སློབ་མ་སློབ་ཁྲིད་ཀྱི་བདག་པོ་གཙོ་བོ་བྱེད་དགོས།
དེ་ཡང་གསོན་ཉམས་ལྡན་པ་དང་བློ་བག་ཕབ་པ། ཡང་ཤ་དོད་པ། སྤྲོ་སེམས་འཕེལ་བའི་རྣམ་པའི་ཁྲོད་དུ་ཆབ་སྲིད་སློབ་ཁྲིད་ཇི་ལྟར་བྱེད་རྒྱུའི་གནད་འགག་ནི། སློབ་ཁྲིད་ཀྱི་བདག་པོ་ངོ་མ་ལ་རག་ལས་པས། གཤམ་དུ་སློབ་ཁང་སློབ་ཁྲིད་ཁྲོད་ཀྱི་སྒྲུབ་ཐབས་འགའ་གླེང་བར་བྱ།
སློབ་མ་ལ་ཀློག་འདོན་གྱི་དབང་ཆ་སྤྲོད་དགོས། སློབ་ཁང་སློབ་ཁྲིད་ཁྲོད་དུ། དགེ་རྒན་གྱིས་ཐོག་མར་སློབ་ཐུན་དེའི་སློབ་ཁྲིད་དམིགས་ཚད་སློབ་མ་ལ་གསལ་བོར་སྟོན་དགོས་པ་དང་། དམིགས་ཚད་དེའི་ནང་དུ་ཤེས་བྱའི་དམིགས་ཚད་འདུས་དགོས་པ་མ་ཟད། ད་དུང་ནུས་པ་དང་གོ་རྟོགས་ཀྱིས་དམིགས་ཚད་ཀྱང་འདུས་པས། སློབ་མ་ལ་གདེང་ཚོད་ཡོད་དུ་འཇུག་དགོས། མི་རེ་རེས་མ་མཐའ་ཡང་གནད་དོན་གཅིག་གམ་ཡང་ན་སློབ་ཚན་གྱིས་ནང་དོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་དོན་དངོས་དང་དཔེ་མཚོན་གཅིག་ནས་གཉིས་སྟ་གོན་བྱེད་པ་དང་གཏན་ཁེལ་བྱེད་དགོས། སྔོན་ཆད་དགེ་རྒན་གྱིས་གནད་དོན་འདོན་པ་དང་དཔེ་འདྲེན་པའི་དབང་བསྒྱུར་གོ་གནས་བསྒྱུར་ནས། སློབ་མའི་སློབ་གཞིའི་ཁ་ལོ་སྒྱུར་མཁན་དུ་གྱུར་ནས། སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་ཐད་སྔར་ལས་ཀྱང་སྐུལ་མ་ཆེན་པོ་ཐོབ་པ་ཡིན།
སློབ་མ་ལ་གྲོས་བསྡུར་བྱེད་པའི་དུས་ཚོད་སྤྲོད་དགོས། སློབ་ཁྲིད་སྐབས་སུ་དུས་ཚོད་ཁག་གཅིག་བཞག་སྟེ་སློབ་མར་བསམ་གཞིགས་གཏོང་དུ་འཇུག་པ་དང་། ཚན་སྐོར་དགར་ནས་གྲོས་བསྡུར་དང་རྩོད་པ་བྱེད་དུ་བཅུག་ན། བདེན་དོན་ཇི་ལྟར་བརྩད་ན་དེ་ལྟར་གསལ་བ་དང་། རྣམ་པ་ཤིན་ཏུ་གསོན་ཉམས་རྒྱས་པར་བྱེད་ཐུབ། སྤྱིར་བཏང་གི་གནས་ཚུལ་འོག་གྲོས་བསྡུར་བརྒྱུད་ནས་གནད་དོན་མང་ཆེ་ཤོས་ཐག་གཅོད་ཐུབ་པ་དང་། ཐག་གཅོད་བྱེད་དཀའ་བའི་གནད་དོན་ལ་ཐུག་ཚེ་དགེ་རྒན་ཞུགས་ནས་གྲོས་བསྡུར་བྱེད་པ་དང་ཡང་ན་དམར་ཁྲིད་སློབ་སྟོན་བྱེད་དགོས། དེ་ལྟར་བྱས་ན་སློབ་མའི་གཙོ་གནས་འདུ་ཤེས་ཆེ་རུ་གཏོང་ཐུབ་པ་དང་རིག་སྒོ་ཡང་འབྱེད་ཐུབ།
སློབ་མ་ལ་ལྗགས་བྱེད་ཀྱི་གོ་གནས་སྟེར་དགོས། སློབ་ཁྲིད་བྱེད་པའི་རྒྱུད་རིམ་ཁྲོད་དུ་སློབ་མས་སྤོབས་པ་ཆེན་པོས་དོགས་འདྲི་བྱེད་པ་ལ་སྐུལ་མ་གཏོང་བ་དང་། ཁྱད་པར་དུ་གཤིས་རྒྱུད་ལྷུན་ཆགས་པ་དང་། རང་དམན་བསམ་པ་ཚབས་ཆེ་བའི་སློབ་མ་ལ་རོགས་རམ་བྱེད་པ་དང་། དེའི་མཚུངས་སུ་སློབ་མ་རྣམས་ཁྲིད་སྟེགས་སྟེང་དུ་སོང་ནས་རང་ཉིད་ཀྱིས་ལྟ་ཚུལ་འདོན་པ་དང་མི་གཞན་གྱི་དོགས་པ་དང་དཀའ་ངལ་སེལ་བར་སྐུལ་སློང་བྱེད་དགོས། རྨང་གཞི་དེའི་སྟེང་དུ་དགེ་རྒན་གྱིས་དམིགས་ཚད་དང་དམ་པོར་སྦྲེལ་ཏེ། གཙོ་གནད་འཛིན་པ་དང་དཀའ་གནད་གཏོར་བ། སློབ་མའི་ཁྲོད་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་ལ“འབེན་ཡོད་སར་མདའ་འཕེན་པ”ལྟར་འགྲེལ་བཤད་བྱས་པ་ན། དུས་ཚོད་གྲོན་ཆུང་བྱས་ཤིང་སྟོབས་ཤུགས་ཀྱང་ཆེན་པོ་འདོན་མི་དགོས་པ་མ་ཟད། སློབ་མས་རང་ལ་ཡིད་ཆེས་པའི་བསམ་པ་དང་གསར་སྐྲུན་གྱི་བློ་སྟོབས་འཕེལ་ཐུབ་པ་ཡིན།
སློབ་མ་ལ་སྦྱང་བའི་སྤྲོ་སྣང་སྟེར་དགོས། དགེ་རྒན་གྱིས་དུས་ལྟར་སློབ་ཁྲིད་ཀྱི་ཕན་འབྲས་ལ་ཞིབ་དཔྱད་ཚད་ལེན་བྱ་དགོས། ཞིབ་དཔྱད་ཚད་ལེན་བྱེད་སྐབས་སློབ་མའི་ཡིག་འབྲུ་གཅིག་ཀྱང་མི་ཆད་པར་འབྲི་དགོས་པའི་བླང་བྱ་འདོན་པའི་ངེས་པ་མེད་ཀྱང་། སློབ་མ་ལ་ངག་ཐོག་ནས་ལན་འདེབས་པ་དང་། འདྲི་གཞིའི་རྩ་གནད་དབྱེ་ཞིབ་དང་ཡང་ན་མདོར་བསྡུས་ངང་གསལ་པོར་འབྲི་རུ་འཇུག་དགོས།