བོད་སྐད་ཀྱི་མིང་ཚོམ་འབྲུ་གསུམ་གཏན་འཇགས་མའི་རྣམ་གཞག་མདོར་བསྡུས།(གཉིས་པ)
གསུམ། བསྣན་གསལ་གྱི་སྒྲ།
རྣམ་གསལ་གྱི་སྒྲའི་རྐྱེན་ནི་ཚིག་དོན་གྱི་གོ་སྒྲིག་སྟངས་ཙམ་ལས་རྐྱེན་གློ་བུར་བ་ལྟ་བུའི་སྒྲ་བསྣན་དུ་མེད་པ་ཞིག་ཡིན། དེ་ཡང་གོ་བསྒྲིག་པར་བྱ་བའི་ཆ་དག་གི་སྒྲ་དོན་གྱི་ཁྱད་པར་ལས། སྒྲའི་རྣམ་པ་ནི་སྔ་མ་རྣམ་ཆ་གཅིག་རྐྱང་ཅན་གྱི་གཞི་མིང་ཞིག་དང་། ཕྱི་མ་རྣམ་ཆ་གཉིས་ལྡན་གྱི་མིང་ནི་རྐྱང་འདུས་གང་རུང་གི་མིང་ཞིག་ཡིན། སྔ་ཕྱི་དག་གི་དོན་གྱི་ཁྱད་པར་ནི་སྔ་མ་སྐབས་དོན་གཙོ་བོ་ལྟ་བུ་ལ་ཕྱི་མ་གསལ་འདེབས་སུ་བསྣན་གསབ་བྱས་པ་ལྟ་བུ་ཡིན། བརྗོད་གཞི་དང་དེའི་གསལ་འདེབས་གཉིས་ནང་ཕན་ཚུན་གྱི་འབྲེལ་ཆགས་ལུགས་ནི་གསལ་འདེབས་མ་བསྣན་ན་བརྗོད་གཞིའི་སྐབས་དོན་གསལ་ཁ་མི་ཡོང་བས་སྔ་ཕྱི་དག་འབྲལ་མི་རུང་ལ། ཆ་སྔ་ཕྱིའི་དོན་ཉེ་མཚུངས་སམ་ཉེ་ཕྱོགས་ལྟ་བུ་ཡིན་ཏེ། དེ་ལྟར་མིན་ཚེ་ཕྱི་མ་སྔ་མའི་གསལ་འདེབས་ལའང་མི་འགྲོ་བས་སོ།།
༡.གཞི་གསལ་གྱི་གསལ་བ་མིང་ཚིག་ཤས་ཆེ་བ་ཅན།
གཞི་སྔོན་ལ་ཡོད་པ་རྣམ་ཆ་གཅིག་དང་དེའི་གསལ་འདེབས་རྗེས་སུ་ཡོད་པ་རྣམ་ཆ་གཉིས་ཅན་གྱི་སྦྱོར་སྡེ་ལས་གསལ་འདེབས་ཀྱི་སྒྲ་ནི་མིང་ཚིག་ཏུ་ཤས་ཆེ་བ་ཞིག་སྟེ་དཔེར་ན། བློ་རིག་པ། ཁ་བཀོད་པ། གཏམ་སྐད་ཆ། ལས་རླུང་རྟ། ལམ་དཀར་ནག རྒྱུ་ལོངས་སྤྱོད། དཔལ་འབྱོར་བ། བཟང་ཡོན་ཏན། ཡག་མོ་སྒོ། སྨན་བུ་མོ། སྟག་ཤ་ར་ལྟ་བུར་གྲུབ་ཆ་སྔ་གཞུག་དོན་ཉེ་ཞིང་རྗོད་པ་སྡེབ་སྦྱོར་ཕྱོགས་ནས་གཏན་ཆགས་ཅན་ཡིན།
༢.གཞི་གསལ་རྣམ་ཆར་སྒྲའི་མཐུན་སྦྱོར་ཡོད་པ་ཅན།
དེ་ནི་བསྣན་གསལ་གྱི་སྒྲ་མཐུན་རིགས་དང་པོ་གཞིར་བཞག་པའི་སྔ་གཞུག་གི་སྒྲར་མཐུན་ཉེའི་སྡེབ་ཀ་ཡོད་པ་ཞིག་སྟེ་དཔེར་ན། སེམས་བསམ་པ། ཁ་ཁོག་པ། ལས་ལ་རྒྱ། བྱ་སྤྱོད་པ། རོགས་རམ་འདེགས། ལག་ལས་ཀ ཟས་ཟ་མ། གཟུགས་བཟོ་ལྟ། རྩྭ་རྩི་ཏོག་ལྟ་བུ་གྲུབ་ཆ་དང་རྗོད་པ་སྡེབ་སྦྱོར་ཕྱོགས་ནས་གཏན་ཆགས་ཅན་ཡིན་པའོ།།
༣.གཞི་གསལ་གྱི་གསལ་བ་ལ་རྒྱན་ཚིག་ཞུགས་པ་ཅན།
དེ་ནི་གསལ་བ་འབྲུ་གཉིས་མ་ལ་ཁྱད་ཆོས་རྗོད་པའི་མིང་ངམ་རྒྱན་ཚིག་ཞུགས་ཡོད་པ་ཞིག་སྟེ་དཔེར་ན། རྫ་ཁྲ་ཡག མཛོ་ཁྱུང་དཀར། སྟག་འཛུམ་དྲུག རྒོད་ཐང་དཀར། ས་དོག་མོ། དགུང་ཨ་སྔོན། རྡོ་གོར་མ་ཞེས་པ་ལྟ་བུའོ།།
༤.གཞི་གསལ་ལྡོག་རྗོད་མ།
དེ་ནི་བསྣན་གསལ་གྱི་སྒྲ་རིགས་གསུམ་པའི་གཞི་གསལ་རྗོད་པ་མགོ་རྔ་བརྗེས་པ་ཞིག་སྟེ་དཔེར་ན། དམར་ཡག་སྟག གཡང་དཀར་ལུག ཁྱུང་དཀར་མཛོ། ཨ་སྔོན་དགུང་། དོག་མོ་ས། འདོ་རིགས་རྟ། གོར་མ་རྡོ། དྲིན་ཆེན་མ་ཞེས་པ་སོགས་ལྟ་བུའོ།།
བཞི། རྣམ་རྗོད་ཀྱི་སྒྲ།
དངོས་པོའི་འགུལ་སྐྱོད་དམ་གཡོ་འགུལ་གྱི་རྣམ་པ་མཚོན་པའི་ཐ་སྙད་དེ། ཐ་སྙད་དེ་རིགས་ཀྱི་སྒྲ་གཙོ་བོ་སྒྲའི་རྣམ་འགྱུར་ལ་བརྟེན་ནས་བྱུང་བ་ཞིག་ཡིན། འདིའི་སྐབས་ཀྱི་དངོས་པོ་སྟེ་འགུལ་སྐྱོད་གྱི་གཞི་ནི་གཟུགས་དང་སྒྲ་དང་དྲི་སྟེ་བེམ་པོའི་རིགས་ཀྱི་དངོས་པོ་ཡིན་ལ་དེའི་གཏན་ཚིགས་སམ་ཆོས་ཉིད་ལྟར་ན་རོ་དང་རེག་བྱའི་སྐོར་གྱི་རྣམ་སྒྲའང་ཡོད་དགོས་པ་ཡིན་ཀྱང་། རྣམ་སྒྲ་འཕེལ་སོ་ཆེ་བ་ནི་གཟུགས་ཀྱི་སྐོར་དང་དེ་ནས་སྒྲ་དང་དྲི་ཡིན་ལ། རོ་དང་རེག་བྱའི་སྐོར་གྱི་རྣམ་སྒྲ་ཉུང་བར་སྣང་། དེ་ལ་རྐྱེན་མི་འདྲ་བ་འགའ་ཡོད་དེ།
༡.རྐྱེན་ཐྰ་ཐྰ་ཕྱི་འབྲང་ཅན།
རྐྱེན་གྱི་དོན་ཏེ། ཐྰ་ནི་གཞི་མིང་གི་མཐའ་རྟེན་དེ་ལ་དབྱངས་གཞི་མིང་གི་དབྱངས་གང་ཡིན་ཞུགས་པའི་རྗོད་དོད་ཡིན་ལ་ཟློས་པའི་ཚུལ་དུ་བྱུང་བས་ཐྰ་ཐྰ་དང་དེ་དག་གཞི་མིང་གི་མཇུག་ཏུ་ཡོད་པས་ཕྱི་འབྲང་ཅན་ཞེའོ།། དཔེར་བརྗོད་ལ། ཐར་ར་ར། འཛར་ར་ར། ཤར་ར་ར་སོགས་ལྟ་བུ་ཡིན་ཀྱང་། ཁ་སྐད་དུ་དར་སོ་ཡོད་པ་ནི་གཞི་མིང་གི་མཐའ་རྟེན་གྱི་སྒྲ་ཟུར་ཆག་པ་ཞིག་ཡིན་པ་དཔེར་ན། ཐ་ར་ར། འཛའ་ར་ར། ཤ་ར་ར། ཙ་ར་ར། འདའ་ར་ར། འཆའ་ལ་ལ། ཐ་ལ་ལ་སོགས་དབྱངས་ཨ་ཞུགས་པ་ཅན་དང་། ལྡི་རི་རི། དི་རི་རི། ཀྱི་ལི་ལི། སི་ལི་ལི། ཉིལ་ལི་ལི་སོགས་དབྱངས་ཨི་ཞུགས་པ་ཅན་དང་། ཀྱུ་རུ་རུ།&n