༄༅། །རྗེ་རྒྱ་ནག་པ་མཆོག་གི་སློབ་གསོའི་དགོངས་དོན་སྐོར།
རྩོམ་པ་པོ།:རྟ་མགྲིན་དབང་རྒྱལ།
ཡོང་ཁུངས།:༢༠༢༠ལོའི་སྒྲོན་མེའི་ལོ་དེབ།
དུས་ཚོད།:2022-01-11
ཀློག་གྲངས།:
༄༅། །རྗེ་རྒྱ་ནག་པ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མའི་སློབ་གསོའི་དགོངས་དོན་ལ་རགས་ཙམ་དཔྱད་པ།
རྟ་མགྲིན་དབང་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་རྗེ་རྒྱ་ནག་པ་སྐུ་ཕྲེང་བཞི་བ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མའི་སློབ་གསོའི་དགོངས་དོན་ལ་དཔྱད་པ་རགས་ཙམ་བཏང་སྟེ། སློབ་གྲྭ་འདི་གའི་སློབ་གསོའི་འཕེལ་ཕྱོགས་ཀྱི་རྩ་བའི་རྒྱུ་རྐྱེན་དང་མ་འོངས་པའི་འཕེལ་ཕྱོགས་ལ་བསམ་བློ་བཏང་ཡོད།
[གནད་ཚིག] རྗེ་རྒྱ་ནག་པ་སྐུ་ཕྲེང་བཞི་བ། སློབ་གསོའི་དགོངས་དོན། མི་གཞི།
གླེང་གཞི།
དང་པོ། དམ་པ་ཉིད་སྐུ་གང་དུ་བལྟམས་པ།
མི་རིགས་སློབ་གསོའི་ལས་དོན་ལ་ཚེ་སྲོག་ཕུལ་བའི་སློབ་གསོ་བ་ཆེན་མོ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཕུལ་བྱུང་དགེ་རྒན། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་བཟང་པོ། རིག་གནས་ཆེ་ཆུང་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པ། ཀན་ལྷོའམ་ཀླུ་ཆུའི་སློབ་གསོའི་ལས་དོན་གྱི་ཞིང་སར་རྒྱུ་བཟང་ས་བོན་འདེབས་ལ་མཁས་པའི་རིག་པའི་སོ་ནམ་པ། སློབ་མ་དང་དགེ་རྒན་ཐུན་མོང་གི་དགེ་བའི་བཤེས་གཉེན་ཆེན་མོ་དམ་པ་འདི་ཉིད་ནི། རྗེ་བདག་ཉིད་ཆེན་པོས་ཇོ་བོ་རྗེའི་རྣམ་ཐར་གསུངས་སྐབས། རིགས་ཕུན་སུམ་ཚོགས་པར་སྐྱེས་པ་བཞེས་ཚུལ། རྟེན་དེ་ལ་བརྙེས་ཚུལ། བརྙེས་ནས་བསྟན་པ་བྱ་བ་མཛད་ཚུལ་ཞེས་རིམ་པ་གསུམ་དུ་གསུངས་པ་ལྟར། དམ་པ་འདི་ཉིད་སྐྱེས་པ་གང་དུ་བཞེས་པ་ནི་མཛད་པ་པོའི་རྣམ་ཐར་གནད་བསྡུས་སུ་སྤྱི་ལོ༡༩༤༧ལོའི་ཟླ་༥བའི་ཚེས༡༥ཉིན་མཛོད་དགེ་གླིང་ཐང་གི་བྱང་ཕྱོགས་སུ་ཆགས་པའི་བཞག་སྡོམ་བཀྲ་བོ་སྔོ་དྲན་ཞེས་པའི་རུ་སྡེ་རུ་གཞུང་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་ཡབ་ཁྱི་གུ་ཐར་དང་བྱམས་བརྩེ་རྒྱུད་ན་མངའ་ཞིང་མི་ཀུན་ལ་འདྲིས་ཤིང་སྙོམས་པའི་ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ༡༩༥༣ལོ་རང་ལོ་དྲུག་པའི་སྟེང་ལྷ་མོ་དགོན་གྱི་རྒྱ་ནག་པ་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་དགོན་དེར་གྲྭ་བ་བྱས་ཤིང་བོད་ཡིག་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན།
གཉིས་པ། བསླབ་པ་སློབ་གཉེར་ཕུན་ཚོགས་སུ་བྱས་པ།
༡༩༦༠ནས་༡༩༦༥ལོའི་བར་ཁྱོན་ལོ་ངོ་དྲུག་གི་རིང་ལ་སྟག་ཚང་ལྷ་མོ་དགོན་གྱི་དགེ་རྒན་ཨ་ཁུ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་ནང་དོན་རིག་པ་གཙོ་བྱས་པའི་སུམ་རྟགས་དག་གསུམ། ལོ་རྒྱུས། མངོན་བརྗོད་ཟློས་གར་རྩོམ་འབྲི་སོགས་སློབ་སྦྱོང་དཔྱིས་ཕྱིན་པ་སྦྱངས། ༡༩༦༦ལོ་ནས་༡༩༦༨ལོའི་བར་ཀན་ལྷོ་ཁུལ་ཆབ་སྲིད་སྦྱོང་བརྡར་འཛིན་གྲྭ་ནས་ཆབ་སྲིད་དང་རྒྱའི་སྐད་ཡིག་ཅུང་ཙམ་རེ་སློབ་སྦྱོང་བྱས། ༡༩༦༩ལོར་ཕ་ཡུལ་ཟི་ཁྲོན་མཛོད་དགེ་རྫོང་བཞག་སྡོམ་དུ་ཕེབས་ནས་ཕྱུགས་བཅོས་སྨན་པ་མཛད། དེའི་ཞར་དུ་ཨ་ཁུ་ཉི་མ་ཚང་དགེ་རྒན་དུ་བསྟེན་ནས་བརྡ་སྤྲོད་རིག་པ་དང་མངོན་བརྗོད་སྙན་ངག ཁྱད་པར་དུ་གསོ་རིག་རྒྱུད་བཞི་དཔྱིས་ཕྱིན་པར་བསླབས་ཤིང་། ཁྱད་པར་དུ་ཕྱུགས་ཟོག་གི་སྨན་ལ་སློབ་སྦྱོང་བྱས། དེ་ལྟར་ཕལ་ཆེར་ལོ་ངོ་བཞིའི་རིང་ཕྱུགས་ནད་སྨན་པའི་ལས་དོན་བསྒྲུབས་ཤིང་གཞན་ཕྱུགས་ཟོག་སྨན་པའི་འཛིན་གྲྭ་ཐེངས་ལྔ་བའི་དགེ་རྒན་བྱས་ནས་སློབ་མ་རྣམས་པར་ཡི་གེ་འབྲི་ཀློག་དང་དག་ཡིག་སུམ་རྟགས་མདོར་བསྡུས། སྨན་ཡིག་སོགས་བསླབས། ད་དུང་རུ་ཆེན་གྱི་ཆབ་སྲིད་མཚན་མོའི་སློབ་གྲྭའི་དགེ་རྒན་དང་རིག་རྩལ་ཞབས་བྲོ་ཁྲིད་སྦྱོང་གི་དགེ་རྒན་བྱས་ཏེ་སློབ་མ་ཚོའི་ཁྲོད་དུ་ཡི་གེ་འབྲི་ཀློག་ཐུབ་མཁན༨༥ཙམ་བྱུང་། ༡༩༧༢ནས་༡༩༨༡ལོའི་བར་སྔ་གཞུག་ཏུ་ལོ་ངོ་བཅུ་དགུར་རིག་པའི་དབང་བོ་དགེ་རྒན་ཉི་མ་ཚང་གི་དྲུང་ནས་བསྐྱར་དུ་གསོ་བ་རིག་པ། རྩིས་རིག་པ། ནང་དོན་རིག་པ། བཟོ་རིག་པ ། ལཉྩ། ལྦརྟུ་སོགས་འབྲི་ཀློག་དང་སུམ་རྟགས་དག་གསུམ་དང་སྙན་ངག ལོ་རྒྱུས་ཟློས་གར། སྐྱེས་དངོས་རྫས་གསུམ། གནམ་གཤིས་བརྟག་དཔྱད་སོགས་ཆོག་ཤེས་མེད་པར་སྦྱངས་བ་དམ་པ་ཉིད་ཀྱི་རང་རྣམ་དུ་གསལ་ཞིང་། ཡུལ་ཚོའི་ཕྱུགས་བཅོས་སྨན་ཁང་ནས་ཡུལ་ཚོའི་ལྔ་བདུན་སློབ་གྲྭའི་དགེ་རྒན་དང་ཚོད་ལྟ་ཚོགས་ཆུང་གི་འགན་འཛིན་སོགས་ལས་འཁུར་དེང་དུ་བླངས་ནས། དུས་ཚིགས་རང་བཞིན་གྱི་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཚུལ། ནད་རིགས་སྔོན་འགོག རང་བྱུང་གནོད་འཚེ་འགོག་ཐབས། རྩྭ་ཆུ་ལས་བྱུང་བའི་འབུ་རིགས་ཀྱི་ནད་འགོ་ཚུལ་དང་འགོག་བཅོས་བྱེད་ཐབས། གལ་ཏེ་ཕྱུགས་རིགས་ལ་དེ་འདྲའི་ནད་བྱུང་ན་གཤགས་བཅོས་བྱེད་ཐབས་ཁབ་བཙའི་གསོ་ཐབས་སོགས་འབྲོག་པའི་འཚོ་བར་དངོས་ཕན་གྱི་ལག་ལེན་རང་བཞིན་ཆེས་ཆེར་ལྡན་པའི་ཚོད་ལྟ་སོགས་བྱས་པས། སྔོན་ཐོན་ཚོད་ལྟ་ཚོ་ཆུང་ལ་གདམས་ཐོན་བྱུང་། དེར་བསྟུན་རིག་གཞུང་སློབ་ཚོགས་ཀྱི་ཁོངས་མིར་ཞུགས་ནས་འབྲེལ་ཡོད་ཚན་རིག་ཚོད་ལྟའི་བྱ་བ་རྒྱུན་འཁྱོངས་ལྷོད་མེད་བྱས་རྐྱེན་ལྗོངས་ཞིང་ལྔའི་ལྟ་སྐོར་བ་དང་སློབ་སྦྱོང་དུ་ཡོང་བའི་ཕྱུགས་ནད་སྨན་པ་མང་པོ་རང་བཞིན་གྱིས་འདུས་པ་ལ་ཟླ་ཁ་ཤས་རིང་། སྨན་གྱི་སྡེབ་སྦྱོར་དང་སྨན་རྫས་ངོས་འཛིན། སྨན་ཁབ་ཕབ་ཚུལ་སྦ་གསང་མེད་པར་སློབ་ཁྲིད་བྱས་པའང་རང་རྣམ་དང་གསུང་འབུམ་པོད་གཉིས་པའི་ཕྱུགས་ནད་བཅོས་ཐབས་སྐོར་གྱི་སྨན་སྦྱོར་ཐོར་བུ་ན་ལྷག་ཏུ་གསལ། ༡༩༨༡ནས་༡༩༨༧ལོའི་བར་ཟི་ཁྲོན་རྔ་བ་བོད་ཡིག་སློབ་འབྲིང་ནས་དགེ་རྒན་བྱས་ཤིང་། ས་སྐྱ་ལེགས་བཤད་ལས། མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་བསྡུ། རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ་ཞེས་པ་ལྟར། རིག་གནས་ལ་ཆོག་ཤེས་མེད་པར་ཡང་བསྐྱར་མཁས་པའི་དབང་བོ་ཨ་ཁུ་ཉི་མ་ཚང་གི་དྲུང་ནས་ཚད་མ་རིག་པ། ནང་དོན་རིག་པ། སུམ་རྟགས་ཀྱི་འགྲེལ་ལུགས་གྲགས་ཅན་པྲ་ཏི་དང་སི་ཏུ། གསེར་ཏོག་སུམ་རྟགས་སོགས་ལ་སྦྱངས་བ་དང་། རིག་པའི་ཁྱུ་མཆོག་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་སྤོབས་པའི་གདེངས་མཐོ་བའི་མཁས་དབང་དམུ་དགེ་བསམ་གཏན་གྱི་དྲུང་དུ་བརྡ་སྤྲོད་བློ་གསལ་འཇུག་ངོགས། སྙན་ངག་རིག་ལྡན་མཆོད་པའི་འོད་སྣང་། རིག་ལྡན་སྙིང་ཐིག རྩིས་རིག་པ། སྡེབ་སྦྱོར། དབྱངས་ཅན་སྒྲ་མདོ་སོགས་མཐར་ཕྱིན་པས་སྒྲའི་ཀུན་བཤད་ཀྱི་མཚན་ལ་ཚངས་སྲས་དགྱེས་པའི་ལང་ཚོར་བཏགས། དེ་ལྟར་དགེ་རྒན་གྱི་བགྱི་བ་དོན་དུ་གཉེར་བཞིན་རིག་གཞུང་སྦྱངས་པ་ལ་ཆོག་པ་མེད་པར་མུ་མཐུད་དུ་འཛིན་བདག་དང་སློབ་དཔྱོད་ཁང་། སློབ་སྟོན་ཁང་སོགས་ཀྱི་འགན་གཅིག་ལྕོག་ཏུ་བཞེས་ཤིང་སློབ་བུ་འབོར་ཆེན་གོང་རིམ་ཆེད་ལས་སློབ་གྲྭར་རྒྱུགས་འཕྲོད་པས་རང་སྐྱོང་ཁུལ་གྱི་ཕུལ་བྱུང་དགེ་རྒན་ལ་བདམས། མི་ལོ་བཅུ་དགུའི་རིང་ལ་སློབ་གསོའི་བྱ་བ་དོན་དུ་གཉེར་ཞིང་ཞར་དུ་རང་ཉིད་ཀྱིས་རིག་གཞུང་སྦྱངས་པའི་སྤོབས་མ་ཉམས་པར་ཡང་དང་བསྐྱར་དུ་སྦྱངས་བ་དཔྱིས་ཕྱིན་པ་མཛད་པ་ནི་རིག་གཞུང་ངོ་མའི་ཐབས་ལམ་ལ་འདྲེས་པའི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་གྱི་མཚོན་རྟགས་དང་། སློབ་གསོ་གཉེར་བ་ལ་རང་ཉིད་ཀྱིས་སློབ་སྦྱོང་སྔོན་དུ་བྱེད་པའི་གཞན་ཕན་སློབ་གསོ་བའི་མཛད་འཕྲིན་སྐྱོང་སྟངས་དེ་ཡིས། མི་ལོ་བཅུ་དགུའི་རིང་ཐད་དུ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སློབ་བུ་རྒན་དར་གཞོན་གསུམ་བགྲང་ལས་འདས་པ་བྱུང་པའང་ཉིད་ཀྱི་རང་རྣམ་དུ་ཞིབ་པར་གསལ།
གསུམ་པ། སློབ་གསོའི་ཁྲོད་ཀྱི་སློབ་སྒྲུབ་ཐབས་ལམ།
གཅིག ཡང་དག་པའི་སློབ་འཛུགས།ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཚུན་ནས་ཡང་དག་པའི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་ཏུ་མི་རིགས་སྲིད་ཇུས་རབས་དང་རིམ་པ་མང་པོ་ལག་ལེན་མཐར་ཕྱིན་བྱེད་པའི་ཇུས་བཟང་འོག་མི་རིགས་སློབ་གསོ་སྤྱི་དང་ཁྱད་པར་དུ་ཀན་ལྷོ་ཁུལ་གྱི་བོད་རིགས་སློབ་གསོ་དར་སྤེལ་གཏོང་བའི་ཆེད། སྔ་གཞུག་ཏུ་བོད་རིགས་སློབ་འབྲིང་དྲུག་གསར་དུ་བཙུགས། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནི་སྤྱི་ལོ༡༩༨༢ལོར། ཁུལ་མི་དམངས་སྲིད་གཞུང་གི་ཡིག་ཆ༠༥༤ཡི་དགོངས་དོན་ལྟར་སློབ་མ་རྒྱུན་སྡོད། བོད་རིགས་གཙོ་བོ། བོད་སྐད་ཡིག་གཙོ་བོ་བཅས་ཡིན་པའི་དམའ་མཐོ་འབྲིང་ཆ་ཚང་བའི་སློབ་འབྲིང་འཛུགས་རྒྱུར་ཐག་བཅད་པ་ལྟར། ཁུལ་རིག་སློབ་ཅུའུ། རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་། རིག་སློབ་ཅུས་བཅས་ཀྱི་འགོ་ཁྲིད་འོག་དགེ་རྒན་ལིས་ཀོ་ཆིན་སོགས་མི་སྣ་བཀོད་སྒྲིག་དང་གྲོན་དངུལ་འབོར་ཆེན་བཏང་ནས་༡༩༨༢ལོར་བཙུགས་ཤིང་། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་བཙུགས་ཚུན་གྱི་ལོ་ངོ་ལྔ་བ་དེ་སྤྱི་ལོ་༡༩༨༧ལོར་དམ་པ་ཉིད་ཟི་ཁྲོན་རྔ་བ་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་ནས་ཀན་སུའུ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ལས་གནས་སྤར་ཞིང་། སློབ་ཁྲིད་སློབ་གསོའི་འགན་འཁྲི་གཅིག་ལྕོག་ཏུ་བཞེས་པ་སྟེ། སློབ་གསོ་ཡང་དག་ཅིག་བྱེད་པ་ལ་ཐོག་མར་སློབ་སྒྲུབ་ཀྱི་ཐབས་ལམ་ཡང་དག་ལ་བརྟེན་རྒྱུ་ནི་གཙོ་བོ་སྟེ། སློབ་བསྡུའི་ཁྱབ་ཁོངས་ནི་གཞི་རིམ་ཞིང་བ་དང་འབྲོག་པའི་བུ་བུ་མོ་ཡིན་པ་དང་། བོད་རིགས་གཙོ་བོ། གཞན་མི་རིགས་གཞན་པའི་བུ་བུ་མོ་བོད་སྐད་ཤེས་པ་དང་བོད་ཡིག་སློབ་ཆུང་མཐར་ཕྱིན་ཚད་བརྒྱ་ཆ༥ཙམ་དམིགས་བསལ་གྱིས་བསྡུ་བ་སོགས་དེ་ལྟར་ལོ་རེ་བཞིན་སློབ་གྲྭ་འདི་ཉིད་དར་རྒྱས་ཀྱི་ལམ་ཁར་གོམ་པས་བསྙེགས་ཤིང་། སྤྱི་ལོ་༡༩༨༢ལོའི་སློབ་མ༤༠ནས་༡༩༩༠ ལོའི་བར་སློབ་བསྡུའི་ཚད་བསྡོམས་པས༣༡༡ནས་༤༠༠ལ་ཉེ་བ་རིམ་པར་འཕེལ་བ་དང་། འཛིན་གྲྭའི་ཁ་གྲངས་ཀྱང་༤ནས༩དང་༡༡ལ་འཕར། དེའང་ཞིབ་པར་བཤད་ན་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་དམ་པ་ཉིད་ཀྱིས་སྣེ་ཁྲིད་དང་བརྩོན་ལེན་བྱས་པས་རྟོགས་ཐུབ་ལ། དགེ་བཟོ་བ༦༠ནང་དུ་ཆེད་གཉེར་དགེ་རྒན་བོད་རྒྱ་ཧེ་སོགས་༣༢ཙམ་ཟིན། དེ་དག་ལ་རྩ་འཛུགས་ཀྱི་ཐད་ནས་ཏང་ཀྲི་པུའུ་དང་། སྲིད་འཛིན་སློབ་གཙོ། བཟོ་ཚོགས་འགོ་བ། སྤྱི་ཁྱབ་གུང་གཞོན་ཨུ་ཡོན། སློབ་མའི་ཨུ་ཡོན་ལྷན་ཚོགས། སློབ་སྟོན་ཁྲུའུ། སློབ་དཔྱོད་ཚོགས་པ། ཟ་ཁང་ཕྱུགས་ར། ཚོང་ཁང་ཚོད་ཞིང་བཅས་སློབ་སྒྲུབ་དང་འཚོ་བའི་ཐད་ལ་སྤྱི་དང་བྱེ་བྲག་གི་ལས་བགོས་གསལ་བོ་དང་དུས་ཚོད་བཀོད་སྒྲིག ལས་བགོས་ཞིབ་ཚགས་ལྡན་པར་བཏང་། སྤྱིར་གཞི་རྒྱ་ཆེ་རྒྱུ་མེད་པའི་སློབ་འབྲིང་འདི་ལྟ་བུ་ལ་མཚོན་ན་དགེ་བཟོ་བ་དང་སློབ་མའི་ཚད་གྲངས་དུས་ཐུང་ནང་འདི་འདྲར་འཕེལ་ཞིང་རྩ་འཛུགས་འཐུས་ཚང་དུ་ཐོན་པ་ནི་ཡང་དག་པའི་སྣེ་ཁྲིད་དང་མཛུབ་སྟོན་ལ་རག་ལས་པ་སྨོས་མི་དགོས་སོ། །
གཉིས། སློབ་སྒྲུབ་ཐབས་ལམ།
སློབ་གསོ་སྐྱོང་བར་ཞིབ་ཚགས་ལྡན་ལ་ཡང་དག་པའི་སློབ་སྒྲུབ་ཐབས་ལམ་ཞིག་འདོན་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། དམ་པ་ཉིད་ཀྱིས་བརྩམས་པའི་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་སྐབས་གཅིག་གི་སྒྲིག་ཡིག་ལས། དུས་ཚོད་བགོ་ཚུལ། སྤྱི་འགན་བགོ་ཚུལ། དགོངས་གནང་སྟེར་ཚུལ། དངུལ་ཆད་འགེལ་ཚུལ། བྱ་དགའ་སྟེར་ཚུལ། འགྲོ་བཀོལ་བྱེད་ཚུལ། བྱ་དགའ་སྟེར་ཡུལ། སློབ་ཁྲིད་བྱེད་ཐབས་སོགས་ལས་ངེས་པ་དོན་གྱི་དུས་འགྲོས་ལ་འགྲན་པ་ལྟ་བུའི་ལས་བགོས་དང་ལས་འགན་གསལ་བགོ། ཉིན་གཅིག་གི་ཆུ་ཚོད་དེ་ཆབ་ཁྲུས་ནས་མགོ་བརྩམས་ཤིང་། ཞོགས་ཟས་རོལ་བ། ཁྲིད་སྔོན་གྱི་གྲ་སྒྲིག ཁྲིད་དངོས། ཐུན་བར་གྱི་རྩལ་སྦྱོང་། གུང་ཇ། ཕྱི་དྲོའི་ཚོགས་ཐུན། དགོང་ཚོགས་བཅས་ཉིན་ཞག་གཅིག་དུས་བསྟུན་གྱི་ལས་བཀོད་ལྟར་དུ་ན་གཟའ་འཁོར་གཅིག་གི་ལས་སྐལ་དེ་ཞིབ་ཚགས་ངང་བཀོད་སྒྲིག གཟའ་མཇུག་ཕྱོགས་སྡོམ་དང་ལས་འགན་འཁུར་མཁན་གྱི་འགན་འཁྲི། ལས་བགོས་ལས་འགན་ལེགས་འགྲུབ་ལ་བྱ་དགའ་སྟེར་བ། སློབ་མ་སོ་སོའི་བར། འཛིན་གྲྭའི་བར་འགལ་བ་སོགས་སྒྲིག་འགལ་གྱི་ཕྱོགས་ལ་དེ་བསྟུན་གྱི་བསམ་བློའི་སློབ་གསོ་དང་ཚབས་ཆེན་རང་བཞིན་ལ་དངུལ་ཆད་འགེལ་ཚུལ་སོགས་དེ་བསྟུན་གྱི་ཐབས་ལམ་ཞིབ་ཚགས་དང་སྒྲིག་ཡིག་གཏན་འབེབ་ཞིབ་ཚགས་མཛད་པ་ནི་གསུམ་འབུམ་པོད་གཉིས་པའི་སློབ་གྲྭའི་གནས་ཚུལ་དང་སྒྲིག་ཡིག་གི་སྐོར་ན་ཞིབ་ཏུ་གསལ།
སློབ་སྒྲུབ་ཀྱི་གོམ་ཁ་བརྟན་པར་སྤོ་རྒྱུའི་རྩ་བ་ནི་དགེ་རྒན་གྱི་དཔུང་སྡེའི་སྟོབས་ཤུགས་ཇེ་ཆེར་སྤེལ་རྒྱུ་དང་། དགེ་རྒན་གྱི་བྱང་ཚད་ཡོན་ཚད་མཐོན་པོར་གཏོང་རྒྱུ་དེ་ཡིན་པ་སྨོས་མ་དགོས། དེ་བས་དམ་པ་ཉིད་ནི་འཛིན་གྲྭའི་ནང་གི་འཛིན་བདག་དང་སློབ་གྲྭ་ཡོངས་ཀྱི་བཤེས་གཉེན་ཡང་ཡིན་ཏེ། གཟའ་འཁོར་གཅིག་ལ་མཐོ་འབྲིང་སློབ་ཁྲིད་བརྒྱད་ལྷག་དང་དེར་དཀའ་སྣང་ཅི་ཡང་ཤར་མ་མྱོང་ལ། དེ་བཞིན་ཕྱི་དྲོ་དུས་ཚོད་གཅིག་དང་དགུང་མོ་དུས་ཚོད་གཅིག་གིས་བཅད་པའི་ཉིན་གཅིག་ལ་ཐེངས་གཉིས་རེར་དགེ་རྒན་ཚོ་ལ་སློབ་ཁྲིད་བྱས་པ་དང་། དེ་ལྟར་དགེ་རྒན་རྣམ་པར་སློབ་ཐུན་བཅུ་དང་བཅས་སྡོམ་པས་གཟའ་འཁོར་གཅིག་ལ་སློབ་ཐུན་བཅོ་བརྒྱད་བྱས་པ་ཡིན། འགོ་ཁྲིད་ཀྱི་བྱ་བའི་སྟེང་ལ་འཛིན་བདག་གི་ཁུར། ད་དུང་སློབ་མའི་སློབ་ཁྲིད། དགེ་རྒན་ཚོར་སློབ་ཁྲིད་བཅས་བྱེད་པ་ནི་གཞན་ཕན་བློས་གཏོང་གི་སྣང་ཚུལ་ཅི་ལ་མིན། རང་གི་བསམ་པར་ཉིན་གཅིག་ཡིན་ན་གཉིས་ཡིན་ན་མི་རིགས་སློབ་གསོའི་བྱ་བ་འདིར་ཕན་ཅུང་ཟད་ཐོགས་ནས་སྙམ་པ་ཁ་ཞེ་གཉིས་མེད་ཤར་མྱོང་། ཉིན་གཅིག་ཡིན་ན་གཉིས་ཡིན་ན་རང་ཉིད་ཁོ་ན་སྐྱིད་ན་སྙམ་པ་རྒྱུད་ལ་སྐྱེས་མ་མྱོང་མེད། ཞེས་གསུངས་པ་ནི་དོན་ལ་གནས་པའི་བྱང་སེམས་འབའ་ཞིག་ཏུ་འདོད།
ལྷག་དོན་དགེ་རྒན་གྱིས་སློབ་མར་འགན་འཁུར་བ་ནི་རྒྱུན་ལྡན་དུ་གྱུར་ཡོད་ན་ཡང་སློབ་མས་སློབ་མར་འགན་འཁུར་བ་ནི་སྐབས་ཐོག་ཏུ་བློ་ལས་འགོངས་པ་ཞིག་ཏུ་སྣང་མོད། དོན་དངོས་སུ་སློབ་མའི་འཚོ་བར་དངོས་ཞུགས་དངོས་གསལ་གྱི་ཐབས་ལམ་ཡག་ཤོས་ཤིག་ཏུ་འདོད་ལ། རང་སློབ་གྲྭ་འདིར་སློབ་མའི་ཚོགས་པའི་ཨུ་ཡོན་གསར་དུ་བཙུགས་པ་ནས། སློབ་རའི་བདག་དམ་གྱི་རྣམ་པ་གསར་བ་ཞིག་དང་སློབ་མ་རང་ཉིད་ཀྱི་ཁྱབ་ཆེ་བའི་རྩ་འཛུགས་ནུས་པ་སྐྱེད་བསྲིང་བའི་ཐབས་ལམ་ཞིག་ཡིན་པས། སློབ་གྲྭའི་གཞི་རྒྱ་ཇེ་ཆེར་སོང་བ་དང་། ཁྱད་པར་དུ་བཅའ་སྡོད་སློབ་གྲྭའི་དགེ་རྒན་གྱི་ལས་ཚེགས་ཇེ་ཆེར་སོང་བ་ལ་དགོངས་ཡངས་གནང་བ་ལས་གཞན་སློབ་མ་ཚོའི་འགྲན་སེམས་དང་འཇོན་ནུས་སྐྱེད་བསྲིད་བྱེད་ཕྱིར། སློབ་མའི་ཚོགས་པའི་ཉིན་ཞག་ཕྲུག་གཅིག་གི་སྒྲིག་ལམ་ཁྲོད་མི་གྲངས་ཚང་བརྩི། དགོང་ཚོགས་དང་ཉིན་གཅིག་གི་གཙང་སྦྲར་ལྟ་རྟོག རྩལ་སྦྱོང་གྲ་དག་ཡིན་མིན་སོགས་ལ་ཞིབ་བཤེར་བྱེད་པའི་འགན་འཁུར་ཞིང་། ཞར་དུ་གཟའ་མཇུག་ཏུ་སློབ་མའི་ཁྲོད་ཆེ་བཀུར་ཆུང་བྱམས་ཀྱི་སྦྱོར་བ་ལག་ལེན་དུ་བསྟར་བ་ནི། མཐོ་འབྲིང་སློབ་མ་ཚོས་དམའ་འབྲིང་སློབ་མའི་གྱོན་པ་རང་དགར་བཀྲུ་བ་སོགས་ལས་ཤེས་ཐུབ།
གསུམ། སློབ་སྒྲུབ་ཀྱི་ཡང་སྙིང་རྒན་བཀུར་བྱམས་སྐྱོང་།
རྗེ་བདག་ཉིད་ཆེན་པོས། ཡོན་ཏན་ཀུན་གྱི་གཞི་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཞེས་པ་ལྟར་ཀན་ལྷོ་སློབ་གསོའི་ཞིང་ཁམས་ཀྱི་བདག་ཉིད་དུ་གྱུར་བའི་དམ་པ་ཉིད་སྤྱི་ལོ༡༩༨༧ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ཕེབས་ཤིང་། སློབ་གསོ་སྒྲུབ་པ་ལ་མི་གཞི་ལེགས་པར་སྐྱོང་རྒྱུ་ནི་དམ་པ་ཉིད་ཀྱི་སློབ་གསོའི་དགོངས་དོན་ངོ་མ་ཡིན་ལ། གསུང་བཤད་གནང་བ་དང་ཉིན་རྒྱུན་གྱི་སློབ་མའི་ཁ་བརྡ་སློབ་གསོའི་ཁྲོད་ན་སློབ་སྦྱོང་ལེགས་པོ་བྱེད་རྒྱུ་གལ་ཆེ་ལ། དེ་ལས་ལྷག་པ་ནི་མི་ལེགས་པོ་ཞིག་བྱེད་རྒྱུ་ནི་རྩ་བ་ཡིན་ཞེས་གསུངས། དེ་ན་སློབ་གསོའི་རྩ་བའི་མི་གཞི་སློབ་གསོ་ནི་རྒན་བཀུར་ལས་མགོ་བརྩམས་ཤིང་། རྒན་བཀུར་ལས་ལག་ལེན་མཐའ་འཁྱོངས་པ་བྱེད་དགོས་པར་གདམས། མི་མི་ལ་སྐྱོང་མཁན་ཕ་མ་ཡིན། མི་ལྷ་ལ་སྐྱོང་མཁན་དགེ་རྒན་ཡིན། ཞེས་མི་གཞི་སློབ་གསོའི་རྩ་བ་ཡིན་པར་གསུངས་བ་ནི་གདམས་པའི་མཆོག་ཏུ་འདོད་ལ། དམ་པ་ཉིད་གཙོས་སློབ་འབྲིང་དང་པོ་དང་གཙོས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་དགེ་སློབ་རྣམས་ལ་གནང་བའི་མི་རིགས་སློབ་གསོའི་སྐོར་གྱི་གསུང་བཤད་དུ། སྤྱིར་སློབ་གསོ་ཞེས་པ་ནི་སློབ་གསོ་མྱོང་མཁན་གྱི་མི་དེ་སྤྱོད་ཡོན་གཉིས་ཆ་ནས་ཡར་ལྡན་དུ་སྐྱོང་བ་དང་བློ་རིག་དང་ཐབས་ཤེས་བསླབ་པའི་རིམ་པ་དང་། ཡང་ན་དེ་ཉིད་ཡ་རབས་ཀྱི་ལས་ལ་གོམས་པ་ཞིག་ཡིན་ན་གོམས་པར་འཇུག་པ། སྤྱོད་པ་ཚུལ་མཐུན་མིན་པ་ཚུལ་མཐུན་དུ་གནས་པར་བྱ་བ་སོགས་མ་ཚང་བ་དང་མ་འཛོམས་པ་བསླབས་ནས་གསོ་བ་སྟེ་སྐྱོང་བ་ཡིན་པས་དེ་འདྲའི་ལས་དེ་ལ་སློབ་གསོ་ཟེར་ཡིན། ཞེས་སློབ་གསོའི་གོ་དོན་འཇོག་ཚུལ་གྱི་སྟེང་ནས་མངོན་པ་ནི་མི་གཞི་གཙུག་ཏུ་འཛིན་གྱིན་ཡོད་པ་རྟོགས་ཡོང་། བསླབ་ཚན་རིགས་མང་པ་ལ་དགེ་རྒན་རིགས་མང་པོ་ཡིན་པས། སློབ་བུ་ཚོས་རིགས་ཞེན་ཁོ་ནའི་འདུ་ཤེས་མེད་པར། སོ་སོར་བཀུར་དགོས་པར་གདམས། དེར་བརྟེན་སློབ་གསོའི་བྱ་གཞག་ཡོངས་ཀྱི་རབ་དང་སྙིང་བོ་ནི་དགེ་རྒན་ལ་གུས་པར་བྱ་བ་འདི་ཡིན། སློབ་མ་ལ་ལས་བོད་རིགས་དགེ་རྒན་བཀུར་བ་དང་རྒྱ་རིགས་དགེ་རྒན་མི་བཀུར་བ་རེད། སློབ་མ་ལ་ལས་དགེ་རྒན་རྒན་པ་བཀུར་བ་དང་དགེ་རྒན་ན་གཞོན་མི་བཀུར་བ་རེད། སློབ་མ་ལ་ལས་དགེ་རྒན་ཕོ་བཀུར་བ་དང་དགེ་རྒན་བུད་མེད་མི་བཀུར་བའི་སྣང་ཚུལ་བྱུང་དང་འབྱུང་བཞིན་པ་རེད། ཁྱོད་ཀྱི་ལྟར་ན་གྲོང་ན་ཡོད་པའི་རྒན་རྒོན་ལོ་ལོན་དེ་དག་ཀྱང་དགེ་རྒན་བཟང་བོར་འགྲོ་བས་གད་མོའི་གནས་སུ་འགྲོ་ངེས་རེད་ཅེས་རྒན་བཀུར་གྱི་གོ་དོན་ངོ་མ་གསལ་རྟོགས་ཡོང་ལ། སྔོན་བྱུང་མཁས་དབང་ཚོས་རིག་གནས་སློབ་ཕྱིར་དབུས་གཙང་ནས་བལ་བོ་དང་ཁ་ཆེ་རྒྱ་གར་བྷང་ག་ལ། སོགས་ལ་ཕེབས་ནས་དགེ་རྒན་བསྟེན་ཞིང་གཙུག་ཏུ་བཀུར་བ་དཔེ་བཞག་སྟེ་གསུངས་ཤིང་། ཁྱད་པར་དུ་སྒྲ་སྒྱུར་མར་བས་རྗེ་བཙུན་ནྰ་རོ་བ་བསྟེན་ཚུལ་སོགས་བཀའ་བརྒྱུད་གོང་མའི་ཡིད་འཕྲོག་པའི་སློབ་གཉེར་ལ་རྡོ་རུས་ཐུག་པའི་བརྩོན་པ་མཛད་ཚུལ་ཆེས་ཆེར་གསུངས། བཀའ་གདམས་དགེ་བཤེས་པོ་ཏོ་པའི་དགེ་རྒན་བསྟེན་ཚུལ་གྱི་སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག་སོགས་གཞི་རྩར་གསུངས་ལ། དམ་པ་ཉིད་ཀྱིས་ཆུང་དུས་སུ་དགེ་རྒན་ཅི་ལྟར་བསྟེན་ཚུལ་སོགས་རང་གི་མྱོང་བ་ངོ་མ་གསུངས་བ་ལས་། མི་གཞི་རྩ་བར་འཛིན་པ་ནི་སློབ་གསོའི་ཡང་སྙིང་རྒན་བཀུར་ལེགས་པོར་སྒྲུབ་པའི་རྨང་གཞི་ནས་མི་གཞི་སྐྱོང་ཚུལ་རྩ་བར་བཟུང་བ་ལས་རྟོགས་ཐུབ། བྱམས་སྐྱོང་གི་ཐད་ནས་ཉིན་ཞག་ཕྲུག་གཅིག་གི་དགེ་སློབ་ཀྱི་སྒྲིག་ལམ་ཁྲོད། དམ་པ་ཉིད་ནི་རྒྱ་མཚོའི་གླིང་དུ་བགྲོད་པའི་དེད་དཔོན་དང་། སློབ་གསོ་སློབ་སྒྲུབ་ཁྲོད་ཀྱི་སྣེ་ཁྲིད་ཀྱི་ཚུལ་གྱིས། ནངས་སྔ་མོར་སློབ་གྲྭར་ཕེབས་པའི་སྔ་མ་དང་དགོང་མཚན་མོར་ཡུལ་ལ་ལོག་པའི་གཞུག་མ། སློབ་མའི་སློབ་སྦྱོང་གི་ཐབས་ལམ་ཕྱོགས་ལ་སྣེ་སྟོན། འཚོ་བའི་ཕྱོགས་ལ་ཐུགས་ཁུར། ནད་པ་དང་སྙུན་གཞི་ཅན་ལ་སྨན་བཅོས་སོགས་མདོར་ན་སློབ་གྲྭ་རང་གི་ཡུལ་ལྟར་སྐྱོང་ཞིང་སློབ་བུ་རང་གི་བུ་བཞིན་སྐྱོང་བ་ནི་སུ་དང་གང་གིས་ཀྱང་དོ་ཟླར་མི་འབྱུང་བ་ནི་དགེ་དཔེ་གཞན་སྟོན་ཡིན་ལ། དེ་ལྟར་དུ་སློབ་གྲྭའི་ཁོར་ཡུག་ཀུན་ལ་དགེ་རྒན་ཚོས་ཀྱང་དེར་བསྟུན་གྱིས་སློབ་མར་བྱམས་ཀྱིས་སྐྱོང་བའི་རྣམ་པ་ཆད་མེད་དུ་མངོན་ཞིང་། དམ་པ་ཉིད་སློབ་གྲྭ་འདིར་ཕེབས་པའི་ལོ་གཉིས་པ་ནས་བཟུང་སྟེ། ཕལ་ཆེར་སྤྱི་ལོ༡༩༨༩ལོའི་ཟླ་བཅུ་གཅིག་པ་ནས་བཟུང་རྒན་བཀུར་བྱམས་སྐྱོང་གི་སྲོལ་བཟང་འདི་རྒྱུན་འཁྱོངས་བྱེད་ཕྱིར། ལོ་རེའི་ཟླ་བཅུ་གཅིག་པ་ནི་བོད་འབྲིང་གི་རྒན་བཀུར་བྱམས་སྐྱོང་གི་ཟླ་བར་གཏན་དུ་འཁེལ་བ་ནི་དམ་པ་ཉིད ༡༩༩༠ལོར་གཙོས་སློབ་འབྲིང་དང་པོའི་གདན་ཞུས་ལྟར་སློབ་གྲྭ་དེ་དང་ཁུལ་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་དགེ་སློབ་རྣམས་ལ་གནང་བའི་གསུང་བཤད་ན་ཞིབ་པར་གསལ། མི་གཞིའི་དོན་སྙིང་བླང་བྱར་བཟུང་བའི་བྱེད་སྒོ་དེ་ནི་སྤྱི་དང་བྱེ་བྲག་གི་རང་བཞིན་ལྷག་ཏུ་གསལ་ལ། ཞིབ་ཚགས་པ་ནི། འཛིན་གྲྭ་དང་འཛིན་གྲྭའི་བར། སློབ་མ་དང་སློབ་མའི་བར་སུའི་བཤེས་གཉེན་བསྟེན་ཚུལ་ལེགས་པར་ཞིབ་བསྡུར་གྱིས་ལེགས་པར་བྱ་དགས་བསྐུལ་བའི་ཐབས་ཀྱིས་སྲོལ་རྒྱུན་སློབ་གསོ་མི་ཉམས་པའི་སྲོག་ཤིང་འདི་ཉིད་རྒྱུན་འཛིན་བྱས་པར་དགེ་སློབ་ཡོངས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ། དེ་བས་དུས་ད་ལྟ་ཡིན་ན་ཡང་རྒྱུན་ཆགས་མེད་པར་རྒྱུན་སྐྱོང་དང་སྐྱོང་མུས་སུ་ཡོད་དོ། །
མཇུག་སྡུད་པ།
དམ་པ་ཉིད་ཀྱི་སློབ་གསོའི་དགོངས་དོན་ནི་སྤྱིར་སློབ་གྲྭ་ཁོ་ན་ཙམ་མ་ཡིན་པར་དམངས་ཁྲོད་ཕྱུགས་ནད་སྨན་བཅོས་དང་ཟློས་གར་འཁྲབ་སྟོན་གྱིས་མགོ་བརྩམས་ཤིང་། འཚོ་བར་དངོས་ཕན་གྱི་ལག་ལེན་ནས་བརྩམས་ཏེ་སློབ་གསོའི་ཁྲོད་དུ་བྱིངས་ཤིང་། དུས་ད་ལྟ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་དམ་པ་ཉིད་ཀྱི་སློབ་སྲོལ་གཙང་མའི་དགོངས་དོན་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། དེང་རབས་སློབ་གསོའི་དགོངས་དོན་ཁྲོད་སློབ་མའི་ཕྱོགས་ཡོངས་གསོ་སྐྱོང་བྱེད་པ་ལ་ཁ་ཕྱོགས་ཏེ་གཞེས་ནིང་ནས་སློབ་གྲྭ་འདི་གས་རྣམ་ཐར་ཟློས་གར་ཚོགས་པ་ཡང་བཙུགས་ཏེ། དམངས་ཁྲོད་དུ་འཁྲབ་སྟོན་ལ་སོང་བ་མ་ཟད་ཁུལ་རྣམ་ཐར་འཁྲབ་སྟོན་གྱི་འགྲན་ཡུལ་དུ་ཞུགས་ཤིང་དགའ་རྟགས་ཀྱང་མི་དམན་པ་ཐོབ། ལྷག་དོན་གསུང་འབུམ་འཁྲུངས་སྐར་གྱི་ཐད་ནས་དགེ་རྒན་ཡོན་ཏན་ལྷུན་གྲུབ་ཀྱི་གསོག་ཉར་དང་དང་ཟམ་ཚ་ཚེ་རིང་དོན་གྲུབ། སློབ་གཙོ་དཀོན་མཆོག་ཚེ་བརྟན། རྒན་འབྲུག་པ་རྒྱལ། ཚེ་དཔག་རྣམ་རྒྱལ། སློབ་གཙོ་གཞོན་པ་ཕྱག་རྡོར་སྐྱབས་སོགས་གཙོ་བྱས་པའི་དངོས་ཤུགས་རྒྱུ་ཤུགས་གང་རུང་ནས་རོགས་སྐྱོར་བྱས་ཏེ་གསུང་འབུམ་པོ་ཏི་གཉིས་ལོངས་པ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༢༠ལོའི་ཟླ༧པར་དཔར་ཐེངས་དང་པོ་སྐྲུན་ཞིང་སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་ཟླ༩ཚེས༢༥ལ་སློབ་གྲྭ་འདི་ག་ནས་འགྲེམ་སྤེལ་གྱི་མཛད་སྒོ་དངོས་སུ་བསྡུས།
འབྲེལ་ཡོད་འོས་སྦྱོར།