logo

ཁྱིམ་བདག་གིས་བྱིས་པའི་ལས་བྱར་ཟུར་ཁྲིད་བྱེད་ཐབས།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་མེ་ལོང་། དུས་ཚོད།:2022-09-16 ཀློག་གྲངས།:
        ནམ་རྒྱུན་མ་བུའི་བརྩེ་འདང་ཟབ་ནའང་ལས་བྱར་ཟུར་ཁྲིད་བྱེད་སྐབས་སྙིང་རླུང་སྟོད་ལ་འཚངས་ནས་ཁྱིམ་བདག་རྣམས་ཀྱིས་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་ལ་ཚོད་འཛིན་བྱེད་ཐུབ་ཀྱིན་མེད་པ་རེད།
        ཁྱིམ་བདག་ལ་ལ་ཁོང་ཁྲོ་ལངས་དོན་ནི་བྱིས་པས་རང་གི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་མི་ཐུབ་པ་དང་། དུས་ཐོག་ཏུ་ལས་བྱ་ལེགས་འགྲུབ་བྱེད་མི་ཐུབ་པ། ལས་བྱ་འབྲི་སྐབས་སེམས་རྣལ་ལ་མི་འབབ་པར་སྒྱིད་ལུག་བྱེད་པ་བཅས་ཀྱི་རྐྱེན་རེད། ཁྱིམ་བདག་ལ་ལ་ཁོང་ཁྲོ་ལངས་དོན་ནི་བྱིས་པས་ཆེས་སླ་བའི་རྩིས་གཞི་འགའ་རེའང་ཡག་པོར་རྩིས་མི་ཤེས་པའམ་རྩིས་ནོར་བྱུང་བས་རེད། ཡང་ཁྱིམ་བདག་ལ་ལ་ཁོང་ཁྲོ་ལངས་དོན་ནི་བྱིས་པའི་སློབ་སྦྱོང་གི་རྣམ་འགྱུར་དང་རང་ཉིད་ཀྱི་སེམས་ནང་གི་རེ་བའི་བར་ཁྱད་པར་ཅུང་ཆེ་བས། སེམས་ནས་དང་ལེན་བྱེད་མ་ཐུབ་པས་རེད།
        ཕ་མ་ཞིག་ཡིན་པའི་ཆ་ནས། ངས་རྒྱུན་པར་ངེས་པར་དུ་རང་ཉིད་ཀྱི་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། བྱིས་པས་ལས་བྱ་འབྲི་བར་ཟུར་ཁྲིད་བྱེད་སྐབས་རང་སེམས་ལ་བདག་དམ་ལེགས་པོ་བྱེད་དགོས་པའི་གསལ་འདེབས་བྱེད་བཞིན་ཡོད། འོན་ཀྱང་བྱིས་པ་ལོ་རིམ་གསུམ་པ་དང་བཞི་པར་ཐོན་དུས་ལས་བྱའི་དཀའ་གནད་ཇེ་ཆེར་སོང་བ་དང་བསྟུན་ནས་ངས་བྱིས་པའི་ལས་བྱར་ཟུར་ཁྲིད་བྱེད་སྐབས། སྐབས་འགར་ཡང་སྙིང་རླུང་སྟོད་ལ་འཚངས་ནས་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་ལ་ཚོད་འཛིན་བྱེད་ཐབས་བྲལ་བའི་སྣང་ཚུལ་ཐོན་པ་རེད། དེ་བས་སེམས་ལྷོད་ལ་བབས་ནས་ཇི་ལྟར་བྱས་ན་ད་གཟོད་གནས་ཚུལ་འདི་རིགས་མི་འབྱུང་བའམ་ཡང་ན་འབྱུང་ཚད་ཇེ་ཉུང་དུ་གཏོང་བའི་སྐོར་ལ་བསམ་བློ་བཏང་བ་ཡིན།
བྱིས་པའི་སྟེང་ལ་ཁོང་ཁྲོ་མི་ལངས་པར་བྱེད་ཐབས།
        ང་ཚོས་རྒྱུན་དུ་རང་ཉིད་ཀྱི་ཉེ་མིའི་སྟེང་དུ་ཁོང་ཁྲོ་ཕྱིར་ཕུད་ཀྱིན་ཡོད། འཛེམ་བག་མེད་པར་ང་ཚོ་ཆེས་དགའ་བའི་བྱིས་པའི་སྟེང་ཁོང་ཁྲོ་ལངས་བ་ནི་བསམ་བློར་ཚོད་འཛིན་བྱེད་མ་ཐུབ་པ་ཞིག་ཡིན་པས། དེས་བྱིས་པའི་སྐྲག་སྣང་ཆེར་བཟོ་བར་མ་ཟད། བྱིས་པའི་སེམས་ཁམས་ལ་གནོད་པ་ཐེབས་ནས་ཕྱིར་ངོ་ལོག་བྱེད་འདོད་པའི་སེམས་ཤུགས་བསྐྱེད་པ་རེད།
        དེ་བས་ང་ཚོས་གང་འདོད་དུ་བྱིས་པའི་སྟེང་ལ་ཁོང་ཁྲོ་བཀོལ་མི་རུང་།
        ཐེངས་ཤིག་ལ། ང་རང་ལས་གནས་སུ་བྱ་བའི་དབང་གིས་སེམས་འཚུབ་ཅིང་ཁྱིམ་དུ་ལོག་དུས་ཧ་ཅང་འཕྱི། འོན་ཀྱང་བྱིས་པས་ད་རུང་ལས་བྱ་བྲིས་ཚར་མེད་པས། གློ་བུར་དུ་ཁོང་ཁྲོ་གཏིང་ནས་ལངས་བྱུང་།  དེ་དུས་བྱིས་པའི་མིག་མདངས་ལ་ཅི་བྱ་གཏོལ་མེད་དང་དངངས་སྐྲག་ཅིག་གིས་ཁེངས་འདུག
        རྗེས་སུ་བྱིས་པས་ང་ལ་བཤད་རྒྱུར། སྐབས་དེར་ཁྱོད་ནི་གདོན་འདྲེ་ཞིག་དང་འདྲ་ཟེར། དུས་དེ་ནས་བཟུང་། ངས་རྒྱུན་པར་རང་ཉིད་ཀྱི་བསམ་ཚུལ་ངན་པ་བྱིས་པའི་སྟེང་འཕོ་མི་རུང་བ་དང་། བྱིས་པའི་མིག་ནང་གི་གདོན་འདྲེ་ལྟ་བུ་ཞིག་ཏུ་འགྱུར་མི་རུང་བའི་གསལ་འདེབས་བྱེད་བཞིན་ཡོད།
བྱིས་པར་ལྟ་སྟངས་ཡང་དག་འཛིན་དགོས།
        བྱིས་པ་རྣམས་ལ་རང་རང་གི་ཁྱད་ཆོས་དང་བཟང་ཆ་ཡོད་པ་ཡིན། བྱིས་པ་ལ་ལ་གྲངས་རིག་ལ་མཁས་པ་དང་ལ་ལ་སྒྱུ་རྩལ་ལ་མཁས་པས། བྱིས་པའི་ཁྱད་ཆོས་དང་བཟང་ཆ་མཐོང་ཐུབ་དགོས། བྱིས་པར་བསྔགས་སྐུལ་དང་བསྔགས་བརྗོད་བྱེད་དགོས་པ་ལས་བྱིས་པའི་བྱ་བྱེད་ལ་ཁས་མི་ལེན་པ་དང་སྐྱོན་འཛུགས་ཡང་ཡང་བྱེད་མི་རུང་།
རང་ཉིད་ལ་ངོས་འཛིན་ཡང་དག་བྱེད་དགོས།
        ཁྱིམ་བདག་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན་པས། ཁྱིམ་བདག་གིས་བྱིས་པར་གཤེ་གཤེ་མ་བཏང་བའི་སྔོན་ལ། ཐོག་མར་རང་ཉིད་ནི་ཚད་ལྡན་གྱི་དགེ་རྒན་ལེགས་པོ་ཞིག་ཡིན་མིན་ལ་བསམ་བློ་གཏོང་དགོས། རིམས་ནད་བྱུང་བའི་སྐབས་སུ། སློབ་གྲྭས་དྲ་ཐོག་སློབ་ཁྲིད་བྱ་དགོས་པས། ངས་རང་གི་བྱིས་པར་ཁ་པར་ཞིག་ཉོས་པ་ཡིན། དུས་ཡུན་ངེས་ཅན་ཞིག་གི་རིང་ལ་བྱིས་པ་འཁྱུག་དབྱིངས་ལ་ཤིན་ཏུ་དགའ་བར་གྱུར་ནས་ཡུན་རིང་བོར་ཁྱིམ་དུ་བསྡད་དེ་ཁ་པར་ཁོ་ནར་གཡེང་འདུག་པས། ངས་བྱིས་པར་དེ་ལྟར་བྱེད་མི་རུང་བའི་ཁ་ཏ་སློབ་གསོ་བཏང་བ་ཡིན།
        བྱིས་པས་བཤད་རྒྱུར། “ཁྱོད་རང་ཡང་ཉིན་རྒྱུན་ཁ་པར་ལ་བལྟ་རྒྱུར་དགའ་བ་མ་ཡིན་ནམ”ཟེར། བྱིས་པས་སྐད་ཆ་དེས་ང་རང་གློ་བུར་དུ་ཁ་གྲག་རྒྱུ་མེད་པར་བཏང་བྱུང་། དངོས་གནས་རེད། བྱིས་པར་སློབ་གསོ་གཏོང་འདོད་ན་ཐོག་མར་བསྒྱུར་དགོས་པ་ནི་རང་ཉིད་ཀྱི་བྱ་སྤྱོད་རེད། སྐབས་དེ་ནས་བཟུང་ངས་ལག་གི་ཁ་པར་བསྐྱུར་ནས་ཉིན་རྒྱུན་དགོང་མོར་བྱིས་པ་ཁྲིད་ནས་སྒོ་ཕྱིར་འཆམ་འཆམ་དུ་སོང་བ་དང་། གཟའ་མཇུག་ཏུ་ཐོན་ཚེ་བྱིས་པ་ཁྲིད་ནས་སྤྱི་གླིང་དུ་བསྐྱོད་དེ་སྤོ་ལོའི་རིགས་ཀྱི་ལུས་རྩལ་སྣ་ཚོགས་ནང་ཞུགས་པ་ཡིན། རིམ་བཞིན་བྱིས་པས་ཁ་པར་ལ་གཡེང་བའི་དུས་ཚོད་ཇེ་ཐུང་དུ་གྱུར་ནས་སློབ་སྦྱོང་གི་རྣམ་པ་ཡང་རྒྱུན་ལྡན་གྱི་ལམ་དུ་ཞུགས་ཐུབ་པ་བྱུང་།
        དེ་མིན། མི་དར་མར་མཚོན་ན་ཧ་ཅང་སྒྲུབ་སླ་བའི་གནད་དོན་ཞིག་ཡིན་ནའང་། བྱིས་པར་མཚོན་ན་དཀའ་ལས་ཆེན་པོ་ཡོད་པ་རེད། དེ་བས་ང་ཚོས་མི་དར་མའི་བསམ་གཞིགས་ཀྱི་ཚད་གཞི་ལྟར་བྱིས་པར་རེ་བ་གཏན་ནས་འདོན་མི་རུང་། འཇིག་རྟེན་དུ་བྱིས་པ་རིག་རྒོད་ཅན་མང་པོ་མེད་ཅིང་། ཁྱིམ་བདག་གིས་རོགས་སྐྱོར་དང་སྒུལ་ཤུགས་ལ་བརྟེན་པའི་བྱིས་པ་མི་ཉུང་བ་ཞིག་ཡོད།
བྱིས་པར་ཐེ་གཏོགས་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས།
        བྱིས་པས་ལས་བྱ་འབྲི་བར་བསམ་གཞིག་གི་གོ་རིམ་ཞིག་ཡོད་དགོས་པ་ཡིན། ཁྱིམ་བདག་གིས་བྱིས་པས་ལས་བྱ་འབྲི་བར་ཚད་ལས་བརྒལ་བས་ཐེ་གཏོགས་བྱས་ན།  བྱིས་པར་དེ་ལས་ལྡོག་སྟེ་འཚུབ་སྣང་དང་འཇིགས་སྣང་བསྐྱེད་དེ། བྱིས་པས་རང་རྐྱ་འཕེར་བའི་སྒོ་ནས་བསམ་གཞིག་བྱེད་མི་ཐུབ་པའམ་ཡང་ན་གཞན་བརྟེན་གྱི་བསམ་བློ་ཆགས་སྲིད། དེར་བརྟེན། ཁྱིམ་བདག་གིས་རང་འགུལ་གྱིས་བྱིས་པས་ལས་བྱ་འབྲི་བར་ཐེ་གཏོགས་བྱེད་ཚད་ཇེ་ཉུང་དུ་བཏང་སྟེ། བྱིས་པར་རོགས་རམ་བྱེད་དགོས་པའི་སྐབས་སུ་དུས་ཐོག་ཏུ་རོགས་རམ་བྱེད་དགོས།
        བྱིས་པ་སློབ་ཆུང་དུ་ཞུགས་མ་ཐག་པའི་སྐབས་སུ། ཁོའི་ལས་བྱ་འབྲི་སྐབས་ང་ནམ་རྒྱུན་ཁོའི་གམ་དུ་བསྡད་ནས་ཁོར་རོགས་རམ་དང་ཁོའི་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲང་བྱས་པ་ཡིན། རིམ་བཞིན་བྱིས་པས་ཅུང་ཙམ་མི་ཤེས་པའམ་ཡང་ན་མི་གསལ་བ་ཞིག་ཡོད་ཚེ། རང་ཉིད་ཀྱིས་བསམ་བློ་མི་གཏོང་བར་ཐད་ཀར་ང་ལ་འདྲི་རྐྱང་བྱེད། རྒྱུན་པར་དེ་ལྟར་བྱེད་པས་ངས་ཁོ་ལ་སྐྱོན་བརྗོད་བྱས་པ་ཡིན། དེའི་རྗེས་སུ་བྱིས་པས་གནད་དོན་ཅི་ཡང་མི་འདྲི་མོད། འོན་ཀྱང་འགྲིག་མིན་གསལ་བོ་མི་ཤེས་པའི་རྩིས་གཞི་ཞིག་རྩིས་ཚར་རྗེས་སྐྲག་སྣང་གི་རྣམ་པ་ཞིག་མངོན་ཡོང་བ་རེད། དེ་བས་བྱིས་པས་ལས་བྱ་འབྲི་སྐབས་ང་ཁོའི་འགྲམ་དུ་བསྡད་ནས་དཔེ་ཆར་ལྟ་བ་དང་། བསམ་བཞིན་དུ་བྱིས་པར་དེ་འདྲའི་དོ་སྣང་དང་མཉམ་འཇོག་བྱེད་ཀྱིན་མེད་པའི་རྣམ་འགྱུར་བསྟན་པར་མ་ཟད། བྱིས་པས་ལས་བྱ་བྲིས་ཚར་རྗེས་ད་དུང་སྐུལ་ལྕག་དང་བསྟོད་བསྔགས་བྱས་པ་ན། བྱིས་པའི་མིག་ལ་ཡིད་ཆེས་ཀྱིས་ཁེངས་ཡོང་བར་མ་ཟད། རྩིས་གཞི་དཀའ་གནད་ཅན་ལ་འཕྲད་སྐབས་ཀྱང་རང་ཉིད་ཀྱིས་ཞིབ་ཏུ་བསམ་གཞིག་གཏོང་རྒྱུར་འབད་བཞིན་ཡོད། དངོས་གནས་མ་ཤེས་ཚེ་ད་གཟོད་ང་ལ་འདྲི་བར་བྱེད་པ་རེད།
        དེ་མིན། ཁྱིམ་བདག་གིས་བྱིས་པའི་ལས་བྱར་མཛུབ་ཁྲིད་བྱེད་སྐབས། གལ་ཏེ་ཁོང་ཁྲོ་ལངས་ཡོང་བའི་སྐབས་སུ། རབ་ཡིན་ན་བྱིས་པའི་གམ་དུ་མི་འདུག་པར་སྒོར་སོང་ནས་རིམ་གྱིས་སེམས་ཁམས་མར་འབབ་ཏུ་བཅུག་རྗེས་ཕྱིར་ལོག་ན་བཟང་།།

གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།