སློབ་མའི་གཏམ་བཤད་ནུས་པ་སྐྱེད་སྲིང་བྱེད་ཐབས་རགས་ཙམ་གླེང་བ།
སློབ་འབྲིང་གི་སློབ་མ་ཞིག་དང་ཡང་ན་སློབ་ཆུང་གི་སློབ་མ་ཞིག་ཡིན་ནའང་འདྲ། ཚང་མར་ཞན་ཆ་ཞིག་ཡོད་པ་ནི་སློབ་ཁྲིད་བྱེད་སྐབས་དྲི་བ་དྲིས་ལན་འདེབས་དུས་གཏམ་ཡག་པོ་ཞིག་བཤད་མི་ཐུབ་པ་དེ་རེད། སྤྱིར་སློབ་མའི་གཏམ་བཤད་ནུས་པ་སྐྱེད་སྲིང་བྱེད་པ་དེ་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་ནང་དོན་གཙོ་བོ་ཞིག་ཡིན་ལ། སྐད་ཡིག་སློབ་ཁྲིད་ལ་བརྟེན་ནས་སློབ་མས་གཏམ་བཤད་སྟངས་སྦྱང་དགོས་པ་ཞིག་ཀྱང་ཡིན། འདིར་སྐད་ཡིག་སློབ་ཁྲིད་བྱེད་སྐབས་རི་མོར་བརྟེན་ནས་གཏམ་བཤད་པ་དང༌། བྱ་དངོས་ལ་བརྟེན་ནས་གཏམ་བཤད་པ། ཁོར་ཡུག་ལ་བརྟེན་ནས་གཏམ་བཤད་པ། གཏམ་རྒྱུད་ལ་བརྟེན་ནས་གཏམ་བཤད་པ་བཅས་ཕྱོགས་བཞི་ནས་གླེང་བར་བྱའོ།།
གཅིག རི་མོར་བརྟེན་ནས་གཏམ་བཤད་པ།
རི་མོར་བརྟེན་ནས་གཏམ་བཤད་པ་ནི་སློབ་མས་རི་མོ་ལ་ཞིབ་ལྟ་དང་ངོས་འཛིན་བྱས་ནས་གཏམ་བཤད་པ་སྦྱོང་བརྡར་བྱེད་པའི་རྣམ་པ་ཞིག་ཡིན། རི་མོ་ནི་རི་མོ་གཅིག་གམ་རི་མོ་མང་བོ་ཡིན་ན་ཆོག་ལ། ནང་དོན་ཐད་ཀར་དུ་འཆད་ས་མི་འགྲོ་ཡང་མི་ལ་དྲན་ཚུལ་ཙམ་སློང་བའི་རི་མོ་ཡིན་ཡང་ཆོག གཙོ་བོ་རི་མོ་དེ་བྱིས་པའི་རྒྱུན་ལྡན་གྱི་འཚོ་བར་འབྲེལ་བ་ཡོད་པ་དང་སློབ་མའི་འཆར་སྒོ་དང་འཚམ་པ་ཞིག་ཡིན་དགོས། རི་མོར་ཞིབ་ལྟ་བྱེད་རྒྱུ་ནི་རི་མོར་བལྟས་ནས་གཏམ་བཤད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། རི་མོ་ལས་བརྗོད་སྙིང་ངོས་འཛིན་རྒྱུ་ནི་ཞིབ་ལྟ་ལས་ཐོན་པ་ཞིག་ཡིན་པས། རི་མོར་བརྟེན་ནས་གཏམ་འཆད་ན་དགེ་རྒན་གྱིས་སློབ་སྟོན་གང་ལེགས་བྱེད་དགོས།
གཉིས། བྱ་དངོས་ལ་བརྟེན་ནས་གཏམ་བཤད་པ།
བྱ་དངོས་ལ་བརྟེན་ནས་གཏམ་བཤད་པ་ནི། བྱ་དངོས་ལ་ཐད་ཀར་ཞིབ་ལྟ་བྱས་པའི་རྗེས་སུ་གཏམ་བཤད་པ་སྦྱོང་བརྡར་བྱེད་པའི་རྣམ་པ་ཞིག་ཡིན། ཞིབ་ལྟ་དེ་སློབ་ཁྲིད་ཀྱི་ཕྱི་ནང་དང་བར་གསེང་གང་ཡིན་ཡང་ཆོག་ལ། བྱ་དངོས་འདྲ་བ་དང་མི་འདྲ་བ་གང་ཡིན་ཡང་ཆོག དགེ་རྒན་གྱིས་གཙོ་ཕལ་གྱི་དབྱེ་བ་ཡོད་པ་དང་གསོན་ཉམས་ལྡན་པའི་སྒོ་ནས་སློབ་མར་མིག་གིས་མཐོང་ཐུབ་པ་དང་རྣ་བས་ཐོས་ཐུབ་པ། སེམས་ཀྱིས་ཚོར་ཐུབ་པ་ཞིག་སློབ་སྟོན་བྱེད་དགོས།
གསུམ། ཁོར་ཡུག་ལ་བརྟེན་ནས་གཏམ་བཤད་པ།
ཁོར་ཡུག་ཅིག་རྟོག་བཟོ་བྱས་ནས་གཏམ་བཤདཔ་ནི་སློབ་མ་དེ་ཁོར་ཡུག་གསར་བ་ཞིག་ལ་འཁྲིད་པའི་བྱེད་ཐབས་ཤིག་ཡིན། འགྲུལ་བར་སྣེ་ལེན་བྱེད་པ་དང༌། དཔེ་ཆ་གཡོར་བ། དངོས་པོ་ཉོ་བ། ཁ་པར་གཏོང་བ། རྒན་པར་རོགས་རམ་བྱེད་པའི་ཁོར་ཡུག་རེ་རྟོག་བཟོ་བྱས་ནས་སློབ་མར་ལད་མོ་སྒོས་གཏམ་བཤད་སྦྱང་དུ་བཅུག་ན་སློབ་མ་རང་ཉིད་ཁོར་ཡུག་དེར་དངོས་སུ་སླེབས་པ་ལྟ་བུའི་ཚོར་སྣང་སྟེར་ཐུབ་པར་མ་ཟད། སློབ་མའི་གཏམ་ལ་ཉན་པ་དང་གཏམ་བཤད་པའི་སྤྲོ་སྣང་ཡང་བསྐྱེད་ཐུབ་བོ།།
རྟོག་བཟོའི་ཁོར་ཡུག་ལ་བརྟེན་ནས་གཏམ་བཤད་སྐབས། སློབ་མས་ཐོབ་ཐང་དང་ལས་རིགས་མི་འདྲ་བའི་མིའི་སྐད་ཆ་བཀོལ་ཏེ་གཏམ་བཤད་དགོས་པས། དགེ་རྒན་གྱིས་སློབ་མར་གནད་ལ་འཁེལ་ཞིང་གསོན་ཉམས་ལྡན་པའི་གཏམ་བཀོལ་རྒྱུར་ཕྱོགས་སྟོན་ནན་མོ་བྱེད་དགོས།
བཞི། གཏམ་རྒྱུད་ལ་བརྟེན་ནས་གཏམ་བཤད་པ།
གཏམ་རྒྱུད་ལ་བརྟེན་ནས་གཏམ་བཤད་པ་ནི་སློབ་མས་དགེ་རྒན་གྱིས་བཤད་པའི་གཏམ་རྒྱུད་ལ་ཉན་རྗེས་གཏམ་སྦྱང་བའི་རྣམ་པ་ཞིག་ཡིན། དེ་ཡང་དགེ་རྒན་གྱིས་སློབ་མའི་བློ་ངོར་འཚམ་པའི་གཏམ་རྒྱུད་བཤད་དེ་སློབ་མར་གཏམ་བཤད་སྟངས་སྦྱང་དུ་འཇུག་དགོས། གཏམ་རྒྱུད་ལ་བརྟེན་ནས་གཏམ་བཤད་པ་དེ་གཏམ་རྒྱུད་ཀྱི་ནང་དོན་ཡིན་ན་ཆོག་ལ། གཏམ་རྒྱུད་ཉན་རྗེས་ཀྱི་མྱོང་ཚོར་ཡིན་ན་ཡང་ཆོག གཙོ་བོ་ནི་གཏམ་རྒྱུད་ལ་བརྟེན་ནས་སློབ་མའི་གཏམ་བཤད་པའི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་ནི་གནད་ཀྱི་དམ་པའོ།།
ཀྲུང་གོའི་ན་ཆུང་ཚགས་པར་ལས།