༄༅། །རྔ་ཆེན་བརྡུངས་པའི་དབྱངས་འགྲོས།
རྩོམ་པ་པོ།:ཨོའུ་རྒྱ་ཀླུ་འབུམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-14
ཀློག་གྲངས།:
༄༅། །རྔ་ཆེན་བརྡུངས་པའི་དབྱངས་འགྲོས།
—«རྔ་ཆེན་རོལ་དབྱངས»ཞེས་པའི་སློབ་ཚན་ཁྲིད་རྗེས་ཀྱི་ཕྱིར་རྟོག
ཨོའུ་རྒྱ་ཀླུ་འབུམ་རྒྱལ།
སློབ་ཁྲིད་ཅེས་པ་ནི་སློབ་པ་དང་ཁྲིད་པ་སྟེ་དེ་གཉིས་ཕན་ཚུན་འབྲེལ་ཞིང་འབྲལ་དུ་མེད་པ་དང་། འཁྲིད་མཁན་ལ་སློབ་མཁན་དགོས་ཤིང་སློབ་མ་ནི་འཁྲིད་སའི་ཡུལ་གཙོ་བོ་ཡིན་པས། སློབ་མའི་གནས་ཚུལ་ལ་རྒྱུས་ལོན་དང་དབྱེ་ཞིབ་བྱེད་པ། ཁྲིད་ཚར་ན་སློབ་མས་ཤེས་རྟོགས་བྱུང་ཡོད་མེད་ཀྱི་ཚད་ལ་དམིགས་པ་དང་། སློབ་ཁྲིད་ལེགས་འགྲུབ་ཀྱི་ཆ་དང་ཕམ་ཉེས་ཀྱི་ཆ། དུས་ཐོག་ཐོལ་ཤེས་ཀྱི་ཆ་དང་བསྐྱར་ཁྲིད་ཇུས་འགོད་ཀྱི་ཆ་བཅས་ལ་ཕྱིར་རྟོག་དང་ཉམས་མྱོང་གསོག་འཇོག་བྱེད་པ་ནི་སློབ་ཁྲིད་ནུས་པ་གསོ་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་གྲུབ་འདུག་པས་ན། ཁོ་བོས་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་འགན་བབས་སློབ་གསོའི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་ལས་ལོ་རིམ་དགུ་པའི་སྟོད་ཆའི་སློབ་ཚན་ལྔ་པ«རྔ་ཆེན་རོལ་དབྱངས»ཞེས་པའི་སློབ་ཚན་དེ་ལོ་རིམ་དགུ་པའི་འཛིན་གྲྭ་བརྒྱད་པར། ཕྱི་ལོ༢༠༢༠ལོའི་ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོའི་སློབ་ཐུན་དང་པོར་སློབ་ཁྲིད་བྱས་རྗེས་ཀྱི་ཕྱིར་རྟོག་ཙམ་གླེང་བར་བྱ།
གཅིག ཁྲིད་སྟོན་ལེགས་འགྲུབ་ཀྱི་ཆ་ལ་ཕྱིར་རྟོག
སྐད་ཡིག་སློབ་ཁྲིད་ཀྱི་འགན་ཁུར་གཙོ་བོ་ནི་སྐད་ཡིག་གི་བྱང་ཚད(སྐད་ཡིག་གི་ཤེས་བྱ་དང་སྐད་ཡིག་གི་ནུས་པ། རིག་གནས་ཀྱི་བློ་སྦྱོང་། ཀུན་སྤྱོད་ཀྱི་ཚད་གཞི། མཛེས་རྟོག་གི་དགའ་སྣང་། རིན་ཐང་གི་ལྟ་བ། བརྩེ་སེམས་ཀྱི་ཉམས་འགྱུར།)ལྡན་པ་དང་། སྐད་ཡིག་གི་ཆེས་རྩ་བར་གྱུར་པའི་སློབ་སྦྱོང་ཐབས་ཤེས་ཁོང་དུ་ཆུད་རྒྱུ་དེ་ཡིན། དེ་ལས་སྐད་ཡིག་གི་ནུས་པ་སྟེ་འབྲི་ཀློག་འཆད་ཉན་གྱི་ནུས་པ་མཐོ་རུ་གཏོང་བ་གལ་ཆེ་ཚུལ་ལ། འཇུ་མི་ཕམ་གྱིས“འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།། དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།།”ཞེས་གསུངས་པ་ལྟར། སློབ་ཚན་འདི་ནི་གྱེར་ཀློག་སློབ་ཚན་ཞིག་ཡིན་ཞིང་འདིའི་བརྗོད་དོན་རྟོགས་ཤིང་ཚིག་གི་གཅོད་མཚམས་འགྲིག་པ། དབྱངས་ཀྱི་འདེགས་འཇོག་གསལ་བ། བརྩེ་དུང་ཐོན་པ་བཅས་ཀྱི་སྒོ་ནས་གྱེར་ཀློག་བྱས་ཏེ་བློར་བཟུང་ན། དེས་སློབ་མའི་བློར་འཛིན་གྱི་ནུས་པ་དང་སྙན་རྩོམ་རོལ་མྱོང་གི་ནུས་པ་ཇེ་མཐོར་གཏོང་ཐུབ་པར་མ་ཟད། སྐད་ཡིག་གི་ནུས་པའང་ངང་ངམ་ཤུགས་ཀྱིས་མཐོ་རུ་གཏོང་ནུས་པས། སློབ་མ་ཡོངས་ཀྱིས་གྱེར་འདོན་གྱི་ཚུལ་གྱིས་སྒྲ་གསལ་དག་སྙན་གསུམ་གྱི་སྒོ་ནས་བློར་བཟུང་བ་ནི་སློབ་ཁྲིད་ལེགས་འགྲུབ་ཀྱི་ཆ་ཞིག་དང་། སྙན་ངག་འདིའི་ནང་གི་མིང་ཚིག་གཙོ་བོ་བཞི་ཡོད་པ་དེ་དག་གི་མཚོན་དོན་རྟོགས་ལ་དེས་ཀྱང་སྙན་ངག་གི་ནང་དོན་རྟོགས་པར་རྨང་ལེགས་པོ་འདིང་ཐུབ་སོང་། གཞན་ཡང་རྩོམ་པ་པོའི་ལོ་རྒྱུས་བསྡུས་པ་ཞིག་དང་སྙན་ངག་འདི་བརྩམས་པའི་དུས་ཚོད། ལོ་རྒྱུས་ཀྱི་གནས་བབ། རྩོམ་པ་པོའི་བསམ་བློ་དང་སྙན་ངག་འདི་རྩོམ་པའི་ཀུན་སློང་། དགོས་པ་སོགས་ལ་ངེས་ཤེས་རགས་ཙམ་འདྲོངས་སོང་བ་སོགས་ནི་སློབ་ཚན་འདི་ཁྲིད་པའི་ལེགས་འགྲུབ་ཀྱི་ཆའོ།།
གཉིས། བློ་ཡིད་ཕམ་ཉེས་ཀྱི་ཆ་ལ་ཕྱིར་རྟོག
སྙན་ངག་འདི་ནི་འཆར་ཡན་གྱིས་ཕྱུག་ཅིང་ཤུགས་དྲག་པོའི་བསམ་བློའི་བརྩེ་དུང་མཚོན་པ་ཞིག་ཡིན་པས་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལ་ཤེས་རྟོགས་འབྱུང་དཀའ་ལ། རྩོམ་སྟངས་དང་སྒྲིག་གཞིའི་ཐད་ནས་རང་རེའི་སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི་ཁྱད་ཆོས་མངོན་པར་གསལ་ནའང་། སློབ་མར་རྩོམ་སྟངས་གསར་བ་འདི་རིགས་ཀྱི་ཁྱད་ཆོས་ངོ་སྤྲོད་དུས་ཁ་གསལ་དོན་འདུས་ཤིག་ཡོང་མ་ཐུབ་པ། སྙན་རྩོམ་འདིའི་བྱེ་བྲག་གི་དཔེ་འགོད་མཚར་ཞིང་མཚོན་བྱར་ཤེས་བྱའི་རང་བཞིན་གྱིས་ཕྱུག་པ་དང་། བརྗོད་བྱའི་དོན་ལ་མངོན་གསལ་གྱི་བསྡུར་བ་གྲུབ་ཡོད་ནའང་། དེ་དག་གི་ཕྱོགས་རེ་རེ་ནས་རྒྱས་སྤྲོས་ཁ་གསལ་ཞིག་ཡོང་ཁག་པོར་གྱུར་པ་ནི་བློ་ཡིད་ཕམ་ཉེས་ཀྱི་ཆའོ།།
གསུམ། སློབ་མ་ཟབ་ཞུགས་ཀྱི་ཚད་ལ་ཕྱིར་རྟོག
སློབ་ཁྲིད་བྱེད་དུས་སློབ་མ་གཙོ་གཞིར་འཛིན་པ་དང་སློབ་མར་སྨྲ་བརྗོད་ཀྱི་རང་དབང་སྟེར་བ། སློབ་མའི་བསམ་ཚུལ་དང་འབྲེལ་བའི་བྱེད་སྒོ་མང་ཙམ་སྤེལ་ནས་སློབ་མ་ཟབ་ཞུགས་བྱེད་དུ་འཇུག་པ་ནི་སློབ་ཁྲིད་ལ་མེད་དུ་མི་རུང་བས། སྙན་ངག་འདི་ཁྲིད་དུས་དབྱངས་འགྲོས་དང་བསྟུན་ནས་སློབ་མར་བརྩེ་དུང་ལྡན་པའི་སྒོ་ནས་གྱེར་ཀློག་བྱེད་དུ་བཅུག་ཅིང་། སློབ་ཚན་ཁྲོད་ཀྱི་མཚོན་དོན་ཁ་ཤས་ཐད་ལ་སློབ་མར་བགྲོ་གླེང་བྱེད་དུ་བཅུག་སྟེ་རང་རང་གི་བསམ་ཚུལ་བརྗོད་དུ་བཅུག་པར་མ་ཟད། རྩོམ་འབྲིའི་ནུས་པ་ལེགས་པའི་སློབ་གྲོགས་འགའ་རེར་རྩོམ་སྟངས་གསར་བ་འདིར་ལད་འབྲིའི་ཚུལ་གྱིས་སྙན་ངག་རེ་འབྲི་རུ་བཅུག་ལ། དེ་ངག་རིག་སྒྱུ་རྩལ་ལ་མོས་འདུན་ཡོད་པའི་སློབ་གྲོགས་སྐོར་ཞིག་ལ་གྱེར་འདོན་བྱེད་དུ་བཅུག་པ་སོགས་སློབ་མ་ཟབ་ཞུགས་ཀྱི་ཚད་ཀྱང་མཐོན་པོར་བསླེབས་སོང་།
བཞི། སློབ་མའི་གོ་ཤེས་ཀྱི་ཚད་ལ་ཕྱིར་རྟོག
སློབ་མས་ཚིག་དོན་ཤེས་རྟོགས་ཀྱི་ཚད་ལ་དམིགས་ཏེ་ལས་བྱར་སློབ་ཚན་བློར་འཛིན་དུ་བཅུག་པ་དང་མཚོན་དོན་གཙོ་བོ་དག་འབྲི་རུ་བཅུག་པས་དེ་དག་སློབ་མ་ཡོངས་ཀྱིས་ཚེགས་མེད་དུ་རྟོགས་འདུག་ལ། སློབ་གྲོགས་ཁ་ཤས་ལ་སློབ་ཚན་ཀློག་འགྲེལ་བྱེད་དུ་བཅུག་ཅིང་། ཁ་ཤས་ལ་རྩོམ་སྟངས་དབྱེ་ཞིབ་བྱེད་དུ་བཅུག་ན་རབ་འབྲིང་ཐ་གསུམ་དུ་འདུག་ཀྱང་ཀུན་གྱིས་སྤྱི་ཁོག་ཙམ་ལ་གོ་བ་ལོན་འདུག
ལྔ། དུས་ཐོག་ཐོལ་ཤེས་ཀྱི་ཆ་ལ་ཕྱིར་རྟོག
«སྐད་ཡིག་སློབ་ཁྲིད་བྱེད་གཞི»རུ་བཀོད་པའི་སྙན་ངག་འདི་བརྩམས་པའི་ལོ་རྒྱུས་རྒྱབ་ལྗོངས་སུ་བོད་རིགས་མི་དམངས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་དང་འབྲེལ་ནས་འགྲེལ་ཡོད་ལ། ༢༠༡༧ལོའི«སྦྲང་ཆར»དེབ་བཞི་པ་རུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒན་དཔའ་རྩེ་ལགས་ཀྱིས་སྙན་ངག་འདི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཁོ་ནར་འབྲེལ་ནས་འགྲེལ་འདུག སྔ་མ་ནི་དམའ་འབྲིང་སློབ་མའི་རྒྱུན་ཤེས་ཀྱི་ཚད་ལ་དམིགས་ཏེ་སྲིད་འབྱོར་རིག་གསུམ་རེ་རེ་ནས་ངོ་སྤྲད་ན་ཁྱབ་ཁོངས་ཆེ་ལ་གོ་དཀའ་ཞིང་ཉོག་པར་འདུག་སྙམ། ཕྱི་མ་སྟེ་བོད་ཀྱི་རྩོམ་རིག་འཕེལ་རྒྱས་དང་འབྲེལ་ན་གོ་སླ་ཞིང་ངེས་ཤེས་བསྐྱེད་སླ་བར་འདུག་པས་དུས་ཐོག་ཐོལ་ཤེས་ཀྱི་འགྲེལ་སྟངས་འདི་ལ་གཞི་བཅོལ་ཏོ།།
དྲུག བསྐྱར་ཁྲིད་ཇུས་འགོད་ཀྱི་ཆ་ལ་ཕྱིར་རྟོག
བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་ཀྱི་གོ་རིམ་ནི་སྦྱོར་དངོས་རྗེས་གསུམ་དང་དམ་དུ་འབྲེལ་བས། སློབ་ཚན་འདི་ཡང་བསྐྱར་འཁྲིད་པའི་གོ་སྐབས་ལྡན་ན། སློབ་ཚན་གྱེར་ཀློག་དང་སྙན་ངག་འདི་བརྩམས་པའི་ལོ་རྒྱུས་རྒྱབ་ལྗོངས། རྩོམ་པའི་ཀུན་སློང་དང་ཐ་སྙད་གཙོ་བོ་དག་གི་མཚོན་དོན་སོགས་སྦྱོར་བའི་གནས་སྐབས་སུ་གྲུབ་པར་བྱས་ཏེ། དངོས་གཞིའི་དུས་སུ་རྩོམ་སྟངས་གསར་བའི་ཁྱད་ཆོས་ངོ་སྤྲོད་རགས་ཙམ་དང་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་བསྡུར་གཤིབ་རགས་ཙམ། སློབ་ཚན་ཞིབ་འགྲེལ་སོགས་ཀྱི་ཐད་ནས་དགེ་སློབ་ཟུང་འབྲེལ་གྱི་བགྲོ་གླེང་མང་ཙམ་བྱས་ན། སྙན་ངག་འདིའི་ནང་དོན་དང་རྩོམ་སྟངས། བསྟན་དོན་བཅས་ལ་གོ་བ་གཏིང་ཟབ་ལོན་ཐུབ་པར་སྙམ་ལ། སློབ་ཁྲིད་རྗེས་སུ་ཡང་སློབ་མའི་བསམ་གཞིགས་ཀྱི་ནུས་པ་དང་འཆར་ཡན་གྱི་ནུས་པ། མཛེས་རྟོག་གི་དགའ་སྣང་དང་བརྩེ་སེམས་ཀྱི་ཉམས་འགྱུར་སོགས་སྟེ་སྐད་ཡིག་བྱང་ཚད་མཐོར་འདེགས་ལ་དམིགས་པའི་དཔེ་ཆ་དང་བརྩམས་ཆོས་འོས་སྦྱོར་བྱས་ན་འགྲིག་སྟེ། དཔེར་ན། རྩོམ་པ་པོ་ཁོང་གིས་བརྩམས་གནང་མཛད་པའི་སྙན་དེབ«གངས་ལྗོངས»དང«གངས་སེང་དཀར་མོའི་ང་རོ»སོགས་འོས་སྦྱོར་བྱས་པས་སྙན་ངག་འདིའི་རྩོམ་སྟངས་དང་དོན་ལ་གོ་བ་ལེན་སྟངས་ཐད་སྔར་ལས་བློ་སྐྱེད་འབྱུང་བར་རྔོ་ཐོགས་ཕྱིར། ཡང་བསྐྱར་སློབ་ཁྲིད་ཇུས་འགོད་བྱེད་དུས་དམིགས་ཚད་གསུམ་ལས་བརྒྱུད་རིམ་དང་ཐབས་ཤེས་ཀྱི་དམིགས་ཚད་ལ་གོང་དུ་བརྗོད་པ་ལྟར་སྦྱོར་དངོས་རྗེས་གསུམ་དང་འབྲེལ་ནས་འགྱུར་བ་ཨེན་ཙམ་བཏང་ན་ལེགས་པར་འདུག་སྙམ་མོ།།
རྩོམ་པ་པོ་ནི་འབའ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཡིན།
འབྲེལ་ཡོད་འོས་སྦྱོར།