བོད་རིགས་དམངས་ཁྲོད་སྲོལ་རྒྱུན་སློབ་གསོའི་ཁྲོད་ཀྱི་བྱིས་པའི་
གཅིག བོད་ཀྱི་བྱིས་པའི་བློ་སྒོ་འབྱེད་པའི་གཏམ་དཔེའི་བྱུང་བ།
སྔོན་བྱོན་མཁས་པས་ངལ་རྩོལ་གྱིས་མིའི་རིགས་གསར་དུ་བསྐྲུན་པ་དང་། མིའི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཡང་གསར་དུ་བསྐྲུན་པ་ཡིན། ཞེས་གསུང་བ་གཞིན། མི་རིགས་གང་གི་རིག་གནས་ཀྱི་རྨང་གཞི་དང་། དེའི་སྒྱུ་རྩལ་གྱི་ཉིང་བཅུད་དེའང་མི་དམངས་ཀྱི་ཡུན་རིང་གི་འཚོ་བའི་ཁྲོད་ཀྱི་ངལ་རྩོལ་དང་ཁ་བྲལ་ཐབས་གཏན་ནས་མེད་པ་འདི་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་འགྱུར་ཀྱི་ཆོས་ཉིད་ཅིག་ཡིན་པས། ད་ལྟ་བོད་མི་རིགས་ཀྱི་རིག་གནས་ཀྱི་མ་ལག་ཆ་ཚང་བ་འདི་དང་། ལྷག་པར་དུ། ས་ཁྱབ་རྡོ་ཁྱབ་དུ་སོང་ཡོད་པའི་བོད་དམངས་ཁྲོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཏེ་བྱིས་པའི་བློ་འབྱེད་གཏམ་དཔེ་འདི་ལ་མཚོན་ན་ཡང་ཐོག་མ་ནས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ང་ཚོའི་མེས་པོ་རྣམས་ཀྱི་ཡུན་རིང་གི་སྤྱི་ཚོགས་འཕེལ་འགྱུར་གྱི་འཚོ་བའི་ངལ་རྩོལ་རྒྱུད་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་དང་དོན་གནས་ལུགས་ལ་བརྩི་འཇོག་བྱེད་ཆེད་གཏམ་དང་དཔེ་ཟུང་དུ་སྦྲེལ་ཏེ་བྱིས་པའི་བློ་འབྱེད་གཏམ་དཔེ་ཞེས་པའི་དམངས་ཁྲོད་རིག་གནས་ཤིག་གསར་དུ་བསྐྲུན་པ་དང་། ཉམས་མྱོང་རྒན་པོའི་ཀླད་ཤུགས་ཀྱི་ངལ་རྩོལ་བརྒྱུད་ནས་ད་གཟོད་འདི་ལྟ་བུའི་རིགགནས་ཤིག་འཚར་ལོངས་བྱུང་བ་ཡིན། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་ནི་སྤྱི་ཚོགས་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་དང་། རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན་པས་ཉི་མ་དང་བར་ཐག་ཆེས་ཉེ་བའི་བོད་ཁམས་རུ་བཞིར་འབོད་པའི་ཡུལ་ཕྱོགས་འདི་ནི་བོད་ཀྱི་གཏམ་དཔེའི་ཐོག་མའི་འབྱུང་ཁུངས་ཡིན་ལ་བོད་དམངས་ཁྲོད་ཀྱི་བྱིས་པའི་བློ་སྒོ་འབྱེད་པའི་གཏམ་དཔེའི་ཆུ་རྒྱུན་རིང་མོ་འདི་ཡང་བོད་ཁམས་རུ་བཞིར་འབོད་པའི་ཡུལ་ཕྱོགས་འདི་ནས་བོད་ཀྱི་ཡུལ་གྲུ་སོ་སོར་བཞུར་བ་ཡིན་ནོ།།
གཉིས། བྱིས་པའི་བློ་འབྱེད་གཏམ་དཔེའི་དགེ་མཚན།
བྱིས་པའི་བློ་སྒོ་འབྱེད་གཏམ་དཔེ་ནི་དྲང་ཀ་ཐད་སོར་བརྗོད་པའི་ཤུགས་སུ་གཏམ་དེ་ལ་དཔེ་སྦྱོར་བ་དང་། ཡང་ན་དཔེ་དེ་ལ་གཏམ་དྲངས་ནས་བརྗོད་པ་སོགས་གང་ལ་གང་འཚམ་གྱི་སློབ་གསོའི་དགོས་མཁོ་དང་བསྟུན་ནས་གཏམ་དེ་ལ་དཔེ་འཁྱོག་བརྗོད་ཀྱི་རྣམ་པ་གཙོ་ཡིན་ནའང་། དོན་གོ་སླ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས་ནར་མ་སོན་པའི་བྱིས་པ་རྣམས་ལ་མཚོན་ན་བློ་ཁ་དགེ་བའི་ལེགས་ལམ་ལ་འཇུག་པའི་བོད་དམངས་ཁྲོད་ཀྱི་སློབ་གསོ་བྱ་ཐབས་ཁྱད་པར་བ་ཞིག་ཡིན། བློ་འབྱེད་གཏམ་དཔེ་འདིའི་རིགས་ལ་ལོ་རྒྱུས་ཀྱི་རང་བཞིན། ཚན་རིག་གི་རང་བཞིན། གཏམ་ཚིག་གི་རང་བཞིན། དུས་རབས་ཀྱི་རང་བཞིན། ས་གནས་ཀྱི་རང་བཞིན། གྲལ་རིམ་གྱི་རང་བཞིན། ཆོས་ལུགས་ཀྱི་རང་བཞིན། སློབ་གསོའི་རང་བཞིན་སོགས་ལྡན།
ང་ཚོའི་མེས་པོ་རྣམས་ཀྱིས་ལོ་ཆུང་བྱིས་པ་ཚོའི་བསམ་བློ་དང་། ཀུན་སྤྱོད། གོམས་གཤིས་སོགས་བཟང་པའི་ལམ་ལ་འཇུག་ཆེད་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོ་རྣམས་ཀྱི་རྣར་འགྲོ་སླ་ལ། ཉན་ན་སྤྲོ་བ་སྐྱེད་པའི་སློབ་གསོ་བྱ་ཐབས་གལ་འགེངས་ཆེ་བ་དེ་དག་བོད་མི་རིགས་ཀྱི་ལོ་ཆུང་བྱིས་པ་རྣམས་ཀྱི་བསམ་བློའི་བྱེད་སྒོ་སྤེལ་བའི་འཚོ་པའི་གོམས་སྲོལ་ཞིག་ཏུ་བསྐྲུན་པ་དང་། གོམས་སྲོལ་དེ་ནི་མི་རིགས་ཀྱི་བསམ་པའི་འཁྱེར་སོ་དང་མཐུན་ལ་ཁོར་ཡུག་གི་ཆ་རྐྱེན་དང་ཡང་ཤིན་ཏུ་མཐུན། མི་རིགས་ཤིག་གསོ་སྐྱོང་བྱེད་པ་དང་། རིག་གནས་ཤིག་འཕེལ་རྒྱས་སུ་གཏོང་དགོས་ན་བྱིས་པའི་སློབ་གསོ་གནད་དུ་འཛིན་པ་དེ་ཡིན་ལ་བྱིས་པའི་སློབ་གསོ་གཏོང་སྟངས་ནི་བྱིས་པའི་བསམ་པའི་འཁྱེར་སོ་དང་བསྟུན་པ་ལས་དེང་རབས་སློབ་གསོ་ཞེས་མི་རིགས་གཞན་པའི་སློབ་གསོ་གཏོང་སྟངས་དེ་ཁོ་ན་སྤྱད་ན་སློབ་གསོའི་འབྲས་བུ་ཆེན་པོ་ཐོབ་མི་སྲིད། དེ་བས་མི་རིགས་རང་གི་སློབ་གསོ་གཏོང་སྟངས་དེ་བྱིས་པའི་སློབ་གསོ་ལ་མེད་དུ་མི་རུང་བ་ཞིག་ཡིན་པས། བོད་ཀྱི་རིགས་གནས་སློབ་གསོ་ལ་ནུས་པ་གལ་ཆེན་ཞིག་ཐོནཡོད་པའང་ར་སྤྲོད་བྱེད་ཐུབ།
གསུམ། བློ་སྒོ་འབྱེད་པའི་གཏམ་དཔེའི་རིགས་དབྱེ་བ།
༡.ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར།
ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། ལྷག་པར་དུ་དུས་རབས་ཉེར་གཅིག་པར་མཚོན་ན་ལས་དོན་དེ་ནི་འཛམ་གླིང་སྟེང་གི་མ་གྱུར་སེམས་ཅན་ཐམས་ཅད་ཉེན་ཁ་ལས་སྐྱོབ་པ་དང་། བདེ་ལྡན་གྱི་ཞིང་ཁམས་ཤིག་བསྐྲུན་པའི་ལས་དོན་རླབས་ཆེན་ཞིག་ཡིན་པས་གོ་ལ་ཟླུམ་པོའི་རྒྱལ་ཁབ་སོ་སོས་ཀྱང་དུས་རབས་ཉི་ཤུ་པའི་དུས་མཇུག་དང་། དུས་རབས་ཉེར་གཅིག་པའི་དུས་མགོ་ནས་བཟུང་སྟེ་ཁོར་ཡུག་ནི་རང་ནི་གཞི་ཁྱིམ་ཡིན་ཞེས་པའི་བཤད་བརྗོད་སྤེལ་ནས་འདིའི་ཕྱོགས་ལ་ལུས་ཤུགས་དང་རྒྱུ་ཤུགས་ཚད་མེད་གཏོང་བཞིན་པ་འདིའང་སྔ་མ་སྔ་མའི་རང་བྱུང་ཁོར་ཡུག་གི་སྐྱེས་དངོས་དང་། རི་སྐྱེས་སྲོག་ཆགས་སོགས་གསོད་གཏུབ་སློག་གསུམ་གྱི་རྨ་ཁ་སླར་གསོ་བྱས་ཏེ་ཞི་བདེ་གནས་འཇམ་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་དེ་ཡིན། རང་རེའི་བོད་མི་རིགས་ལ་མཚོན་ན་ག