logo

༄༅། །«ཐུའུ་བཀྭན་གྲུབ་མཐའི»ཁྱད་ཆོས་སྐོར་ལ་རགས་ཙམ་དཔྱད་པ། 

རྩོམ་པ་པོ།:སངས་རྒྱས་མཁར། ཡོང་ཁུངས།:བོད་ཀྱི་སློབ་གསོ། 2020ལོའི་དེབ་བཞི་པ། དུས་ཚོད།:2021-11-30 ཀློག་གྲངས།:
༄༅། །«ཐུའུ་བཀྭན་གྲུབ་མཐའི»ཁྱད་ཆོས་སྐོར་ལ་རགས་ཙམ་དཔྱད་པ། 
སངས་རྒྱས་མཁར།
[གནད་བཏུས] འདིར་ཐོག་མར་བསྟན་བཅོས་ཧྲིལ་བོའི་སྤྱི་ཁོག་ངོ་སྤྲོད་དང་རྩོམ་འབྲིའི་རྒྱབ་ལྗོངས་རགས་ཙམ་གླེང་རྗེས། བསྟན་བཅོས་འདི་ཉིད་ཀྱིས་བོད་ཀྱི་གྲུབ་མཐའི་ལོ་རྒྱུས་གཙོ་བོར་བརྗོད་ཡོད་པ་དང་། བརྗོད་བྱ་རྒྱ་ཆེ་བ། བོད་ཀྱི་གྲུབ་མཐའ་ཁག་ཐོག་མར་ཕྱོགས་གཅིག་ཏུ་བསྡུས་པ། དེང་གི་དུས་སུ་འཕྲིན་ལས་རྒྱ་ཆེ་བའི་ཁྱད་ཆོས་སམ་ཡོན་ཏན་བཅས་ཕྱོགས་འགར་བསྡུས་ནས་བརྗོད་རྗེས། སླར་ཡང་རྗོད་བྱེད་ཚིག་གི་ཁྱད་ཆོས་ཀྱང་ཉུང་ཙམ་གླེང་ནས་རྩོམ་ཧྲིལ་བོའི་མཇུག་བསྡུས་ཡོད།
[གནད་ཚིག] ཐུའུ་བཀྭན་གྲུབ་མཐའ། བརྗོད་བྱ། ཁྱད་ཆོས།

        ཐུའུ་བཀྭན་གྲུབ་མཐའ་ནི་དུས་རབས་བཅོ་བརྒྱད་པར་བྱོན་པའི་མཁས་པའི་དབང་པོ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས(1737-1802)བརྩམས་ཤིང་། བསྟན་བཅོས་འདི་ནི་གཙོ་བོར་གྲུབ་མཐའི་བྱུང་བའམ་ལོ་རྒྱུས་བརྗོད་པའི་བསྟན་བཅོས་ལེགས་ཤོས་དང་སྔ་ཤོས་ཤིག་ཡིན་པས། དེང་གི་དུས་སུ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་གི་ལྡིང་ཆ་དང་ཞིབ་འཇུག་གི་ཁྱབ་ཁོངས་གང་ན་ཡང་། ལུང་འདྲེན་དང་དཔྱད་པ་སོགས་མང་དུ་བྱས་ཡོད་ལ། སྒོས་སུ་བོད་རིགས་ཞིབ་འཇུག་པ་ཞིག་ཡིན་ཕྱིན་དཔེ་ཆ་འབྲི་བའམ། ཡང་ན་དཔྱད་རྩོམ་ཆེ་ཆུང་གང་འབྲི་བར་ཐུའུ་བཀྭན་གྲུབ་མཐའ་ལས་ལུང་འདྲེན་མི་བྱེད་པ་ཕལ་ཆེར་མེད་པའི་ཚོད་དུ་སྣང་།
        སྤྱིར་བཏང་ཐུའུ་བཀྭན་གྲུབ་མཐའི་ཡར་སྔོན་དུ་ཡང་། བོད་ལ་གྲུབ་མཐའ་རིས་མེད་ཀྱི་མཁས་པས་བརྩམས་པའི་གྲུབ་མཐའི་བསྟན་བཅོས་མང་དུ་ཡོད་པ་ནི། དཔེར་ན། དབུས་པ་བློ་གསལ་གྱིས་མཛད་པའི«གྲུབ་མཐའི་རྩ་བ» ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་«གྲུབ་མཐའ་མཛོད»ཀུན་མཁྱེན་འཇམ་དབྱངས་བཞད་པའི«གྲུབ་མཐའ་རྩ་བ»དང་དེའི་རང་འགྲེལ་སོགས་མང་དུ་ཡོད་མོད། དེ་དག་ཚང་མས་གཙོ་བོར་ལུང་རིགས་ཀྱི་མཚོན་ཆ་རྣོན་པོ་སྤྲས་ནས། རྒྱ་གར་གྱི་གྲུབ་མཐའ་ཁག་སླར་ཡང་རྒྱ་གར་གྱི་པཎ་གྲུབ་དག་ལ་གཏུགས་པའམ། ཡང་ན་རང་གི་གྲུབ་མཐའ་གང་དེ་ཚད་ལྡན་ཡིན་པར་སྒྲུབ་པ་གཙོ་བོར་འཛིན་པ་ཞིག་ཡིན་མོད། «ཐུའུ་བཀྭན་གྲུབ་མཐའ»ནི་རྒྱ་དེ་ལས་རིང་དུ་འགོངས་ནས་སྔར་ཡོད་དག་བསྐྱར་ཟློས་ཀྱི་ངལ་བ་ཆེར་མ་བརྟེན་པར། གཙོ་བོར་ལོ་རྒྱུས་ཀྱི་དུས་སྐབས་དམིགས་བསལ་བའི་འོག་གི་བོད་ཀྱི་བསྟན་པ་སྤྱིའི་ལས་དབང་ལ་དམིགས་ནས། བོད་ཀྱི་གྲུབ་མཐའ་ཁག་ཐོག་མར་བསྟན་བཅོས་གཅིག་ཏུ་བསྡུས་པ་དང་། དེ་དག་སོ་སོར་ཡང་རང་གི་བློ་སྟོབས་ཀྱི་རིག་པས་དཔྱད་པ་ཞིབ་མོ་བགྱིས་ཡོད་པར་མ་ཟད། བློ་རྒྱ་ཆེན་པོ་དང་མིག་རྒྱང་རིང་བོའི་སྒོ་ནས་མ་ཧཱ་ཙི་ན་སོགས་ཡུལ་གྲུ་གཞན་གྱི་ལྟ་གྲུབ་སོགས་ཀྱང་ཚུར་བསྡུས་ཡོད། དེ་བས་བསྟན་བཅོས་འདི་བརྩམས་ནས་མི་ལོ་ཉིས་བརྒྱ་ལྷག་འགོར་བའི་དེ་རིང་ཕྱིར་མིག་ཅིག་འཕངས་ན། འདི་ལ་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་པར་མ་ཟད། ཞིབ་འཇུག་གི་རིན་ཐང་ཡང་ཆེན་པོ་ལྡན་པར་སྙམ། གཞན་ཡང་རྗོད་བྱེད་ཚིག་གི་ངོས་ནས་ཀྱང་ཁ་གསལ་གོ་བདེ་དང་ཚིག་ཉུང་ལ་དོན་འདུས་ཡིན་པར་མ་ཟད། ཐ་ན་ལེའུ་རེ་རེའི་སྔ་གཞུག་ཏུ་བཀོད་པའི་ཚིགས་བཅད་དག་ཀྱང་གླེགས་བམ་མཐུག་པོར་འགྱུར་ཕྱིར་རམ་ངལ་གསོའི་ཚིགས་བཅད་ཙམ་མ་ཡིན་པར། ལེའུ་རེ་རེའི་སྤྱི་ཆིངས་ལྟ་བུར་གྱུར་ཡོད་པའི་ཁྱད་ཆོས་སོགས་འཆད་པ་ལ།
གཅིག བོད་ཀྱི་གྲུབ་མཐའི་ལོ་རྒྱུས་གཙོ་བོར་བརྗོད་པ།
        བསྟན་བཅོས་རང་གི་མཚན་བྱང་ལའང་། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ཞེས་གསུངས་པ་ལྟར། བོད་གངས་ཅན་ལྗོངས་ཀྱི་གཡུང་དྲུང་བོན་དང་བཅས་པའི་ལྟ་གྲུབ་ཡོད་དོ་ཅོག་གི་ཁུངས་སམ་དེའི་བྱུང་འཕེལ་དང་། དེའི་འདོད་ཚུལ་སྟོན་པ་ཞེས་བརྗོད་རུང་། མང་ཤོས་གྲུབ་མཐའ་གང་དེའི་ལོ་རྒྱུས་ཡིན་པ་ནི། དཔེར་ན། རི་བོ་དགེ་ལྡན་པ་བརྗོད་པའི་དུས་སུ། རྗེ་ཙོང་ཁ་པ་ཆེན་པོ་འཇིག་རྟེན་དུ་བྱུང་ཚུལ་དང་། བསྟན་པ་ལ་བྱ་བ་མཛད་ཚུལ། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་རྒྱས་པར་མཛད་ཚུལ་སོགས་ཤོག་གྲངས་བརྒྱ་དང་ཉི་ཤུ་ལྷག་གིས་བརྗོད་ཡོད་ལ། དགེ་ལྡན་པའི་ལུགས་དེ་ཁྱད་དུ་འཕགས་ཚུལ་ལྟ་སྒོམ་སྤྱོད་གསུམ་གྱིས་བསྒྲུབ་དུས། ཤོག་གྲངས་སུམ་ཅུ་ཡས་མས་ཀྱིས་ཉུང་ངུར་བརྗོད་པས་གོང་གི་དེའི་བཞི་ཆ་ཙམ་ལས་ཟིན་མི་འདུག གཞན་ལོ་རྒྱུས་བརྗོད་པ་དེ་ཡང་ཧ་ཅང་ཞིབ་ཚགས་ཡིན་པ་དང་མ་ལག་གི་རང་བཞིན་དང་ལྡན་པ་ནི། དཔེར་ན། ཞི་བྱེད་པའི་ཡ་གྱལ་གཅོད་ཀྱི་གདམས་པ་ལྟ་བུར་མཚོན་ན་ཡང་། བསྟན་བཅོས་རང་ཉིད་ལས། “གདམས་པ་འདི་ཡང་ཐོག་མར་དམ་པ་སངས་རྒྱས་ལས་བྱུང་བ་སྟེ། དམ་པ་བོད་དུ་ལན་གསུམ་པ་བྱོན་པའི་དུས་གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང་། ཡར་ལུང་སྨ་ར་སེར་པོ་གཉིས་ལ་གཅོད་ཀྱི་གདམས་པ་གནང་། སྨ་ར་སེར་པོས་རང་གི་ཉེ་གནས་སྨྱོན་པ་སེ་རོང་། དེས་རྩེ་སྟོན་སུམ་སྟོན་གཉིས། རྩེ་སྟོན་གྱིས་གཉན་སྟོན། སུམ་སྟོན་གྱིས་སྐལ་ལྡན་སྲས་མོ། དེས་གཙང་སྟོན། དེས་གཉན་སྟོན་སོགས་ལ་གནང་། དེ་དག་ལས་མཆེད་པ་ལ་ཕོ་གཅོད་དང་། སྐྱོ་སྟོན་བསོད་ནམས་བླ་མས་ལབ་སྒྲོན་ལ་གནང་སྟེ། དེ་ནས་བརྒྱུད་པ་ལ་མོ་གཅོད་ཅེས་གྲགས་སོ། །”ཞེས་གསུངས་པ་ནང་བཞིན་ཡིན་ལ། དེར་མ་ཟད་བོན་དང་ཆོས་ལ་འབྲེལ་བ་ཅི་ཡོད་པའང་གསུང་ཡོད་དེ། “ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་། ། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །”ཞེས་སོགས་བོན་པོའི་གྲུབ་མཐའ་འདི་ཡང་ཆོས་ཏེ་ནང་པའི་ལྟ་གྲུབ་དང་འདྲེས་ནས་ཡོད་པས་མཐའ་གཅིག་ཏུ་རྒྱང་འཕེན་པ་ལྟ་བུར་མི་རུང་བར་གསུངས་ཡོད། མདོར་ན། གྲུབ་མཐའ་འམ་ཆོས་བརྒྱུད་རེ་རེའི་ལྟ་གྲུབ་ལས་ལོ་རྒྱུས་བརྗོད་པ་གཙོ་བོར་བཟུང་ཡོད་པར་མ་ཟད། གོང་འཁོད་ཀྱི་ཞི་བྱེད་པའི་གཅོད་ཀྱི་གདམས་པ་ལྟར་ཅུང་གསལ་དག་གིས་གསལ་གྱི་ལེར་བཀོད་ཡོད་ལ། བན་བོན་གཉིས་ཀྱི་འབྲེལ་བ་བརྗོད་པ་བཞིན་དེ་དག་གི་བར་ལ་འདྲ་འབྲེལ་ཅི་འདྲ་ཡོད་པ་སོགས་བརྗོད་པ་ནི་སྔར་མེད་པའི་ལེགས་བཤད་ཡིན་པར་སྙམ།
གཉིས། བརྗོད་བྱ་རྒྱ་ཆེ་བའི་རང་བཞིན།
        ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་«གྲུབ་མཐའ་ཆེན་མོ»ལྟ་བུར་མཚོན་ན་ཡང་། ལེའུ་སྔ་མ་བདུན་གྱིས་གཞན་སྡེའི་ལུགས་ཀྱི་འདོད་ཚུལ་ལ་དགག་སྒྲུབ་བྱས་ཡོད་ལ། ལེའུ་ཕྱི་མ་ལྔས་རང་སྡེའི་འདོད་ཚུལ་རྒྱ་ཆེར་སྤྲོས་ཡོད་པ་བཞིན། ལྕང་སྐྱའི་གྲུབ་མཐའ་ཡང་བརྗོད་བྱའི་ཆ་ནས་དེ་དང་འདྲ་མོད། ཐུའུ་བཀྭན་གྲུབ་ མཐའ་འདིར་རྒྱ་གར་གྱི་ཕྱི་པ་དང་ནང་པའི་གྲུབ་མཐའི་དཔྱད་པ་ཉུང་ངུར་བྱས་ནས། གཙོ་བོར་བོད་གངས་ཅན་གྱི་གྲུབ་མཐའ་རེ་རེའི་བྱུང་ཚུལ་དང་དེའི་ལྟ་གྲུབ། དེ་ལ་མཐའ་དཔྱད་དམ་རང་གི་འདོད་ཚུལ་སོགས་རེ་རེ་བཞིན་བཀོད་ཡོད་པ་ནི། བསྟན་བཅོས་འདིའི་བླ་མེད་ཀྱི་ཁྱད་ཆོས་ཤིག་ཡིན་པར་མ་ཟད། ལྷག་པར་མ་ཧཱ་ཙི་ནའི་ཡུལ་དུ་རིག་བྱེད་དང་གྲུབ་མཐའ་བྱུང་ཚུལ་དང་། ཡུལ་གྲུ་གཞན་འགའ་ཞིག་ཏུ་གྲུབ་མཐའ་བྱུང་ཚུལ་སོགས་གཞུང་འདིར་བཀོད་ཡོད་པ་ནི། ད་ལྟའི་དུས་སུ་གཞུང་འདིའི་འཕྲིན་ལས་ག་ས་གང་དུ་ཁྱབ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་སྙམ། དེ་དག་ཀྱང་ས་བཅད་མ་སྟོང་པ་ཙམ་མིན་པར། དེ་དག་གི་དོན་རང་གི་རིག་གནས་དང་གཤིབ་བསྡུར་སྒོས་གསལ་བོར་གསུངས་འདུག་པ་ནི། དཔེར་ན། “ཤེའུ་ཞེས་པ་ཡི་གེའི་མིང་ཡིན་པས་ཡི་གེའི་སྲོལ་ཟེར་བ་ཡིན་ནའང་། སློབ་དཔོན་ཨ་ནུས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་གསུངས་པ་དང་ཆོས་མཚུངས་པར། ལུགས་སྲོལ་འདི་ཡི་གེ་འབྲི་སྲོལ་ཁོ་ན་ཙམ་མ་ཡིན་པར། རིག་གནས་སྣ་ཚོགས་དང་། འཇིག་རྟེན་མི་ཆོས་ཀྱི་རྣམ་གཞག་སོགས་དོན་གྱི་རྣམ་གྲངས་མང་པོ་ཞིག་ཁུངས་སུ་འདུ་བ་ཞིག་ཡིན་པར་སྣང་ངོ། །”ཞེས་པ་ལྟ་བུའོ། ། དེ་ལྟ་བུའི་བསྡུར་དཔྱད་ནི་ཁོང་ལྟ་བུ་ལས་སུས་ཀྱང་འཁྱོངས་དཀའ་བས་ན། དེང་གི་དུས་སུའང་མཁས་པ་མང་པོས་ཡིད་རྟོན་རུང་བའི་ཁུངས་སུ་བྱེད། མདོར་ན་བསྟན་བཅོས་འདིར་ལྟ་གྲུབ་ཀྱི་དབང་དུ་བྱས་ན་རྒྱ་གར་གྱི་ཕྱི་ནང་གི་ལུགས་བརྗོད་པ་གཞིར་བྱས། དེའི་སྟེང་དུ་བོད་ཆོས་བརྒྱུད་སོ་སོའི་འདོད་ཚུལ་གྱི་ས་བོན་ཙམ་བཀོད་ཡོད་པས་བརྗོད་བྱ་ཤིན་ཏུ་ནས་ཀྱང་རྒྱ་ཆེ། བསྟན་བཅོས་འདིའི་ཡར་སྔོན་དུ་རྒྱ་གར་དང་བོད་ཀྱི་ལྟ་གྲུབ་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡུས་ནས་བརྗོད་པ་ནི་ཕལ་ཆེར་མི་སྣང་བས། འདི་ཡང་བསྟན་བཅོས་འདིའི་ཁྱད་ཆོས་ཤིག་ཡིན་པར་སྙམ། གཞན་ཡང་ཡུལ་ཁོངས་ཀྱི་ཆ་ནས་ཀྱང་རྒྱ་གར་ནག་དང་བོད། ལི་ ཡུལ་དང་བཅས་པའི་བསྟན་པའི་བྱུང་བ་བརྗོད་ཡོད་པས་ཀྱང་བརྗོད་བྱའི་ཁྱབ་ཁོངས་རྒྱ་ཆེ་བར་མངོན་ཡོད།
གསུམ། བོད་ཀྱི་གྲུབ་མཐའ་ཁག་ཐོག་མར་ཕྱོགས་གཅིག་ཏུ་བསྡུས་པ་དང་དེའི་ཤུགས་རྐྱེན།
        ཐུའུ་བཀྭན་གྲུབ་མཐའི་ཡར་སྔོན་དུ་བོད་ཀྱི་གྲུབ་མཐའ་སོ་སོར་རང་རང་གི་ཆོས་ཁུངས་དང་། ཆོས་ཀྱི་བྱུང་བ་བརྗོད་པ། ལྟ་གྲུབ་ཀྱི་རྣམ་གཞག་རྒྱས་འབྲིང་བསྡུས་གསུམ་གྱི་སྒོ་ནས་བརྗོད་པའི་བསྟན་བཅོས་ནི་ཡོད་དེ། དཔེར་ན། རྙིང་མ་ལྟ་བུར་མཚོན་ན། རྒྱལ་བ་ཀློང་ཆེན་པའི«ཀློང་ཆེན་ཆོས་འབྱུང»དང་། «ཀློང་ཆེན་མཛོད་བདུན»ལྟ་བུ། གདོང་ཐོག་སྤྲུལ་སྐུ་ངག་དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་«ས་སྐྱའི་ཆོས་འབྱུང་རབ་འབྱམས་ཞིང་དུ་སྙན་པའི་སྒྲ་དབྱངས» རི་བོ་དགེ་ལྡན་པར་ལྟ་གྲུབ་ཀྱི་རྣམ་གཞག་སྟོན་པར་ལྟ་བའི་ཕྱོགས་ཀྱི་ལེགས་བཤད་ཆེན་པོ་ལྔ་དང་། ཆོས་འབྱུང་གི་ཕྱོགས་ནས་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི«དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ»སོགས་ཀྱིས་མཚོན་གྲུབ་མཐའ་གཞན་ལའང་དེ་བཞིན་ཐོར་བུར་གསུངས་པ་ནི་ཡོད། ཡིན་ནའང་ཕྱོགས་གཅིག་ཏུ་བཏུས་པ་མེད་པས། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ཞིབ་འཇུག་ཅེས་པའི་དཔྱད་རྩོམ་དུའང་། “ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ནི་དགེ་ལུགས་པའི་བླ་ཆེན་ཞིག་ཡིན་པའི་ངོས་ནས། ཐོག་དང་པོར་ཅུང་བློ་ཁོག་ཆེན་པོ་དང་དྲང་སྙོམས་ཀྱི་སྒོ་ནས། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་དུ། ཕྱོགས་ཡོངས་ནས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་བླ་བརྒྱུད་དང་ལྟ་གྲུབ། གསང་སྔགས་ཀྱི་ཆོ་ག་བཅས་ཞིབ་བརྗོད་བྱས་ཡོད་པར་མ་ཟད། གྲུབ་མཐའ་སོ་སོར་གསལ་དག་གིས་དགག་སྒྲུབ་བྱས་ནས་སྲོལ་རྒྱུན་བོད་རིག་པའི་ཞིབ་འཇུག་ལ་འོད་སྟོང་འབར་བའི་ཤོག་ངོས་གསར་པ་ཞིག་གི་ཁ་ཕྱེས།”ཞེས་བཀོད་པ་ནི། ངེས་པ་དོན་གནས་ཀྱི་གདེང་འཇོག་ཅིག་ཡིན་པར་སྙམ། གཞན་བསྟན་བཅོས་རང་གི་སྨོན་བྱང་དང་སྦྱར་བྱང་དུའང་། “དང་པོར་གྲུབ་མཐའ་འདི་གསར་རྩོམ་གནང་སྐབས་བོད་ཀྱི་གྲུབ་མཐའི་རྣམ་གཞག་སྔ་སོར་རྩོམ་མཁན་མ་བྱུང་འདུག་པས་དཀའ་ལས་ཆེ་ཡང”ཞེས་འཁོད་པ་ལྟར་ཡིན་ལ། གཞན་ཡང་བསྟན་བཅོས་འདིས་བོད་ཀྱི་གྲུབ་མཐའ་ཁག་ཕྱོགས་གཅིག་ཏུ་བསྡུས་པས། ཕྱིས་ཀྱི་མཁྱེན་ཀོང་རྣམ་གཉིས་ཀྱི་གྲུབ་མཐའ་རིས་མེད་བྱེད་པར་ཤུགས་རྐྱེན་ཐེབས་ཡོད་ཅེས་མཐའ་གཅིག་ཏུ་བཤད་དཀའ་ནའང་། བསྟན་བཅོས་ལ་ཕལ་ཆེར་མཇལ་མྱོང་བ་འདྲ། འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི«གངས་ཅན་བོད་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ»དུ། ཐུའུ་བཀྭན་རིན་པོ་ཆེར་འདི་ལྟར་གདེང་འཇོག་བྱས་འདུག་སྟེ། “དེའི(ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ)སྤྲུལ་སྐུ་མཁས་གྲུབ་ཆེན་པོ་ཆོས་ཀྱི་ཉི་མ། འདོན་ཆ་གཙོ་བོར་གྱུར་པ་པོད་བཅུ་བདུན་ཡོད། དེ་ནས་མཁའ་སྤྱོད་སྐོར་པོད་གཅིག རྟ་མགྲིན་གསང་སྒྲུབ་སྐོར་པོད་གསུམ་ཡོད།”ཅེས་བཀོད་འདུག དེ་ལྟར་རྗེས་དཔག་གི་རིག་པས་དཔགས་ན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། “བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། ། རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། ། ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །”ཞེས་རིས་མེད་ཀྱིས་གཞི་གཅིག་ཏུ་བསྡུས་པ་ཡང་མིང་འདོགས་ལུགས་ཀྱི་ཟུར་མི་འདྲ་བ་ཙམ་མ་གཏོགས། དོན་གྱི་འབབ་ས་ནི་གཅིག་ཏུ་འགྲོའང་སྙམ།
བཞི། འཕྲིན་ལས་རྒྱ་ཆེ་བའི་ཡོན་ཏན།
        
འདིར་འཕྲིན་ལས་རྒྱ་ཆེ་བ་ཞེས་པ་ཡང་བསྟན་བཅོས་འདི་བརྩམས་ནས་ལོ་ངོ་ཉིས་བརྒྱ་ལྷག་འདས་རྗེས་ཀྱི་དེ་རིང་། བསྟན་བཅོས་འདི་ནི་ས་སྒང་རིལ་མོར་ཁྱབ་ནས་མིའི་རིགས་ཐུན་མོང་གི་ལོངས་སྤྱོད་ཀྱི་གསོས་སུ་སྨིན་བཞིན་པ་དེ་ལ་བརྗོད་པ་ཡིན། དེ་ལ“བསྟན་བཅོས་འདི་ཐོག་མར་དབྱིན་ཡིག་ཏུ་སྒྱུར་མཁན་ནི། ཧིན་རྡུའི་བོད་རིག་པ་གྲགས་ཅན་རྡ་སི(达斯)ཡིན་ལ། ཁོང་གིས་ཐོག་མར་བསྒྱུར་བྱའི་ནང་དོན་ནི་ཐུའུ་བཀྭན་གྲུབ་མཐའ་ལས་བོན་གྱི་སྐོར་ཡིན་ལ། དེ་བསྒྱུར་བ་ནས་བཟུང་རྒྱལ་སྤྱིའི་སྟེང་ནས་བོན་ལ་དོ་སྣང་བྱེད་ཤུགས་ཆེ་རུ་སོང་བར་བཤད།”དེ་ནས་རིམ་བཞིན་ཡིག་རིགས་གཞན་དུའང་བསྒྱུར་ཡོད་དེ། “དེང་རབས་བོད་རིག་པའི་འཕེལ་རྒྱས་དང་ཞིབ་འཇུག་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན། ཐུའུ་བཀྭན་གྲུབ་མཐའི་རིན་ཐང་ཡང་མངོན་པར་འཕགས། དེང་གི་དུས་སུ་དབྱིན་འགྱུར་ཕུད་པའི་རྒྱ་ནག་གི་འགྱུར་དང་། འཇར་མན་གྱི་འགྱུར། ཨུ་རུ་སུའི་འགྱུར་སོགས་འགྱུར་ཡིག་ཁག་ལ་མི་རྣམས་ཀྱིས་བལྟ་ཀློག་དང་ཞིབ་འཇུག་བྱེད་བཞིན་ཡོད།” ཉི་ཧོང་གི་སྐད་དུ་ལི་ཕྲོན་ཝུའུ་ཙང(立川武藏)གིས་དཔལ་ལྡན་ས་སྐྱ་པའི་ཐད་ཀྱི་ས་བཅད་བསྒྱུར་ཡོད་ལ། དེ་ཡང་ཉི་ཧོང་ཤར་མའི་ཡིག་ཚགས(东洋文库)སུ་བཞག་འདུག དེ་བཞིན་དུ་དབྱི་ཐ་ལིར་ཏུའུ་ཆི(图奇)དང་པེ་ཏ་ཁི(皮特奇)གཉིས་ཀྱིས་བསྒྱུར་བར་མཛད་ཅིང་། ཕྱིས་སུ་རོ་མ་ཤར་མའི་དཔེ་ཚོགས(罗马东方丛书)སུ་བསྡུས་ཡོད། སོག་སྐད་དུ་ཡང་སོག་ཡུལ་དུ་བསྟན་པ་དར་བའི་ཐད་ཀྱི་ས་བཅད་བསྒྱུར་ཡོད་པར་ཐོས་མོད། ཁུངས་བཙུན་གྱི་རྒྱུ་ཆ་མ་མཐོང་བས་རེ་ཞིག་བཞག མདོར་ན་ཁོ་བོས་རྙེད་པའི་འགྱུར་གཅིག་པུའི་དབང་དུ་བཏང་ནའང་། སྐད་རིགས་བདུན་ལྷག་ལ་བསྒྱུར་འདུག་ལ། དེ་བཞིན་ཡིག་རིགས་སྣ་མང་དང་ཟུར་མི་འདྲ་བའི་དཔྱད་འབྲས་ནི་དེ་ལས་ཀྱང་མང་བར་སྨོས་མ་དགོས། འདི་ཡང་བསྟན་བཅོས་འདིའི་རྨ་མེད་པའི་ཁྱད་ཆོས་ཤིག་ཏུ་མི་རུང་བ་ཅི་ཡང་མེད་པར་སྙམ།
ལྔ། རྗོད་བྱེད་ཚིག་གི་ཁྱད་ཆོས།
        ཇི་སྐད་དུ། ལུས་ནི་བརྗོད་པར་འདོད་པའི་དོན། །རྣམ་པར་དཔྱད་པའི་ཚིག་གི་ཕྲེང་། །དབྱེ་ན་བཅད་ལྷུག་སྤེལ་མ་གསུམ། །ཞེས་བརྗོད་པ་ནང་བཞིན། བསྟན་བཅོས་འདི་ནི་རྩོམ་ལུས་རྣམ་གསུམ་ལས་བཅད་ལྷུག་སྤེལ་མའི་རྣམ་པར་བརྩམས་ཡོད་ནའང་། ཁོང་ནི་སྐད་རིགས་སྣ་མང་དང་མདོ་སྔགས་རིག་གནས་ཀུན་ལ་བྱང་ཆ་ཆེ་བའི་མཁས་པ་ཆེན་པོ་ཡིན་སྟབས། རྗོད་བྱེད་གཅིག་པུའི་སྟེང་ན་ཡང་ཁྱད་ཆོས་མངོན་པར་འཕགས་པ་ཡོད་དེ། ཚིག་ལྷུག་ལྟ་བུར་མཚོན་ན། ཚིག་ཉུང་གིས་དོན་གྱི་གནད་འབྱིན་པ་ནི། དཔེར་ན། རྒྱ་གར་འཕགས་པའི་ཡུལ་གྱི་ཕྱི་ནང་གི་གྲུབ་མཐའ་ལྟ་བུར་མཚོན་ན། ཀུན་མཁྱེན«གྲུབ་མཐའ་ཆེན་མོ»དང་། ལྕང་སྐྱ་རོལ་བའི་རྡོ་རྗེའི«ཐུབ་བསྟན་ལྷུན་པོའི་མཛེས་རྒྱན»སོགས་པོད་རྒན་དག་གིས་སྤྲོ་བྱ་རྣམས་གཞུང་འདིར་ཤོག་གྲངས་བཞི་བཅུ་ལྷག་གིས་གནད་དྲིལ་ནས་གསུངས་འདུག་ལ། བྱེ་བྲག་ཏུའང་བེམ་པོ་འཛུམ་རིས་ཀྱི་རྒྱ་སྟག་ཕྲ་བོ་ཞེས་པའི་ལྟ་མགུར་གྱི་ཚིག་གཅིག་དྲངས་ནས། མདོ་སྡེ་བ་ཞེས་པ་ཅི་འདྲ་ཞིག་ཡིན་པ་གཏན་ལ་ཕབ་ཡོད་པ་ལྟ་བུ། གཞན་ཡང་ཚིག་ཁ་གསལ་ལ་གོ་བདེ་བའི་ཁྱད་ཆོས་ཀྱང་རང་ཆས་སུ་མངའ། འདི་ནི་ཚིག་ལྷུག་གི་ཁྱད་ཆོས་མདོར་བསྡུས་སུ་བརྗོད་པའི་དཔེ་མཚོན་ཙམ་ཡིན།
        གཞན་ཚིགས་བཅད་ཀྱང་ཁྱད་པར་ཅན་དུ་མཐོང་སྟེ། ཁོང་གིས་བོད་ཀྱི་གྲུབ་མཐའ་ཁག་ཚང་མའི་དབུ་ཞབས་སུ་ཚིགས་བཅད་གཅིག་གམ་ཡང་ན་ཁ་ཤས་བཀོད་འདུག དེ་ཡང་དབུར་ཚིགས་བཅད་ཤོ་ལོ་ཀ་གཅིག་རེ་བཀོད་ནས་དེས་གྲུབ་མཐའ་གང་དེའི་སྟོན་པའམ་དེའི་ལུགས་ཅི་ཡིན་པ་སོགས་སྤྱི་ཙམ་བརྗོད་ཡོད་ལ། མཇུག་ཏུ་ཡང་བསྐྱར་གལ་བོ་ཆེ་ལ་ནན་ཏན་ཞེས་པ་ནང་བཞིན། སླར་ཡང་གྲུབ་མཐའ་གང་དེར་ཚད་མཐོའི་སྙན་ངག་གི་སྒྱུ་རྩལ་གྱི་སྒོ་ནས་ཕྱོགས་བསྡོམས་བགྱིས་འདུག འདིར་ཞི་བྱེད་པའི་གྲུབ་མཐའ་དཔེར་མཚོན་དུ་བཀོད་ན། དབུའི་ཚིགས་བཅད་ནི། “དམ་པ་རྒྱ་གར་བོད་ལ་ཐུགས་བརྩེ་བས། །སྡུག་བསྔལ་ཞི་བྱེད་ཆར་ཆེན་ལན་གསུམ་དུ། །ཕབ་རྣམས་གཅིག་ཏུ་འཁྱིལ་བའི་གདམས་ངག་མཚོ། །ཞི་བྱེད་ཅེས་གྲགས་གྲུབ་མཐའི་བྱུང་བ་གླེང་། །ཞེས་པ་ལས། རྒྱ་གར་དམ་པ་ནི་ཞི་བྱེད་ཀྱི་གདམས་པའི་ཁུངས་ཡིན་པ་དང་། གྲུབ་མཐའ་འདིས་གཙོ་བོར་ཤེར་ཕྱིན་ཉམས་ལེན་གྱིས་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པས་ཞི་བྱེད་དང་། དེ་ལ་ཡང་སྔ་ཕྱི་བར་གསུམ་ཡོད་པ་བཅས་ཤོ་ལོ་ཀ་གཅིག་གིས་བརྗོད་པས། འཆད་པ་པོས་འཆད་བདེ་ལ། ཉན་པ་པོས་འཛིན་སླ། དེ་མིན་ཉམས་ལེན་ལ་སྦྱོར་བ་ཞིག་ལ་མཚོན་ནའང་། ཚིགས་བཅད་འདི་གཅིག་པུའི་ཐོག་ནས་གཞུང་དོན་ཡོངས་སུ་རྫོགས་པ་བསྲིང་ཐུབ་པ་ཞིག་ལོས་ཡིན་སྙམ། མཇུག་ཏུ་ཡང་། “ཕ་རྒན་དམ་པ་སངས་རྒྱས་ཞེས་གྲགས་པས། །ཕ་རོལ་ཕྱིན་པའི་ལམ་གྱི་སྙིང་པོ་དང་། །ཕ་མའི་རྒྱུད་ཀྱི་མན་ངག་མཐར་ཐུག་པ། །ཕ་མཐའ་ཡས་པ་གངས་ཅན་པ་ལ་གསུངས། །མ་ལུས་གྲུབ་ཐོབ་རྣམས་ཀྱི་དགོངས་པའི་བཅུད། །མ་ལུས་འདུས་པའི་དམ་ཆོས་སྨན་མཆོག་འདི། །མ་ལུས་འགྲོ་བའི་སྡུག་བསྔལ་ཞི་བྱེད་ཅེས། །མ་ལུས་མཁས་པས་མགྲིན་གཅིག་བསྔགས་པར་བྱེད། །”11ཅེས་སྒྲ་རྒྱན་ལས་རྐང་པ་བཞི་གའི་ཐོག་མ་ལ་ཡོད་པའི་བར་ཆོད་པའི་ཟུང་ལྡན་གྱི་ལམ་ནས་ཞི་བྱེད་པ་ཞེས་པའི་གྲུབ་མཐའ་ནི་གང་ནས་མཆེད་པའི་ཁུངས་དང་དེ་མདོ་གང་གི་སྙིང་པོ་ཡིན་པ། རྒྱུད་གང་གི་མཐར་ཐུག་དང་། སྔར་གྱི་གྲུབ་ཐོབ་མཁས་པ་རྣམས་ཀྱིས་དེ་ལ་གདེང་འཇོག་ཇི་ལྟར་བགྱིས་ཚུལ་སོགས་མདོར་ན། གྲུབ་མཐའ་གང་དེར་ཚིག་ཉུང་ངུས་སྡོམ་ཆེན་པོ་ཞིག་མཛད་ཡོད་པར་སྙམ། །

མཆན།
① ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:191
② ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:431 
③ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:434
④ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ཞིབ་འཇུག [D] p25 
⑤ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:530 
⑥ འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་རྩོམ་གཅེས་སྒྲིག [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989:176
⑦ ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ་མཛོད། [M] མི་རིགས་དཔེ་སྐྲུན་ཁང་། 2017:512 
⑧ ཚེ་རིང་ཐར། ཞང་ཞུང་ཤེས་རིག་གི་རྒྱལ་སྤྱིའི་ཞིབ་འཇུག་གནས་བབ། [R] མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཐོག་ཁང་།
⑨ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ཞིབ་འཇུག [D] p23
⑩ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:179

11 ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:194

* སངས་རྒྱས་མཁར། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2018ལོའི་ནང་བསྟན་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
འབྲེལ་ཡོད་འོས་སྦྱོར།