༄༅། །ཀན་ལྷོ་རྨ་ཆུའི་སྐད་གཉིས་སློབ་གསོའི་གནས་བབ་དང་འཕེལ་ཕྱོགས་སྐོར་གླེང་བ།
རྩོམ་པ་པོ།:ལྷ་མོ་སྒྲོན།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-20
ཀློག་གྲངས།:
༄༅། །ཀན་ལྷོ་རྨ་ཆུའི་སྐད་གཉིས་སློབ་གསོའི་གནས་བབ་དང་འཕེལ་ཕྱོགས་སྐོར་གླེང་བ།
ལྷ་མོ་སྒྲོན།
ནང་དོན་གནད་བསྡུས། སྤྱིར་སྐད་དང་ཡི་གེ་ནི་མི་རིགས་དེའི་མཚོན་དོན་གཙོ་བོ་ཡིན་ལ། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་དེའི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། ཆོས་ལུགས། ལོ་རྒྱུས་བཅས་ཀྱི་རྒྱུན་འཛིན་བྱེད་དུ་གྱུར་ཡོད། སྐད་གཉིས་སློབ་གསོ་ནི་མི་རིགས་སློབ་གསོའི་གྲུབ་ཆ་གཙོ་བོ་ཡིན་ལ། སྐད་གཉིས་སློབ་གསོ་དེ་ཡུན་ནས་ཡུན་དུ་དར་རྒྱས་གོང་འཕེལ་འགྲོ་དགོས་ན། རང་ལྟ་མཆོག་འཛིན་དང་། མ་ཤེས་རྨོངས་ཚོད་མི་བྱེད་པར། སྔོན་ཐོན་མི་རིགས་ཀྱི་སློབ་གསོ་ལ་སློབ་སྦྱོང་དང་བརྟག་དཔྱད་སྒོས་མི་རིགས་དང་ས་གནས་ལ་ཕན་པའི་སྐད་གཉིས་བསྒྲུབ་རྒྱུ་ནི་དོན་དམ་པ་ཡིན། དེའི་ཕྱིར་དཔྱད་རྩོམ་འདིར་གཙོ་བོ་མདོ་སྨད་རྨ་ཆུ་ས་ཆར་སྐད་གཉིས་སློབ་གསོ་ལག་ལེན་བྱས་པའི་བརྒྱུད་རིམ་དང་མ་འོངས་འཕེལ་ཕྱོགས་བཅས་ཡུལ་དངོས་བརྟག་དཔྱད་ཀྱི་རྒྱུ་ཆ་དང་འབྲེལ་ཡོད་གཞུང་ལུགས་ཟུང་འབྲེལ་སྒོས་དཔྱད་པ་བྱས་ཡོད།གནད་ཚིག རྨ་ཆུ། སྐད་གཉིས་སློབ་གསོ། གནས་བབ། འཕེལ་ཕྱོགས།
གླེང་གཞི།
འཛིན་མའི་དཀྱིལ་ཁོར་ཡངས་པོ་འདིར་འཚོ་ཞིང་གནས་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་ཚང་མར་རང་རང་གི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོ་རེ་ཡོད་ལ།སོ་སོའི་ཁྱད་ཆོས་མངོན་པར་མཚོན་ཞིང་མཚར་ཉམས་དང་ལྡན་པའི་རིག་གནས་ཡང་ཕུན་སུམ་ཚོགས་པ་རེ་ཡོད། དེ་ལས་སྲོལ་རྒྱུན་རིག་གནས་ནི་མི་རིགས་དེའི་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་མཐའ་དག་གྲུབ་པའི་རྨང་གཞིའམ་རྩ་བ་ཡིན། མི་རིགས་དེའི་རིག་གནས་ཀྱི་ཁྱབ་ཁོངས་སུ་གྱུར་བའི་རྩོམ་རིག་དང་ཆོས་ལུགས། མཚན་ཉིད་རིག་པ། སྤྱི་ཚོགས་རིག་པ། ལོ་རྒྱུས་སོགས་ལ་ཕྱོགས་ཡོངས་ནས་བསམ་གཞིགས་དང་ཞིབ་འཇུག་བྱེད་སྐབས། ཐོག་མར་སྲོལ་རྒྱུན་རིག་གནས་ནས་མགོ་བརྩམས་དགོས་པ་ནི་ལྡོག་ཏུ་མེད་པའི་བྱ་བ་ཞིག་ཡིན། དེ་དང་ཆབས་ཅིག དེང་རབས་རིག་གནས་ཁྲོད་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ཚུར་འདྲེན་པ་དང་མི་རིགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་སྐད་གཉིས་ཤེས་ལྡན་མི་སྣའི་དགོས་མཁོ་ཆེ་རུ་ཕྱིན་ལ་སྤྱི་ཚོགས་ཐོག་ཀུན་གྱིས་བརྩི་འཇོག་ཀྱང་མི་དམན་པ་ཐོབ་ཡོད་པས་སྐད་གཉིས་སློབ་གསོ་ནི་དེང་རབས་རིག་གནས་ལ་བལྟ་བྱེད་ཀྱི་མིག་ལྟ་བུ་ཡིན་སོང་།བོད་དུ་སྐད་གཉིས་སློབ་གསོའི་ལམ་ལུགས་དར་ནས་དུས་རབས་ཕྱེད་ལྷག་འགོར་ཡོད་ཅིང་སྐད་གཉིས་སློབ་གསོའི་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། འོན་ཀྱང་ས་གནས་བྱེ་བྲག་བ་སོ་སོའི་སྐད་གཉིས་སློབ་གསོའི་གནས་བབ་ལ་ཆེད་དུ་བརྟག་དཔྱད་ཞིབ་འཇུག་གི་འབྲས་བུ་ཉུང་བས། འདིར་ཆེད་དུ་ཀན་ལྷོ་རྨ་ཆུའི་སྐད་གཉིས་སློབ་གསོའི་གནས་བབ་དང་འཕེལ་ཕྱོགས་སྐོར་བརྗོད་གཞིར་བཟུང་།
དང་པོ། རྨ་ཆུ་ས་ཆའི་སྐད་གཉིས་སློབ་གསོའི་བྱུང་བ།
རྨ་ཆུ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཕྱོགས་དང་། སི་ཁྲོན། ཀན་ལྷོ། མཚོ་སྔོན་གསུམ་གྱི་འདྲེས་མཚམས་ན་ཡོད་པའི་འབྲོག་སྡེ་ཆེན་པོ་ཞིག་ཡིན་ལ། རྨ་ཆུ་ལ་མཚོན་ན་སྔོན་ཆད་ཚོ་བ་སུམ་ཅུ་ལྷག་ཡོད་མོད། དེང་སྐབས་ཡུལ་ཚོ་རུ་བསྒྱུར་ནས་བསྡོམས་པས་ཡུལ་ཚོ་བདུན་ཙམ་ཡོད། དེ་དག་ནི་ཉིན་མ་གྲོང་རྡལ་དང་། དངུལ་རྭ་ཡུལ་ཚོ། དབལ་བན་ཡུལ་ཚོ། མུར་བྱེག་ཡུལ་ཚོ། ཆུ་ཁ་མ་ཡུལ་ཚོ། མཚེ་རུ་མ་ཡུལ་ཚོ། སྨད་མ་ཡུལ་ཚོ་བཅས་ཡིན། དེ་གར་འབྲོག་ལས་གཙོ་བོ་ཡིན་ཞིང་། ལོ་གཅིག་གི་དུས་ཚིགས་བཞི་བོར་རྩྭ་ཆུའི་འཕེལ་འགྲིབ་དང་བསྟུན་ནས་གནས་སྤོ་བྱེད། དེ་མིན་སྲོལ་རྒྱུན་རིག་གནས་ཀྱི་རྫོང་མཐུག་ཅིང་། ལྷག་པར་འབྲོག་རའི་རིག་གནས་མ་ལག་ཆ་ཚང་གནས་ཡོད། དཔེར་ན། ཆོས་ལུགས་བྱེད་སྒོ་དང་རྟ་རྒྱུགས་འགྲན་ཚོགས། གླུ་གཞས་སྒྱུ་རྩལ། དམངས་ཁྲོད་གཉེན་སྟོན་སོགས་མང་བོ་ཡོད། ཚན་རྩལ་དར་སྤེལ་བྱས་པ་དང་བསྟུན། རྨ་ཆུའི་སྤྱི་ཚོགས་དང་འཚོ་བར་ཕྱོགས་ཡོངས་ནས་འཕེལ་རྒྱུས་བྱུང་།རྨ་ཆུའི་མངའ་ཁོངས་སུ་ཐོག་མར་བཙུགས་པའི་བཅའ་སྡོད་སློབ་གྲྭ་ནི་རྨ་ཆུ་རྫོང་སྨད་མ་ཞང་བཅའ་སྡོད་སློབ་གྲྭ་ཡིན་ལ། དེ༡༩༥༨ལོར་བཙུགས་པ་དང་། དང་ཐོག་རྨ་ཆུ་རྫོང་སྨད་མ་སློབ་ཆུང་ཟེར། ༡༩༧༩ལོའི་དཔྱིད་ཀར་བཅའ་སྡོད་སློབ་གྲྭར་བསྒྱུར། སློབ་གྲྭ་དེ་མཚོ་ངོས་ལས་སྨི༣༣༠༠ལྷག་གི་ཁྲོ་ཁོ་རྩྭ་ཐང་དུ་བཙུགས་ཡོད་ལ། ཁྱོ་ཁོ་བ་ཚེ་རིང་རྡོ་རྗེས་བརྩམས་པའི«མདོ་སྨད་ཁྱོ་ཁོའི་ལོ་རྒྱུས»[1]སུ་རྨ་ཆུ་རྫོང་སྨད་མ་ཞང་བཅའ་སྡོད་སློབ་གྲྭ་ནི་རྨ་ཆུ་རྫོང་མཁར་ནས་སྤྱི་ལེ༧༠ཙམ་གྱི་སར་ཆགས་ཡོད་པ་བསྟན་ཞིང་། སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༡༥༠༠ལྷག་ཡོད། ཡིག་ངོས་སུ་འཁོད་པ་ལྟར་ན། ༡༩༨༧ལོར་སློབ་མ༢༥༣ཡོད་པ་དང་། དེ་རུ་དགེ་རྒན་དང་ཕྱུགས་རྫི། འོ་མ་བཞོ་མཁན། ཇ་མ་བཅས་བསྡོམས་པས་ལས་བཟོ་བ༤༠ཡོད། སློབ་གྲྭར་འཛིན་གྲྭ༧ཡོད་པ་དང་། འཁྲིད་བྱའི་ནང་དོན་ལ་སྐད་ཡིག་དང་རྩིས་རིག རྒྱའི་སྐད་ཡིག བསམ་བློ་ཀུན་སྤྱོད། ལུས་རྩལ། རོལ་དབྱངས་དང་མཛེས་རིས་སོགས་བསླབ་ཚན༧ཡོད། སློབ་གྲྭར་ད་དུང་ན་གཞོན་བཟོ་ལས་སྦྱོང་མཁན་དང་ཡིག་རྨོངས་འཛིན་གྲྭ་གཅིག་ཡོད་པ་དང་། འཛིན་གྲྭ་དེར་སློབ་མ༢༢ཡོད། སྨད་མ་ཞང་སྲིད་གཞུང་གིས་མཐོང་ཆེན་དང་རྒྱབ་སྐྱོར་ཚད་མེད་གནང་བ་མ་ཟད། ས་གནས་ཀྱི་སྤྲུལ་སྐུ་སྐལ་བཟང་འཕྲིན་ལས་ལགས་སློབ་གྲྭའི་མཚན་འཛིན་སློབ་དཔོན་དུ་བསྐོས་པ་སོགས་ཐབས་མཁས་ཀྱི་སྒོ་ནས་སློབ་གྲྭའི་བྱ་བར་ཤུགས་བསྣན་པས།བྱིས་པ་སློབ་གྲྭར་འགྲོ་ཚད་དང་སྦྱངས་འབྲས་སོགས་ཚད་ལྡན་དུ་གྱུར། རིག་གནས་གསར་བརྗེའི་རྗེས་ནས་རྨ་ཆུ་རུ་སྐད་གཉིས་སློབ་གསོའི་བྱ་བ་དེ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟ་བུའི་རྣམ་པ་ཤར། དེའི་ཕྱིས་སུ་རྨ་ཆུ་རུ་ཆུ་ཁ་མ་ཞང་བཅའ་སྡོད་སློབ་གྲྭ་དང་དབལ་བན་ཚང་ཞང་བཅའ་སྡོད་སློབ་གྲྭ། མཚེ་རུ་མ་ཞང་བཅའ་སྡོད་སློབ་གྲྭ། དངུལ་རྭ་ཞོལ་མ་བཅའ་སྡོད་སློབ་གྲྭ་སོགས་རིམ་གྱིས་བཙུགས་ནས་སྐད་གཉིས་སློབ་གསོའི་ལམ་ལུགས་ལག་བསྟར་བྱས། ལོ་རབས་བརྒྱད་ཅུ་ཡས་མས་སུ། རྫོང་བོད་རིགས་སློབ་ཆུང་དང་བོ་དང་མུར་བྱེག་ཞང་བཅའ་སྡོད་སློབ་ཆུང་། དངུལ་རྭ་ཞང་བཅའ་སྡོད་སློབ་གྲྭ། མཚེ་རུ་མ་ཞང་རྨེའུ་སྐོར་སྡེ་བའི་བཅའ་སྡོད་སློབ་གྲྭ་སོགས་བཙུགས། ༡༩༨༠ལོར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་བཙུགས་པ་དང་། འཁྲིད་གཞི་ཚང་མ་སྐད་གཉིས་ཀྱི་རྣམ་པས་སློབ་ཁྲིད་བྱས། དེ་ལྟར་ལོ་མང་བོ་ཕྱིན་རྗེས། སློབ་འབྲིང་དུ་སློབ་ཆུང་མཐར་ཕྱིན་སློབ་མ་མང་དྲགས་པ་སོགས་ལ་དམིགས་ཏེ་རྫོང་དུ་མཐོ་འབྲིང་རིམ་པའི་སློབ་གྲྭ་ཞིག་གསར་འཛུགས་བྱས་པ་དང་། ༢༠༡༥ལོར་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་གིས་དངོས་སུ་དམའ་འབྲིང་མཐར་ཕྱིན་སློབ་མ་བསྡུས་ནས་སྐད་གཉིས་སློབ་གསོའི་ལམ་ལུགས་ལག་བསྟར་བྱས། ད་སྐབས་རྫོང་དུ་བྱིས་གཉོར་ཁང་གསུམ་བསྐྲུན་ཞིང་། དེ་ལས་གཉིས་ཀྱིས་སྐད་གཉིས་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་ཅིང་། གཅིག་གིས་རྒྱའི་སྐད་ཡིག་ཁོ་ནའི་སྒོ་ནས་ཁྲིད་བཞིན་ཡོད། དེ་ལྟར་རྨ་ཆུ་རུ་བྱིས་གཉོར་ཁང་ནས་མཐོ་འབྲིང་རིམ་པའི་བར་གྱི་སྐད་གཉིས་སློབ་གསོའི་མ་ལག་ཆ་ཚང་ཅིག་གྲུབ་ཡོད།
གཉིས་པ། རྨ་ཆུའི་སྐད་གཉིས་སློབ་གསོའི་ད་ལྟའི་གནས་བབ།
«ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐད་གཉིས་སློབ་གསོ་དང་བོད་ཀྱི་རིག་གནས་རྒྱུད་འཛིན»[2]ལས“སྐད་གཉིས་སློབ་གསོ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ཐབས་ཤེས་གཙོ་བོ་ཡིན”ཞེས་པ་ལྟར་མི་རིགས་ཀྱི་རིག་གནས་གོང་འཕེལ་གཏོང་བར་སྐད་གཉིས་སློབ་གསོ་གནད་དུ་འཛིན་དགོས། དེང་སྐབས་རྨ་ཆུའི་སྐད་གཉིས་སློབ་གསོའི་གནས་བབ་སྔོན་དང་བསྡུར་ན་ཇེ་ལེགས་སུ་སོང་ནས་ས་གནས་ཀྱི་སློབ་གསོའི་ཁྱད་ཆོས་མངོན་པར་ཐོན་ཡོད་མོད། ཕྱོགས་ཁ་ཤས་སུ་མི་རིགས་རང་ཉིད་ཀྱི་རིག་གནས་དང་ས་གནས་ཀྱི་སློབ་གསོའི་གནས་བབ་དང་མི་མཐུན་པའི་ཆ་ཡང་ཡོད། གང་ལྟར་སྤྱི་ཚོགས་འཕེལ་རྒྱས་དང་འགྲོགས་ནས་སྐད་གཉིས་སློབ་གསོའི་གནས་བབ་ལ་འགྱུར་ལྡོག་བྱུང་ཡོད་དེ།གཅིག དགེ་རྒན་གྱི་དཔུང་སྡེའི་གནས་བབ།
རྨ་ཆུ་རུ་སྐད་གཉིས་སློབ་གསོ་དར་ནས་དུས་ཡུན་རིང་བོའི་ནང་སྐད་གཉིས་སློབ་གསོའི་ལམ་ལུགས་དེར་ཐོག་མར་དར་དུས་ཀྱི་རྣམ་པ་དང་བསྡུར་ན་འགྱུར་ལྡོག་བྱུང་ཡོད། དང་ཐོག་སློབ་གྲྭ་བཙུགས་ནས་སྐད་གཉིས་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་དུས། དགེ་རྒན་དཀོན་པ་དང་། བསླབ་ཚན་གྱི་སྒྲིག་གཞི་ཆ་མི་ཚང་བ། བསླབ་དེབ་མེད་པ་སོགས་ཀྱི་གནད་དོན་ཡོད་པས་སློབ་གྲྭའི་དགེ་རྒན་གྱི་དགོས་མཁོ་དང་སློབ་ཁྲིད་ཀྱི་དགོས་མཁོ་སོགས་ཀྱི་ཐད་དཀའ་ཁག་ལ་ཕྲད་ཡོད། དེ་མིན་སྐབས་དེའི་འབྲོག་པ་དམངས་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཅུང་དམའ་བ་དང་། ཁོར་ཡུག་གི་ཆ་རྐྱེན་ཞན་པས། བུ་ཕྲུག་ངེས་པར་སློབ་གྲྭར་འགྲོ་དགོས་པའི་བསམ་བློའི་འདུ་ཤེས་ཆགས་ཐུབ་མེད། དེའི་ཕྱིར་སློབ་གྲྭ་རུ་སློབ་མ་མང་བོ་མེད་ལ་དགེ་རྒན་ཡང་དེ་བས་ཀྱང་ཉུང་། ཕྱིས་སུ་ས་གནས་ཀྱི་སྲིད་འཛིན་མགོ་ཁྲིད་དང་སྤྲུལ་སྐུ་སྐལ་བཟང་འཕྲིན་ལས་སོགས་ཀྱིས་ཡང་ཡང་སྐུལ་བར་བརྟེན། བུ་ཕྲུག་སློབ་གྲྭར་འགྲོ་ཚད་ཇེ་མང་དུ་སོང་ལ།སློབ་གྲྭའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་། སློབ་གྲྭ་རུ་སློབ་མ་ཇེ་མང་དུ་སོང་ཚེ། དགེ་རྒན་ཁ་ཤས་ཀྱིས་ཁྲིད་རྒྱུ་དཀའ་མོ་ཡིན་པས། རྫོང་རིམ་པའི་སློབ་གསོ་ཅུས་ཀྱི་གཟིགས་སྐྱོང་འོག་དགེ་རྒན་གྱི་གྲངས་ཚད་ལོ་རེ་བཞིན་ཇེ་མང་དུ་སོང་བ་དང་སློབ་གྲྭའི་ཕྱོགས་ཡོངས་རིམ་བཞིན་ཇེ་ལེགས་སུ་ཕྱིན། དུས་རབས་ཀྱི་འགྲོས་དང་བསྟུན་ནས་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་ཡོད་ལ་སྐད་གཉིས་སློབ་གསོའི་གནས་བབ་ལའང་འགྱུར་ལྡོག་བྱུང་ཡོད་དེ། ༡༩༩༠ལོར་རྫོང་ཡོངས་སུ་སློབ་མ༡༣༩༥དང་དགེ་རྒན༨༡ཙམ་ལས་མེད་ལ། «ཀན་ལྷོ་ས་ཁུལ་གྱི་རྒྱ་བོད་སྐད་གཉིས་དགེ་རྒན་གྱི་དཔུང་སྡེའི་གནས་བབ་དབྱེ་ཞིབ་དང་ཐབས་ཇུས་ཞིབ་འཇུག»[3]ཅེས་པའི་དུས་དེབ་དུ“༢༠༡༥ལོར།རྫོངས་ཡོངས་སུ་སློབ་མ༧༥༤༣དང་དགེ་རྒན་༤༧༦ལྷག་ཡོད།”ཅེས་པ་ལས་རིམ་པ་སོ་སོའི་སློབ་གྲྭའི་དགེ་རྒན་གྱི་དཔུང་སྡེ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་པ་ཤེས་ཐུབ། དེ་བཞིན་དགེ་རྒན་གྱི་སྐད་གཉིས་ཆུ་ཚད་ཀྱང་ཅུང་མཐོ་བ་རེད། སྤྱིའི་ཆ་ནས་དེང་སྐབས་རྨ་ཆུའི་སྐད་གཉིས་དགེ་རྒན་གྱི་གྲངས་ཚད་དང་ཡོན་ཚད་གཉིས་ཀ་ཚད་ངེས་ཅན་ལ་ཐོན་ཡོད།
གཉིས། བསླབ་ཚན་གྱི་སྒྲིག་གཞིའི་གནས་བབ།
རྨ་ཆུ་རུ་སྐད་གཉིས་སློབ་གསོའི་ལམ་ལུགས་བྱུང་ནས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་དུ་བསླབ་ཚན་གྱིས་སྒྲིག་གཞིར་འགྱུར་ལྡོག་ངེས་ཅན་བྱུང་ཡོད། དང་ཐོག་བསླབ་ཚན་གྱི་སྒྲིག་གཞི་ཆ་མི་ཚང་བ་དང་བསླབ་ཚན་ཡོད་རུང་བསླབ་དེབ་དང་དགེ་རྒན་མེད་པ་སོགས་ཀྱི་དཀའ་ཁག་ཡོད། མཐོ་འབྲིང་ལ་མཚོན་ན་ཐོག་མའི་ལོ་ཁ་ཤས་ཀྱི་རིང་ལ་རིག་ཚན་དང་རྩིས་ཚན་བགར་རྒྱུ་མེད་ལ། སློབ་མ་ཚོར་རང་གི་སྦྱོང་འདོད་ཀྱི་ནང་དོན་མེད་པ་རེད། འོན་ཀྱང་། «ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་བོད་ཀྱི་དེང་རབས་སློབ་གསོའི་འཕེལ་རྒྱས་ཞིབ་འཇུག»[4]ཏུ། “༡༩༥༩ལོར། མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོ་པར་སྐྲུན་ཁང་བཙུགས་ནས་ཐོག་མར་བོད་ཡིག་གི་བསླབ་དེབ་རྩོམ་སྒྱུར་བྱས་ཤིང་། དུས་མཚུངས་སུ་སློབ་གྲྭ་ཆུང་འབྲིང་གི་རིམ་པ་སོ་སོའི་སློབ་ཁྲིད་ཀྱི་བསླབ་དེབ་དང་ཟུར་ལྟའི་རྒྱུ་ཆ་རིགས་སྟོང་ལྷག་པར་དུ་སྐྲུན།”ཞེས་བཀོད་ཅིང་། དེ་བས་ཕྱིས་སུ་རིམ་པ་སོ་སོའི་སློབ་གྲྭར་བསླབ་ཚན་གྱི་སྒྲིག་གཞི་ཆ་ཚང་བ་དང་། བསླབ་ཚན་སོ་སོར་རང་གི་བསླབ་དེབ་ཡོད་པ་མ་ཟད། ཤེས་བྱ་རྒྱ་སྐྱེད་ཀྱི་ལྷན་ཐབས་ཀྱང་མང་བོ་ཡོད། བསླབ་ཚན་གྱི་སྒྲིག་གཞི་ཆ་ཚང་དུ་གྱུར་བ་དེས་སློབ་མ་ཚོའི་སློབ་སྦྱོང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་མ་འོངས་རང་ཉིད་ཀྱི་ཆེད་ལས་ཁ་ཕྱོགས་ལ་ཤེས་བྱ་ཡི་རྨང་གཞི་བརྟན་པོ་བཏིངས་ཡོད། དེ་ལྟར་རྨ་ཆུའི་སྐད་གཉིས་སློབ་གསོ་དེ་ལོ་རེ་བཞིན་ཇེ་བཟང་དུ་སོང་ཡོད།
གསུམ། རྨ་ཆུའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་གནས་བབ།
རྨ་ཆུའི་སྐད་གཉིས་སློབ་གསོ་རུ་དགེ་རྒན་གྱི་དཔུང་སྡེ་ཇེ་མང་དང་བསླབ་ཚན་གྱི་སྒྲིག་གཞི་ཆ་ཚང་དུ་གྱུར་བ་སོགས་ལ་བརྟེན་མཐོ་འབྲིང་མཐར་ཕྱིན་སློབ་མའི་དངོས་གཞིར་རྒྱུགས་འཕྲོད་ཚད་ཇེ་ལོ་རེར་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། སྔོན་ཆད་ལྟར་ན། མཐོ་འབྲིང་མཐར་ཕྱིན་སློབ་མ་ཁ་གྲངས་ཀྱི་ཆ་ནས་མང་མོད་དངོས་གཞིར་རྒྱུགས་འཕྲོད་མཁན་ཉུང་། ཕལ་ཆེར་བ་ཆེད་སྦྱོང་སློབ་གྲྭ་རུ་འགྲོ་ཞིང། མཐར་ཕྱིན་རྗེས་ལས་ཞུགས་ཀྱི་ཚད་ཡང་ཤིན་ཏུ་དམའ། དེང་སྐབས་རྨ་ཆུའི་མཐོ་འབྲིང་མཐར་ཕྱིན་སློབ་མའི་རྒྱུགས་འཕྲོད་ཚད་སྔོན་དང་བསྡུར་ན་ཅུང་ཇེ་མཐོར་སོང་ཡོད། མཐོ་འབྲིང་མཐར་ཕྱིན་སློབ་མའི་ཁྲོད་མིང་གྲགས་ཆེ་བའི་མི་རིགས་སློབ་ཆེན་དུ་འཕྲོད་མཁན་ཅུང་ཟད་མང་བ་དང་། དངོས་གཞི་ནས་རབ་འབྱམས་པ་དང་འབུམ་རབས་པ་བཅས་རེ་རེར་བཞིན་བཏོན་ནས་བྱ་བ་ཞུགས་མཁན་ཡང་འགའ་རེ་ཡོད། ཁོང་ཚོ་མཐར་ཕྱིན་རྗེས་ལ་ལ་ཕྱིར་རྨ་ཆུར་ལོག་ནས་སློབ་གསོའི་བྱ་གཞག་ལ་འབད་པ་དང་ལ་ལས་སློབ་ཆེན་དུ་དགེ་རྒན་ཆེན་མོའི་བྱ་བའི་གཉེར་བཞིན་ཡོད། དེ་མིན་དངོས་གཞི་དང་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཕྱིར་རྨ་ཆུ་རུ་ལོག་ནས་མི་དམངས་སྲིད་གཞུང་དང་སློབ་གསོ་ལས་ཁུངས།མི་དམངས་སྨན་ཁང་། རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སུ་བྱ་བར་ཞུགས་མཁན་ཡང་ཡོད། སྤྱི་ཚོགས་ཐོག་དགེ་རྒན་གཙོ་བྱས་པའི་ལས་ཁུངས་སོ་སོའི་བོད་མི་རྣམས་ཀྱི་སྐད་གཉིས་ཆུ་ཚད་སྔོན་དང་བསྡུར་ན་མཐོ་བ་མ་ཟད། ཆེད་ལས་ཀྱི་ཁྱབ་ཁོངས་སུ་བྱ་བ་གང་ཞིག་བསྒྲུབ་ཀྱང་རང་གི་ཆུ་ཚད་ཀྱིས་ཐེག་ནུས་ལ་འབྲོག་པ་དམངས་ཚོགས་ལ་སྤྱི་ཚོགས་ཞབས་ཞུ་གང་མང་མཁོ་འདོན་བྱས་ཡོད། སྐད་གཉིས་སློབ་གསོ་འཕེལ་རྒྱས་སོང་ཕྱིར། རྨ་ཆུའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད་ཇེ་མཐོར་སོང་ཞིང་མི་དམངས་ཀྱི་འཚོ་བར་ཕན་བདེ་གང་མང་སྐྲུན་བཞིན་ཡོད།
གསུམ་པ། རྨ་ཆུའི་སྐད་གཉིས་སློབ་གསོའི་མ་འོངས་འཕེལ་ཕྱོགས་སྐོར་གྱི་བསམ་གཞིག
ད་ལྟའི་རྨ་ཆུའི་སྐད་གཉིས་སློབ་གསོར་གོང་གི་དགེ་མཚན་དག་ཡོད་པ་མ་ཟད། ད་དུང་སྐྱོན་ཆའང་ཆེ་བས། ད་ལྟའི་དཔལ་འབྱོར་དུས་རབས་ཀྱི་དགོས་མཁོར་ཡོངས་སུ་མཐུན་ཐུབ་པ་ཞིག་མ་ཡིན། བྱ་བ་ཆེ་ཆུང་གང་དང་གང་ཞིག་ཡིན་ཡང་གྲུབ་འབྲས་ནི་འདས་པའི་ལས་དོན་ལ་ཁས་ལེན་བྱེད་པའི་མཚོན་རྟགས་དང་། མ་འོངས་པའི་ལས་དོན་ལ་མཛུབ་སྟོན་བྱེད་པའི་གཞི་འཛིན་ས་ཡིན་པ་ལས། མ་འོངས་བའི་རྒྱལ་ཁར་བརྩི་ཐབས་མེད་པ་ཀུན་གྱིས་ཤེས་གསལ་རེད། རྨ་ཆུའི་མ་འོངས་པའི་སྐད་གཉིས་སློབ་གསོའི་འདབ་བརྒྱ་རྣམ་པར་བཞད་དགོས་ཚེ། ངེས་པར་བཅོས་སྒྱུར་དང་གསར་གཏོད་གང་ལེགས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་འགན་འཁྲི་ཞིག་རེད། དེ་བས་རྨ་ཆུའི་སྐད་གཉིས་སློབ་གསོ་གོང་འཕེལ་སྐོར་གྱི་བསམ་གཞིག་འགའ་ཤས་བརྗོད་པར་བྱ་སྟེ།གཅིག རྒྱལ་ཡོངས་དང་བོད་ཁུལ་གྱི་སྐད་གཉིས་སློབ་གསོ་བཅོས་བསྒྱུར་བྱེད་པའི་དུས་བབ་དང་བསྟུན་དགོས།
རྨ་ཆུའི་སྐད་གཉིས་སློབ་གསོས་བོད་ཁུལ་དང་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་གསོ་བཅོས་བསྒྱུར་བྱེད་པའི་དུས་བབ་ལ་གཞིགས་ནས་དབྱེ་ཞིབ་བྱ་རྒྱུ་ནི་མཐར་ཐུག་རྒྱལ་ཡོངས་དང་བོད་ཁུལ་གྱི་སློབ་གསོ་འབྲེལ་མཐུད་བྱ་ཐུབ་མིན་དང་། རྒྱལ་ཡོངས་དང་བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་ཐད་བཅོས་སྒྱུར་བྱེད་པའི་ཕྱོགས་སུ་མཉམ་སྐྱོད་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་འབྱུང་ཐུབ་མིན་ལ་རག་ལས་པ་རེད། «བོད་ཡུལ་སློབ་གསོའི་མུ་སྤེལ་འཐུས་པའི་འཕེལ་རྒྱས་ཀྱི་རྣམ་བཤད»[5]རུ“ཚོང་རའི་དཔལ་འབྱོར་གྱི་བླང་བྱ་དང་འཚམ་པ་དང་། དུས་རབས་ཉེར་གཅིག་པའི་འཕེལ་རྒྱས་ཡོང་དགོས་པའི་བླང་བྱ་དང་འཚམ་པའི་སློབ་གསོ་འཕེལ་རྒྱས་སྐོར་གྱི་རིགས་གཞུང་གསར་བ་འཚོལ་དགོས་པ་དང་། བཀོལ་བདེ་བའི་ཉམས་མྱོང་གསོག་འཇོག་བྱེད་དགོས”ཅེས་པ་ལྟར། ད་ལྟ་ཐོབ་པའི་གྲུབ་འབྲས་དང་བྱེད་ཐབས་ལེགས་པོ་རྒྱུན་འཁྱོངས་དང་ལེགས་བཅོས་བྱ་དགོས་བ་མ་ཟད། ཞན་ཆ་དང་སྟོང་ཆའི་སྐོར་ལ་རྒྱལ་ཡོངས་དང་བོད་ཁུལ་གྱི་བྱེད་ཐབས་ལེགས་པོ་གང་བྱུང་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ་རྨ་ཆུའི་སྐད་གཉིས་སློབ་གསོའི་ལས་དོན་བཅོས་བསྒྱུར་དང་གསར་གཏོད་བྱ་དགོས།
གཉིས། རྒྱུན་ལྡན་གྱི་སློབ་ཁྲིད་ལ་དོ་དམ་ཡག་པོ་བྱ་དགོས།
རྒྱུན་ལྡན་གྱི་དོ་དམ་དང་རྒྱུན་ལྡན་གྱི་སྒྲིག་སྲོལ་ནི་སློབ་གྲྭ་གང་ཞིག་ཡིན་རུང་སློབ་གསོ་དང་སློབ་ཁྲིད་གྱི་ལས་དོན་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གཙོ་བོ་ཞིག་ཡིན། ཀྲུང་གོའི་དགེ་རྒན་ཆེན་མོ་ཡུའུ་ཡུང་ཀྲིན་[6]གྱིས“སློབ་ཁྲིད་ལ་སྒྲིག་ལམ་འཇོག་དགོས་ཏེ། བྱིས་པའི་རང་གཤིས་ནི་རང་སྣང་གང་ཤར་ཡིན་པས། ལ་ལ་སྐད་ཅིག་ཙམ་ལ་ཡང་སྡོད་མི་ཚུགས། དེ་བས་ངེས་པར་ཁོང་ཚོར་སློབ་ཁྲིད་ཀྱི་སྒྲིག་ལམ་འཇོག་དགོས། ཁོང་ཚོར་སློབ་ཁྲིད་དུས་ཇི་ལྟར་བྱ་དགོས་པ་དང་། གང་ཞིག་བསྒྲུབ་མི་རུང་བ། དགེ་རྒན་གྱིས་ཆད་པ་ཇི་ལྟར་གཅོད་རྒྱུ་སོགས་ཀྱི་སྡོམ་ཁྲིམས་འཇོག་དགོས”ཞེས་གསུངས་པ་ལྟར། དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་བྱེད་པའི་ཡུན་ཚད་དང་དམིགས་ཚད་ལ་བསྟུན་ནས་སློབ་ཁྲིད་ཀྱི་འཆར་གཞི་ལེགས་པོ་ཞིག་འགོད་དགོས་པ་དང་། སློབ་མའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་ཁྲིད་ཀྱི་མྱུར་ཚད་བཀོད་སྒྲིག་བྱེད་དགོས།སློབ་ཁྲིད་སྐབས་ཀྱི་སྒྲིག་ལམ་ལ་ཤུགས་སྣོན་དགོས་ལ། སློབ་པ་དང་སྦྱོང་བ་གཉིས་ཟུང་འབྲེལ་གྱིས་སློབ་མས་སློབ་སྦྱོང་གི་གོ་རིམ་དུ་འཁྲིད་བྱའི་ནང་དོན་ཡིད་ལ་འཇོག་དགོས།
གསུམ། དགེ་རྒན་གྱི་དཔུང་སྡེ་འཛུགས་བསྐྲུན་ལ་ཤུགས་སྣོན་དགོས།
སྤྱི་ཚོགས་ཀྱི་རིག་གནས་དང་དཔལ་འབྱོར། ཆབ་སྲིད་སོགས་གོང་འཕེལ་གཏོང་བར་སློབ་གསོ་མེད་མི་རུང་ཞིང་། སློབ་གསོ་གོང་འཕེལ་གཏོང་བར་དགེ་རྒན་མེད་མི་རུང་བས། དགེ་རྒན་གྱི་དཔུང་སྡེ་བཙུགས་ནས་སློབ་གསོའི་མ་ལག་ཁྲོད་ཀྱི་ཕྱོགས་སོ་སོ་དོ་མཉམ་ཡོང་བར་བྱ་དགོས། སློབ་གྲྭའི་སྐད་གཉིས་སློབ་ཁྲིད་ལེགས་འགྲུབ་འབྱུང་ཐུབ་མིན་དེ་ཐད་ཀར་སྐད་གཉིས་དགེ་རྒན་གྱི་དཔུང་སྡེ་འཛུགས་རྒྱུར་རག་ལས་ཤིང་། དེ་ལས་ཀྱང་དགེ་རྒན་གྱི་གྲངས་ཚད་དང་ཡོན་ཚད་ལ་རག་ལས། དེ་མིན་སྐད་གཉིས་དགེ་རྒན་གྱི་སློབ་གསོ་མྱངས་པའི་ཆུ་ཚད་དང་སློབ་ཁྲིད་ཀྱི་ནུས་པ།སློབ་ཁྲིད་བྱེད་ཐབས། རིན་ཐང་ལྟ་བ། རྣམ་འགྱུར་སོགས་ཀྱིས་ཐད་དཀར་སློབ་མའི་སྦྱངས་འབྲས་ལ་ཤུགས་རྐྱེན་བཟོ་བས། ཐོག་མར་ཡུལ་བབ་དང་བསྟུན་ནས་དགེ་རྒན་གྱི་གྲངས་ཚད་ལ་ཤུགས་སྣོན་དགོས། གྲངས་ཉུང་མི་རིགས་ས་ཁུལ་དུ་སློབ་གསོའི་གནས་བབ་དམིགས་བསལ་ཅན་ཡིན་པས་སྐད་གཉིས་དགེ་རྒན་གྱི་དཔུང་སྡེ་འཛུགས་རྒྱུ་ནི་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་འགག་རྩ་ཡིན། དེང་སྐབས་སྐད་གཉིས་དགེ་རྒན་གྱི་ཤེས་བྱའི་ཆུ་ཚད་ཇེ་མཐོ་དང་ཤེས་བྱའི་སྒྲིག་གཞི་ཕུན་སུམ་ཇེ་ཚོགས་གཏོང་ཆེད་སློབ་གྲྭས་དགེ་རྒན་གྱི་ཟབ་སྦྱོང་སྤེལ་ནས་དགེ་རྒན་དག་གི་ཡོན་ཚད་མུ་ནས་མུ་རུ་གོང་འཕེལ་གཏོང་རྒྱུ་གལ་ཆེའོ།།
བཞི། སྐད་གཉིས་སློབ་གསོའི་ཞིབ་འཇུག་བྱ་བར་དོ་སྣང་བྱ་དགོས།
སློབ་གསོའི་བྱ་གཞག་ནི་ལག་ལེན་དང་གཞུང་ལུགས་ཟུང་འབྲེལ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས། ངེས་པར་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་འཆར་གཞི་ལེགས་པོ་ཞིག་བཟོས་ཏེ། ཚན་རིག་དང་མཐུན་པའི་ལམ་ནས་ལག་བསྟར་བྱ་རྒྱུ་ཤིན་ཏུ་གལ་ཆེ། འདས་སོང་གི་ལམ་བུ་རུ་རྨ་ཆུའི་སྐད་གཉིས་སློབ་གསོར་རང་གི་ས་གནས་ཀྱི་ཁྱད་ཆོས་ཐོན་པའི་གྲུབ་འབྲས་ཐོབ་ཡོད་མོད། དེ་དག་ཁོ་ནས་མགུ་མི་གང་བར་ཡིག་ཚང་རིག་པ་དང་དྲི་ཤོག བཅར་འདྲི། ཞིབ་བསྡུར་དབྱེ་ཞིབ་སོགས་ཀྱི་ཐབས་སྤྱད་ནས་ཞིབ་འཇུག་བྱས་ན་རྨ་ཆུའི་སྐད་གཉིས་སློབ་གསོའི་གནད་དོན་དག་ཐག་གཅོད་ལ་ཕན་ཞིང་། དེ་མིན་རྒྱལ་ཡོངས་དང་བོད་ཁུལ་ལ་སློབ་གསོ་གོང་འཕེལ་གྱི་བསླབ་བྱ་དང་ཉམས་མྱོང་མཁོ་འདོན་བྱས་ཡོད།
མཇུག་བསྡུ་བའི་གཏམ།
བློ་མཐུན་ཏིན་ཞའོ་ཕིང་གིས། སློབ་གསོ་ནི་འཛམ་གླིང་ལ་ཁ་ཕྱོགས་པ་དང། དེང་རབས་ཅན་ལ་ཁ་ཕྱོགས་པ། མ་འོངས་པ་ལ་ཁ་ཕྱོགས་དགོས་ཞེས་བླང་བྱ་བཏོན་པ་བཞིན། བོད་རིགས་ས་ཁུལ་གྱི་སྤྱི་དང་། སྒོས་སུ་རང་རེའི་རྨ་ཆུ་རྫོང་གི་སྲིད་འཛིན་མགོ་འདྲེན་དང་སློབ་གསོ་སྡེ་ཁག་གི་ཤེས་ལྡན་པ་ཚོས་འཛམ་གླིང་སྤྱིའི་སློབ་གསོའི་སྒྲུབ་སྟངས་ལ་སློབ་སྦྱོང་དང་། རྒྱལ་ནང་གི་སློབ་གསོའི་གཞུང་ལུགས་དང་ལམ་ལུགས།མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་ལག་ལེན་མཐའ་འཁྱོལ་འོང་བར། སྐད་གཉིས་སློབ་གསོའི་ལས་དོན་དེ་མུ་ནས་མུ་རུ་འཕེལ་རྒྱས་གཏོང་དགོས་ལ། ངེས་པར་འདས་ཟིན་པའི་བྱ་བ་མཐའ་དག་ལ་སྤྱི་སྡོམ་དང་། ད་ལྟའི་སྐད་གཉིས་སློབ་གསོའི་གནས་བབ་ལ་དབྱེ་ཞིབ།མ་འོངས་པའི་སྐད་གཉིས་སློབ་གསོའི་ལས་དོན་ལ་འཆར་འགོད་བཅས་བྱས་ཏེ། རྒྱལ་ཡོངས་དང་བོད་ཁུལ་གྱི་ཀྱི་སྐད་གཉིས་སློབ་གསོའི་ལས་དོན་གྱི་དགོངས་དོན་དང་མཐུན་ལ། རང་ཉིད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཐུན་མོང་མ་ཡིན་པའི་སྐད་གཉིས་སློབ་གསོའི་ལམ་བུ་འཚོལ་རྒྱུ་གལ་ཆེ་ཞིང་། རང་མི་རིགས་དང་མི་རིགས་གཞན་པའི་བར་སྐད་ཡིག་དང་རིག་གནས་ཀྱི་འབྲེལ་ཟམ་བསྐྲུན་ཐུབ་རྒྱུ་ནི་སྐད་གཉིས་སློབ་གསོའི་འགན་འཁྲི་གཙོ་བོ་ཡིན་པ་དེར་འབད་དགོས་སོ།དཔྱད་གཞིའི་ཡིག་ཆ།
[1] ཁྱོ་ཁོ་བ་ཚེ་རིང་རྡོ་རྗེ། མདོ་སྨད་ཁྱོ་ཁོའི་ལོ་རྒྱུས། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2013.9 ཤ258
[2] 司睿 王恕桥 甘南藏族自治州双语教育与藏文化传承 [J] 黑龙江 边疆经济与文化 2018(11) :99-101.
[3] 杨晶晶 甘南地区藏汉双语师资现状分析及对策研究 [D] 兰州 西北民族大学 2017 .11-16.
[4] 杜生一 甘青藏族现代教育发展研究 [M] 北京 民族出版社 2006. 185-187.
[5] ཁྲོ་ཁོ་རྒྱལ་མཚན། བོད་ཡུལ་སློབ་གསོའི་མུ་སྤེལ་འཐུས་པའི་འཕེལ་རྒྱས་ཀྱི་རྣམ་བཤད། [M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014. ཤ9
[6] ཡུའུ་ཡུང་ཀྲིན།(于永正) རྒྱལ་ཡོངས་སྐད་གྲགས་ཆེ་བའི་སྐད་ཡིག་དགེ་རྒན་ཆེན་མོ། ༡༩༤༡ལོར་ཧྲན་རུང་ལའེ་ཡང་དུ་སྐུ་འཁྲུངས། ༡༩༦༢ལོར་ཞུས་ཀྲོའུ་དགེ་ཐོན་སློབ་གྲྭ་རུ་མཐར་ཕྱིན་པ་ནས་བཟུང་སློབ་ཆུང་སློབ་གསོའི་བྱ་གཞག་འགན་དུ་བཞེས།སྔ་ཕྱིར་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་ཚགས་པར་དང་དུས་དེབ་སོགས་སུ་དཔྱད་རྩོམ་བརྒྱ་ལྷག་སྤེལ་མྱོང་།
[7] སངས་རྒྱས་བཀྲ་ཤིས་དང་བཀྲ་ཤིས་སྒྲོལ་མ། ཀན་ལྷོའི་སྐད་གཉིས་སློབ་གསོ་གླེང་བ་དཔྱོད་ལྡན་དགྱེས་བའི་འཛུམ་ཟེར། [J] ཟི་ལིང་། བོད་ཀྱི་སློབ་གསོ། སྤྱིའི་དེབ༢༣༣པ།
[8] 傅千吉 甘南地区藏汉双语教育存在的问题及其发展对策 [J] 兰州 甘肃高师学报 2018,(01)
[9] 杨晓琴 甘南地区藏汉双语教师培训现状的调查与研究 [D] 兰州 兰州大学 2012.
[10] 王晓军 甘南州双语教育现状及发展途径探讨 兰州 卫生职业教育 2017,(11)
འབྲེལ་ཡོད་འོས་སྦྱོར།