འབབ་ལས་སྣང་བ་གང་དྲན་ལྟར་བྱེད་མི་ཆོག་པར་བྱས་ཤིང༌།དེའི་ཁྱད་ཆོས་ནི་རིང་ཐུང་དང་ཞེང་ཚད་སྙོམས་པ། མཐོ་དམའ་ཚད་དང་ལྡན་པ།ཡ་ཡོ་ཀྱག་ཀྱོག་མི་ཤོར་བ་སྟེ་ཡོན་ཏན་གསུམ་ཚང་བས་ཚང་མས་དེ་ལྟར་འབྲི་བའི་དཔེ་དར་ནས་རིམ་གྱིས་མཁས་དབང་ཆེན་མོ་སྨོན་ལམ་རྒྱ་མཚོ་དང་རིག་པའི་དབང་བོ་ཚེ་ཏན་ཞབས་དྲུང་སོགས་བོད་ཡིག་ཡིག་གཟུགས་ཕྱོགས་སུ་བཀའ་དྲིན་གཞལ་དཀའ་བ་ད་ལྟའི་བར་དུ་ཟམ་མ་ཆད་དོ།།
ཐོན་མི་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་བྱུང་བའི་བོད་ཀྱི་ཡིག་གཟུགས་འདི་སྣ་མང་མཁས་པས་ལེགས་བཅོས་ཐེངས་མང་བརྒྱུད་ད་ལྟའི་ཁྱད་མཚར་གྱི་ཡིག་གཟུགས་འདི་བྱུང་ལ།ཆ་འཕྲིན་ལག་རྩལ་དར་བ་ནས་བཟུང་བོད་ཡིག་གི་གཟུགས་དེ་གཏན་ཆགས་དང་ཇེ་ལེགས་སུ་སོང་གཤིས། ཁ་ཅིག་གིས་བོད་ཡིག་ཡིག་གཟུགས་དེ་གློག་ཀླད་ལས་ཐོན་པ་དེ་བཟང་བས་ཐད་ཀར་ཡིག་གཟུགས་འབྲི་སྟངས་སློབ་མི་དགོས་ཟེར་བ་དང༌། ཁ་ཅིག་གིས་བོད་ཡིག་ཡིག་གཟུགས་འབྲི་སྟངས་སྦྱངས་ནས་ཉི་མ་གཏོང་བ་ལས་ཕན་ཐོགས་ཆུང་ཟེར་བ་སོགས་ཁོག་ཆུང་ཁ་མཁས་འགའ་རེས་བརྗོད་མོད། དེ་ནི་འཐད་པར་མ་མཐོང་སྟེ། རྒྱ་ཡིག་སོགས་ཀྱི་ཡིག་གཟུགས་ལ་ཡོན་ཏན་ཅི་ཚང་པ་དེ་བོད་ཡིག་ཡིག་གཟུགས་ལའང་དེ་ཚང་ཞེས་སྔོན་བོན་མཁས་པའི་གསུང་རྒྱུན་དང་ད་ལྟའི་ཡིག་གཟུགས་མ་དཔེ་སོགས་ལས་ལེགས་པར་སྣང༌། དེ་བས་ང་ཚོའི་ཡིག་གཟུགས་འདི་ལའང་སྣང་ཆུང་མི་བྱེད་པར་རྒྱུན་སྐྱོང་དང་གོང་དུ་སྤེལ་བར་ཡིག་གཟུགས་མཉམ་འབྲེལ་ལྷན་ཚོགས་སོགས་བཙུགས་ཆོག་ཆོག་ཡིན་ནོ།།