logo

༄༅། །དྲྭ་ལམ་སློབ་ཁྲིད་ཁྲོད་འཕྲད་པའི་གནད་དོན་འགའ།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-27 ཀློག་གྲངས།:
༄༅། །དྲྭ་ལམ་སློབ་ཁྲིད་ཁྲོད་འཕྲད་པའི་གནད་དོན་འགའ།
བསོད་ནམས་ལྷ་མོ།

[ནང་དོན་མདོར་བསྡུས།] ཏོག་དབྱིབས་ནད་དུག་གིས་དུས་ལྟར་སློབ་མགོ་ཚུགས་མ་ཐུབ་པས་ཟླ་གཅིག་ལྷག་རིང་དྲྭ་ལམ་བརྒྱུད་ནས་གསབ་ཁྲིད་བྱས་པས་ཁྱིམ་བདག་དང་དགེ་རྒན་སློབ་མ་བཅས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དཀའ་ཁག་མང་པོར་འཕྲད་པ་དག་གཤམ་ནས་དོན་ཚན་བཞི་རུ་དབྱེ་ནས་བཤད་པར་བྱ།
[བརྡ་ཆད་གཙོ་བོ།ནད་དུག གསབ་ཁྲིད། ཁྱིམ་བདག དགེ་རྒན། སློབ་མ། 

གཅིག ཏོག་དབྱིབས་ནད་དུག་གིས་མི་སེམས་ཟང་ཟིང་དུ་བསྒྱུར་བ།
        ད་ལོ་ཝུའུ་ཧན་ས་ཆ་ནས་བྱུང་བའི་ཏོག་དབྱིབས་ནད་འདིས་མི་ཚང་མར༢༠༢༠ལོའི་ལོ་གསར་ཡག་པོ་ཞིག་ཀྱང་རོལ་མ་བཅུག་པར་མ་ཟད། ཡོད་ཚད་ཟང་ཟིང་དུ་བསྒྱུར་ཏེ་མི་སེམས་ལ་སྐྲག་སྣང་བསླངས་ཤིང་སྤྱི་ཚོགས་ཀྱི་ལས་རིགས་མང་པོར་་གྱོང་གུད་ཚབ་ཆེན་བཟོས།
གཉིས། དུས་ལྟར་སློབ་མགོ་ཚུགས་མ་ཐུབ་པའི་སེམས་ངལ།
        དེ་ཡང་སྤྱི་ལོ༢༠༢༠ལོའི་ཟླ༢ཚེས་བཅུ་ཉིན་སློབ་གྲྭའི་དབུ་ཁྲིད་རྣམས་ཀྱིས་དྲྭ་ལམ་ནས་ད་ལོ་ནད་དུག་འདི་ཚབས་ཆེ་བས་ཕལ་ཆེར་སློབ་མགོ་དུས་ལྟར་ཚུགས་མི་ཐུབ་པས་དམའ་གསུམ་དང་མཐོ་གསུམ་གྱི་དགེ་རྒན་རྣམ་པས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ནས་དྲྭ་ལམ་ནས་གསབ་ཁྲིད་བྱ་དགོས་ཞེས་བརྡ་བརྒྱབ་བྱུང་། སློབ་ཁྲིད་བྱས་ནས་ལོ་མང་པོ་ཞིག་འགོར་ཡང་དྲྭ་ལམ་བརྒྱུད་ནས་སློབ་ཁྲིད་གཅིག་ཀྱང་བྱས་མ་མྱོང་བས་ཉིན་དེ་ནས་བཟུང་ཉམས་མྱོང་དང་གྲ་སྒྲིག་ཅི་ཡང་མེད་པའི་དགེ་རྒན་ང་ནི་སེམས་ཁུར་ཆེན་པོས་ནོན་པར་གྱུར།
གསུམ། དྲྭ་ལམ་སློབ་ཁྲིད་ཀྱི་འགལ་བ་སྣ་ཚོགས།
        སྤྱིར་དུས་རབས་འདི་ནི་བརྡ་འཕྲིན་གྱི་དུས་རབས་ཤིག་གམ། དྲྭ་རྒྱའི་དུས་རབས་ཤིག་ཡིན་པས་དེང་གི་དུས་སུ་ཆེས་སྤྱིར་བཏང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཡིན་ནའང་ཁྱིམ་ཚང་རེ་རེར་ཁ་པར་རེ་མེད་ས་མེད། དེ་བས་སློབ་མས་དྲྭ་ལམ་བརྒྱུད་ནས་སློབ་ཁྲིད་ལ་ཉན་པར་དཀའ་ཁག་ཆེན་པོ་མེད་པ་ལྟར་སྣང་ཡང་ཟླ་གཅིག་ཟླ་ཕྱེད་རིང་གི་དྲྭ་ལམ་སློབ་ཁྲིད་དུ་དངོས་སུ་ཞུགས་པ་ན་ང་ཚོ་དགེ་རྒན་དང་ཁྱིམ་བདག། སློབ་མ་བཅས་དཀའ་ཁག་མང་པོར་འཕྲད་པ་ནི་གཤམ་དུ་གསལ། 
        ༡ དགེ་རྒན་གྱིས་གྲ་སྒྲིག་ལེགས་པོ་འཁྱོངས་དཀའ་བ། 
        སྤྱིར་རང་ཉིད་ལ་མཚོན་ན་ནན་ཏན་གྱིས་སློབ་ཁྲིད་རྒྱུན་འཁྱོངས་བྱེད་པ་ཙམ་ལས་སློབ་མ་རེ་རེའི་བློ་ཁ་དང་འཚམ་ཞིང་དུས་རབས་ཀྱི་དགོས་མཁོ་སྐོང་ཐུབ་པའི་སློབ་ཁྲིད་ཡག་པོ་བྱེད་པའི་ཐབས་དང་རྩལ་ཅི་ཡང་མེད་པས་ལྷག་པར་དྲྭ་ལམ་སློབ་ཁྲིད་ཅེས་གླེང་ཡོང་དུས་ཧ་ཅང་རྒྱུས་མེད་ཀྱི་ཚོར་བ་ཞིག་ལས་དེ་ལ་གདོང་གཏད་རྒྱུའི་སྤོབས་པ་མེད་པར་ཅི་བྱ་གཏོལ་བྲལ་དུ་གྱུར་མོད། འོན་ཀྱང་ལས་ཀ་དེ་ནི་ལྡོག་མེད་ཀྱི་འོས་འགན་ཞིག་ཡིན་པས་ཉི་མ་རེ་རེ་བཞིན་རང་གིས་བཀོད་པའི་འཆར་གཞི་ལྟར་གྲ་སྒྲིག་བྱས་ཏེ་འཛིན་གྲྭ་གཉིས་ལ་སློབ་ཁྲིད་བྱས་པ་ཡིན། ཡིན་ནའང་བརྙན་ལམ་ནས་སློབ་ཁྲིད་བྱས་ན་སློབ་མ་མང་པོར་བརྡ་རྟགས་མི་བཟང་རྐྱེན་ལྟ་ཐུབ་ཀྱི་མི་འདུག་དང་ལྟ་ཐབས་མེད་ཅེས་བཤད་ནས་ཡོང་། དེ་བས་སྒྲ་ཙམ་གྱི་ལམ་ནས་སློབ་ཁྲིད་བྱས་པ་ཡིན། ཡིན་ཡང་སྐབས་རེར་རང་ཉིད་ཀྱིས་འབད་པ་ཅི་ཙམ་བྱས་ཀྱང་སློབ་མ་ཚང་མས་ཕར་ལོགས་ཤིག་ན་ཉན་ཡོད་མེད་དང་ལས་བྱ་རེ་རེ་སློབ་མ་རང་རང་གིས་བསྒྲུབས་པ་ཡིན་མིན་ལའང་སེམས་ཁུར་དང་ཐེ་ཚོམ་བྱུང་། ཡང་ལན་རེར་དྲི་གཞི་བསྒྲུབས་པ་དང་ལས་བྱར་ནོར་བ་མང་བ་ལས་རང་གིས་སློབ་ཁྲིད་གྲ་སྒྲིག་ལ་གནད་དོན་ཡོད་པ་དང་མཛུབ་སྟོན་ཡག་པོ་མ་ཐུབ་པ་སོགས་ལན་སོང་བ་རེད་སྙམ་ནས་སེམས་འཚུབ་ཅིང་ལུས་ངལ་ནས་ཡོང་། དེ་ལྟར་ཟླ་གཅིག་ཟླ་ཕྱེད་རིང་དྲྭ་ལམ་བརྒྱུད་ནས་སློབ་ཁྲིད་བྱས་པ་ལས་ཡང་བསྐྱར་རང་གིས་ད་དུང་སློབ་ཁྲིད་གྲ་སྒྲིག་ལེགས་པོ་ཞིག་ཀྱང་ཡོང་གི་མེད་པ་ཚོར་ཡོང་དུས་སེམས་སུ་བརྗོད་དཀའ་བའི་ནོངས་འགྱོད་སྐྱེས།
        ༢ སློབ་མས་རང་འགུལ་སློབ་སྦྱོང་འཁྱོངས་དཀའ་བ།
        དུས་རབས་འདིའི་སློབ་ཁྲིད་བྱེད་མཁན་གྱི་ང་ཚོ་སྟེ་དགེ་རྒན་རྣམས་ལན་པ་ཡིན་ནམ་བྱིས་པ་གཉོར་སྐྱོང་བྱེད་མཁན་གྱི་ཕ་མ་རྣམས་ལན་སོང་བ་ཡིན། གང་ལྟར་དེང་གི་སློབ་མ་མང་ཕྱོགས་ནི་རང་ཚུགས་མེད་ལ་རང་གཅུན་མི་ཐུབ་པར་གཞན་རྟེན་རྐྱང་རྐྱང་ལ་དགའ་མཁན་ཤ་སྟག་ཡིན་པས་རང་ཉིད་གཅིག་པུས་དྲྭ་ལམ་ནས་སློབ་ཁྲིད་ལ་ཉན་དུས་བློ་རིག་སྒྲིམ་སྟེ་ནན་ཏན་གྱིས་ཉན་རྒྱུ་ཕར་ཞོག ཐ་ན་སློབ་ཁྲིད་རེ་རེར་མགོ་མཇུག་བར་གསུམ་ཆད་ལྷག་མེད་པར་ཉན་ནས་ལས་བྱ་རང་གིས་བསྒྲུབས་ཏེ་སྤྲད་ཡོང་མཁན་ཡང་ཧ་ཅང་ཉུང་བས་ད་གཟོད་ང་ཚོའི་དུས་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་དང་སློབ་གསོ་གཏོང་སྟངས་ལ་གནད་དོན་མང་པོ་ཡོད་པ་ཁས་མི་ལེན་ག་མེད་བྱུང་། སློབ་ཚན་དབྱེ་ཞིབ་ཀྱི་ནང་དོན་དང་ལས་བྱ་སོགས་གང་ཡིན་ཡང་རང་གིས་ལྟ་ཀློག་དང་བསམ་གཞིག་བྱས་ཏེ་མི་སྒྲུབ་པར་ཕན་ཚུན་ལ་བཤུ་རེས་དང་ཁ་གསབ་ཙམ་བྱས་ཏེ་ཕ་མ་དང་དགེ་རྒན་ལ་མགོ་གཡོག་ཡོང་དུས་གོམས་གཤིས་ངན་པ་འདི་དག་ཡང་ང་ཚོའི་དུས་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་དང་ཐད་ཀར་འབྲེལ་བ་ཡོད་པ་ནི་བསྙོན་དུ་མེད།
        ༣ ཁྱིམ་བདག་གིས་ལྟ་སྐུལ་འཁྱོངས་དཀའ་བ།
        ཟླ་གཅིག་ལྷག་རིང་གི་དུས་ཚོད་དེར་ཁྱིམ་བདག་གང་མང་གིས་བུ་ཕྲུག་གི་དྲྭ་ལམ་སློབ་ཁྲིད་ལ་མཛུབ་སྟོན་ཡག་པོ་མི་ཤེས་ཀྱང་ལྟ་རྟོག་ནན་མོ་བྱེད་པའི་ཁྱིམ་བདག་དཔེ་བཟང་ཅན་ཡོད་ལ། ཡང་འགའ་རེས་བུ་ཕྲུག་ལ་ཁ་པར་དང་ཁང་སྟོང་ཙམ་གྱི་གྲ་སྒྲིག་ལས་གཞན་ཅི་ལའང་ཁ་ཡ་མི་བྱེད། ཐ་ན་ཉི་མ་རེ་རེར་ཁང་བ་དེའི་གྲུ་བུག་ན་བུ་ཕྲུག་གིས་དོན་ངོ་མར་སློབ་ཁྲིད་ལ་ཉན་བཞིན་ཡོད་མེད་ཀྱི་ལྟ་རྟོག་ཙམ་ཡང་མེད་པའི་ཁྱིམ་བདག་ཐབས་རྡུགས་ཀྱང་ཡོད། ད་དུང་ཁྱིམ་བདག་ལ་ལས་ད་བར་དུ་སློབ་ཁང་ནས་དགེ་རྒན་གྱིས་ཐད་ཀར་ཁྲིད་ཀྱང་མི་ཤེས་ན་རིག་གནས་ཅི་ཡང་མེད་པའི་ང་ཚོ་ཕ་མ་རྣམས་ཀྱིས་གྲ་སྒྲིག་མི་ཡོང་ལ་ཤེས་ནིའང་མ་རེད་ཅེས་ཆ་རྐྱེན་ཙམ་ཡང་མི་བསྐྲུན་མཁན་གྱི་ཁྱིམ་བདག་མ་རབས་ཀྱང་ཡོད། འདི་ལས་མ་གཞིར་ང་ཚོ་འབྲོག་པའི་སློབ་མ་ཚོར་གཞན་དང་མི་འདྲ་བར་སློབ་སྦྱོང་ལ་གྲུབ་འབྲས་ལེགས་པོ་མི་ལོན་པའི་སྟོང་ཆ་ཆེན་པོ་ཞིག་ཡོད་པ་ནི་སློབ་མའི་སྦྱང་འབྲས་སློབ་གྲྭ་ནས་དགེ་རྒན་གྱི་སློབ་ཁྲིད་ཁོ་ན་ཙམ་ལ་བརྟེན་པ་ལས་ཁྱིམ་བདག་གིས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྒྱབ་སྐྱོར་དང་མཛུབ་སྟོན་གང་ཡང་མི་ཐུབ་པའམ་མི་བྱེད་པ་འདི་ཡིན་པ་མངོན་པར་གསལ།
བཞི། ཕམ་ཁའི་ཁྲོད་ཀྱི་བསླབ་བྱ།
        ད་ལོའི་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་གི་དཔལ་འབྱོར་ལ་གྱོང་གུད་བཟོས་ཤིང་མི་སེམས་ལ་སྡུག་བསྔལ་བསྐྱེད། དེ་བས་ཀྱང་སློབ་མ་སོ་སོའི་སློབ་སྦྱོང་གི་གོ་སྐབས་མང་པོ་འཕྲོ་བརླག་ཏུ་བཏང་བ་དང་གོ་རིམ་མེད་པར་བཟོས་པ་སོགས་གནོད་པ་བགྲང་གིས་མི་ལངས། ཡིན་ནའང་ཕྱོགས་གཞན་ཞིག་ནས་སློབ་མ་གང་མང་གིས་སློབ་གྲྭ་ནས་སློབ་སྦྱོང་བྱས་ན་དགེ་མཚན་མང་པོ་དང་རིན་ཐང་ཆེན་པོ་ཡོད་པ་དང་། ད་ལོར་སློབ་སྦྱོང་བྱེད་པའི་དུས་ཚོད་མང་པོ་ཞིག་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་མེད་པའི་རང་ཁྱིམ་ནས་མི་ལོབས་པའི་དྲྭ་ལམ་སློབ་ཁྲིད་ཁྲོད་ཟད་སོང་བས་ཕངས་སེམས་སྐྱེས་པ་ནས་དུས་ཚོད་དམ་འཛིན་གྱི་འདུ་ཤེས་བྱུང་བ་ནི་ཐོབ་བྱ་ཆེན་པོ་ཞིག་ཏུ་བསམ་དགོས་འདུག
        ཡང་ཁྱིམ་བདག་མང་པོས་ཐེངས་འདིའི་ཟླ་གཅིག་ལྷག་རིང་བུ་ཕྲུག་གིས་རང་ཁྱིམ་ནས་སློབ་ཁྲིད་ལ་ཉན་པ་དང་ལས་བྱ་བྲིས་པ་སོགས་ལས་རང་ཉིད་ཀྱི་བུ་ཕྲུག་གིས་སློབ་སྦྱོང་ལ་བཟུང་བའི་རྣམ་འགྱུར་དང་བུ་ཕྲུག་གིས་དུས་རྒྱུན་གྱི་སྦྱང་འབྲས་ནི་དེ་ལྟར་ཐོབ་པ་ཡིན་པའི་རྒྱུ་མཚན་ཡང་མང་པོ་ཧ་གོ་སོང་། དེ་བས་ཀྱང་ཁྱིམ་བདག་སོ་སོས་རང་གི་བུ་ཕྲུག་གཅིག་གམ་གཉིས་ལ་ཟླ་གཅིག་ལྷག་རིང་སློབ་སྦྱོང་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་པ་ལས། སློབ་གྲྭའི་དགེ་རྒན་ཚོ་སློབ་མས་མི་སྦྱོང་བ་དང་སློབ་ཁྲིད་ལ་མི་ཉན་པ། ནན་ཏན་མི་བྱེད་པ་སོགས་དཀའ་ངལ་སྣ་ཚོགས་ལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ངོ་མ་དེའང་ཤེས་སོང་བས་ཁྱིམ་བདག་མང་པོས་དགེ་རྒན་གྱི་དཀའ་ཁག་ལ་ངོས་འཛིན་གསར་བ་བྱུང་བ་ཡང་གྲུབ་འབྲས་ཤིག་ཏུ་བསམ་ན་ཆོག
        ད་དུང་དགེ་རྒན་མང་པོས་དུས་རྒྱུན་ཏུ་ངལ་གསོའི་དུས་ཚོད་ཐུང་དྲགས་སྙམ་པའི་འཁང་ར་དང་སློབ་ཁྲིད་མང་བ་དང་ལས་བྱ་བཅོས་ཚེགས་ཆེ་བར་བསམ་པ་སོགས་ལ་འགྱོད་པ་སྐྱེས་ཏེ་ནམ་ཞིག་ལ་སློབ་མགོ་ཚུགས་ནས་སློབ་མ་རྣམས་དང་མཉམ་དུ་སློབ་ཁང་ནང་འཛོམས་པར་རེ་བ་བྱེད་པ་དེ་ཡང་ཕྱིན་ཆད་ལས་དོན་ལ་སྤྲོ་སྣང་ལས་འཁང་ར་མེད་པའི་རྒྱུ་རུ་འགྱུར་ངེས་པས་དེ་ཡང་ཉམས་མྱོང་ལས་ཐོབ་པའི་བསླབ་བྱ་རྩ་ཆེན་ཞིག་ཏུ་འཁུམས། འདི་ལས་ང་ཚོས་མིག་མཐོང་བརྒྱ་ལས་མྱོང་བ་གཅིག་ལྷག་པའི་གནས་ལུགས་དེ་ཡང་རྟོགས་སོང་བ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།