ཉུང་འཕྲི་གཉིས་ཀྱི་སྲིད་ཇུས་དང་ཐབས་ཇུས་ལག་བསྟར་བྱེད་ཐབས་གླེང་བ།
རྩོམ་པ་པོ།:བསོད་ནམས་རྡོ་རྗེ་ཡིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-10-26
ཀློག་གྲངས།:
༄༅། །རང་རྒྱལ་གྱི་འོས་འགན་སློབ་གསོའི་དུས་རིམ་དུ"ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་དང་ཐབས་ཇུས་ལག་བསྟར་བྱེད་པའི་ཞིབ་དཔྱད།
ཞའོ་ཡུང་ཏུང།(ཀྲུང་ཧྲན་སློབ་གྲྭ་ཆེན་མོ།)
བསོད་ནམས་རྡོ་རྗེ་ཡིས་བསྒྱུར།(མཚོ་ལྷོ་ཁུལ་སློབ་གསོ་ཅུའུ།)
གནད་བསྡུས། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ལས་བྱའི་འགན་ཁུར་ལྕི་དྲགས་པ་དང་སློབ་ཕྱིའི་གསབ་སྦྱོང་གི་ཁུར་པོ་མང་བ་སོགས་ཇེ་ཡང་དུ་གཏོང་བ། སློབ་གསོའི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་པར་བསྐྲུན་པ། ཁྱིམ་བདག་གི་སེམས་ཁྲལ་གྱི་བསམ་ཚུལ་ཞི་ལྷོད་དུ་གཏོང་བ། མ་ཟད་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རྒྱལ་ཁབ་ཀྱིས"ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་བཏོན་པ་རེད། "ཉུང་འཕྲི་གཉིས"ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད་དུ་རྩོམ་ཡིག་འདིའི་ནང་སྤྱི་ཚོགས་ལས་རིགས་ཁག་གིས་ཐབས་ཇུས་གང་འདྲ་ཞིག་སྤྱད་དེ"ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་འདི་བྱེད་ནུས་ཅན་དུ་ལག་བསྟར་བྱ་རྒྱུར་ཞིབ་དཔྱད་བྱས་ཡོད།
གནད་ཚིག། འོས་འགན་སློབ་གསོའི་དུས་རིམ། ལག་བསྟར། "ཉུང་འཕྲི་གཉིས"ཀྱི་སྲིད་ཇུས། ཐབས་ཇུས།
འགྲན་རྩོད་རྒོད་པའི་སྤྱི་ཚོགས་ཀྱི་འདུ་འགོད་འོག་ཉེ་བའི་ལོ་ཉི་ཤུའི་རིང་ལ་རང་རྒྱལ་དུ་སློབ་ཕྱིའི་གསབ་སྦྱོང་ལས་ཀ་སྣ་ཚོགས་བྱུང་། སྔོན་ཆད་རྒྱལ་ཁབ་ཀྱིས་ཀྱང་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ཁུར་པོ་ཡང་དུ་གཏོང་བའི་སྲིད་ཇུས་བཏོན་མྱོང་ཡང་ཕན་འབྲས་མངོན་གསལ་དོད་པོ་ཐོན་མེད། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས«འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ལས་བྱའི་ཁུར་པོ་དང་སློབ་ཕྱིའི་གསབ་སྦྱོང་འགན་ཁུར་སྔར་བས་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར»(གཤམ་དུ"ཉུང་འཕྲི་གཉིས"ཅེས་བསྡུ་རྒྱུ)བཏོན་ནས"ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།
གཅིག སྤྱི་ཚོགས་ལས་རིགས་ཁག་གིས་བབ་བསྟུན་གྱི་བྱེད་ཐབས་སྤྱད་དེ"ཉུང་འཕྲི་གཉིས"ལག་བསྟར་བྱེད་པར་འགན་སྲུང་བྱ་དགོས།
1. རྒྱལ་ཁབ་རིམ་པས་ལག་བསྟར་བྱས་པའི་ཐབས་ཇུས།(1) སྤྱི་ཚོགས་ཐོག་གི་མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་བསྒྱུར་དགོས། ད་ལྟ་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་ཅུང་དཀོན་པ་དང་། རྒྱལ་ཁབ་ཀྱིས་སྔར་བྱུང་མ་མྱོང་བའི་ཤུགས་ཚད་ཀྱིས་ལས་རིགས་སློབ་གསོར་རོགས་སྐྱོར་ཤུགས་ཆེན་བྱེད་པ་དང་། དངོས་གཞིའི་ཚན་ཁག་གི་སློབ་གྲྭ་ཆེན་མོ་དང་ལས་རིགས་ཆེད་སྦྱོང་སློབ་གྲྭ་མཉམ་དུ་བསྲེས་ཆོག རྒྱལ་ཁབ་ཀྱིས་མཐོ་རིམ་སློབ་གྲྭར་མ་དངུལ་འཇོག་པར་འབོད་སྐུལ་བྱས་ནས་མཐོ་རིམ་ལས་རིགས་སློབ་གྲྭ་དང་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་ཆེན་མོའི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་མཐོ་རུ་བཏང་མོད། འོན་ཀྱང་སྤྱི་ཚོགས་ཐོག་གི་མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་མེད་པས་རྒྱལ་ཁབ་ཀྱི་རོགས་སྐྱོར་ཁོ་ནར་བརྟེན་པ་ཙམ་གྱིས་གཏན་ནས་མི་འདང་།
(2) སློབ་ཁུལ་གྱི་ཁང་རིན་འཕར་བར་ཚོད་འཛིན་བྱ་དགོས། "ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་བཏོན་མ་ཐག་སྲོལ་རྒྱུན་གྱི་རྒྱུགས་སྤྲོད་སློབ་གསོའི་ཐོན་ཁུངས་ལ་ཚད་ཡོད་པའི་རྐྱེན་གྱིས་སློབ་ཁུལ་གྱི་ཁང་པ་ཚ་ཚ་འུར་འུར་དུ་གྱུར་པས་མ་དངུལ་མང་བོ་སློབ་ཁུལ་གྱི་ཁང་པའི་ཕྱོགས་ལ་བཏང་། སློབ་ཁུལ་གྱི་ཁང་པའི་རིན་གོང་གློ་བུར་དུ་འཕར་རྒྱུར་སྐུལ་འདེད་བཏང་བ་དང་སློབ་ཁུལ་ཁང་བདག་གིས་གོ་སྐབས་དེ་དང་བསྟུན་ནས་ཁང་པའི་རིན་གོང་ཧམ་སྤོར་བྱས་པས་སློབ་གསོའི་ཐོན་ཁུངས་དྲང་གཞག་མེད་པར་སྔར་བས་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་ཀྱིས་སྤྱི་ཁོག་སྙོམས་སྒྲིག་གི་བྱེད་ཐབས་ལ་བརྟེན་ནས་སློབ་ཁུལ་གྱི་ཁང་པའི་རིན་གོང་འཕར་བར་ཚོད་འཛིན་བྱ་དགོས།
(3) དགེ་རྒན་གྱི་ལས་གནས་བརྗེ་རེས་ལམ་ལུགས་ལག་བསྟར་བྱ་དགོས། སློབ་ཁུལ་གཅིག་ཏུ་ཡུན་རིང་དུ་བསྡད་པའི་དགེ་རྒན་གང་དེ་སློབ་གྲྭ་བརྗེ་རེས་བྱས་ནས་སློབ་ཁྲིད་བྱེད་པ་ལས། ཕུལ་བྱུང་དགེ་རྒན་དེ་སློབ་གྲྭའི་མཚན་སྙན་གཉེར་ཆེད་དུ་ལས་གནས་མ་སྤར་བར་འདུག་དུ་འཇུག་མི་རུང་། དགེ་རྒན་གྱི་ལས་གནས་བརྗེ་རེས་བྱས་ན་ཁྱིམ་ཚང་མང་ཆེ་བར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་དུ་འཇུག་ཐུབ་པ་དང་། སློབ་ཁུལ་གྱི་ཁང་རིན་འཕར་བར་ཚོད་འཛིན་གྱི་ནུས་པ་ཐོན་ཐུབ།
(4) སྙན་གྲགས་རྒྱས་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ་བསྡུ་སྟངས་མི་གྲངས་ཆ་སྙོམས་ལྟར་བགོ་བཤའ་རྒྱག་དགོས། ཧྲང་ཧའེ་ཡིས་སྙན་གྲགས་རྒྱས་པའི་མཐོ་རིམ་སློབ་འབྲིང་གིས་རྒྱུགས་འབྲས་བཟང་བའི་སློབ་མའི་མི་གྲངས་ཉུང་མཐར་ཡང་ཕྱེད་ཀ་ཆ་སྙོམས་བྱས་ནས་མཐོ་འབྲིང་གཞན་པ་ཚང་མར་བགོ་བཤའ་བརྒྱབ་པ་རེད། ཐབས་ཇུས་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་གནས་ཚུལ་དངོས་ལ་གཞིགས་ནས་ལག་ལེན་བྱས་ཆོག
2. སློབ་གསོ་སྡེ་ཁག་གིས་ལག་བསྟར་བྱས་པའི་ཐབས་ཇུས།
(1) རྒྱུགས་ལེན་གྱི་ནུས་པ་ཁ་གསལ་བཟོ་དགོས། སློབ་ཁྲིད་ཀྱི་སྤུས་ཚད་ལ་གདེང་འཇོག་བྱེད་ཐབས་ལེགས་བཅོས་བྱས་ཏེ་དམའ་འབྲིང་སློབ་རིམ་འཕར་བའི་རྒྱུགས་ལེན་ཕུད་རྒྱུགས་གཞན་པ་དག་ལ་གདམ་གསེས་ཀྱི་ནུས་པ་མེད།
(2) རྒྱུགས་ལེན་གྱི་ཐེངས་གྲངས་ཉུང་དུ་གཏོང་དགོས། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཤོག་རྒྱུགས་མི་ལེན་པ་དང་། འོས་འགན་སློབ་གསོའི་ལོ་རིམ་གཞན་དག་ལ་སློབ་གྲྭས་སློབ་སྐབས་རེར་མཇུག་རྒྱུགས་ཐེངས་རེ་སྒྲིག་འཛུགས་བྱ་རྒྱུ་དང་། དམའ་རིམ་སློབ་འབྲིང་ལོ་རིམ་གྱིས་རིག་གཞུང་ཚན་ཁག་མི་འདྲ་བའི་དོན་དངོས་གཞིར་བཟུང་ནས་སློབ་སྐབས་རེར་རྒྱུགས་ཐེངས་གཅིག་རེ་བཀོད་སྒྲིག་བྱས་ཆོག་པ་ཁ་གསལ་བྱས་ཡོད། ས་གནས་ཁག་གིས་སློབ་ཆུང་ལོ་རིམ་ཁག་དང་དམའ་གཅིག་དམའ་གཉིས་ལོ་རིམ་ལ་ས་ཁོངས་རང་བཞིན་ནམ་སློབ་གྲྭ་ལས་བརྒལ་བའི་རྒྱུགས་ལེན་སྒྲིག་འཛུགས་བྱས་མི་ཆོག་པ་དང་། སློབ་གྲྭས་གཟའ་རྒྱུགས་དང་ཟླ་རྒྱུགས། སྡེ་ཚན་གྱི་རྒྱུགས་སོགས་རྒྱུགས་གཞན་དག་སྣ་ཚོགས་སྒྲིག་འཛུགས་བྱས་མི་ཆོག་ལ། མིང་སྣ་ཚོགས་ཀྱི་ཐོག་ནས་རྣམ་པ་བསྒྱུར་ཏེ་རྒྱུགས་ལེན་སྒྲིག་འཛུགས་ཀྱང་བྱས་མི་ཆོག དམའ་འབྲིང་ལོ་རིམ་གསུམ་པས་སློབ་སྐབས་རྗེས་མར་རྒྱུན་ལྡན་ལྟར་སློབ་ཚན་སློབ་ཁྲིད་ཀྱི་ལས་འགན་ལེགས་འགྲུབ་བྱུང་རྗེས་སྤྱིའི་བསྐྱར་སྦྱོང་དུས་རིམ་དུ་ལད་ཟློས་རྒྱུགས་ལེན་ཐེངས1ནས2བར་རྩ་འཛུགས་བྱ་དགོས།
(3) རྒྱུགས་ལེན་བརྗོད་གཞིའི་དོ་དམ་ཚད་ལྡན་དུ་གཏོང་དགོས། སློབ་གྲྭའི་མཇུག་རྒྱུགས་ཀྱི་ཁྱབ་ཁོངས་སུ་ནང་དོན་ཚད་ལྡན་བཟོ་བ་དང་། རྒྱུགས་ཀྱི་དཀའ་སླའི་ཐད་ཚོད་འཛིན་ལུགས་མཐུན་བྱ་དགོས་པ་ལ་རྒྱལ་ཁབ་ཀྱི་བསླབ་ཚན་ཚད་གཞིའི་དཀའ་ཚད་ལས་བརྒལ་མི་ཆོག
(4) རྒྱུགས་འབྲས་བེད་སྤྱོད་འོས་འཚམ་བྱ་དགོས། འོས་འགན་སློབ་གསོའི་དུས་རིམ་གྱི་མཇུག་རྒྱུགས་ལ་རིམ་པ་བཞིན་གདེང་འཇོག་བྱ་རྒྱུ་དང་། རྒྱུགས་འབྲས་ལ་ཨང་རིམ་མི་སྒྲིག་པ་དང་རྒྱུགས་འབྲས་ཁྱབ་བསྒྲགས་མི་བྱེད་པ། བྱེད་ཐབས་འོས་འཚམ་སྤྱད་དེ་སློབ་མ་དང་ཁྱིམ་བདག་ལ་གསལ་བཤད་བྱ་དགོས་པ་ལས་རྒྱུགས་འབྲས་ཁྱབ་སྤེལ་བྱས་མི་ཆོག
(5) སློབ་སྦྱོང་གི་བརྒྱུད་རིམ་འཐུས་ཚང་དུ་གཏོང་དགོས། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ཁག་གིས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤུས་ཀའི་ལྟ་བ་དང་ཚན་རིག་དང་མཐུན་པའི་སློབ་གསོའི་གདེང་འཇོག་ལྟ་བ་འཛུགས་དགོས་པ་དང་། སློབ་མའི་བསླབ་ཚན་ཁག་གི་རྒྱུགས་འབྲས་དང་མཚོན་ཚུལ་གཞན་དག་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ་ཚན་རིག་དང་མཐུན་ཞིང་ཕྱོགས་ཡོངས་ནས་སློབ་མར་གདེང་འཇོག་བྱ་དགོས། སློབ་སྦྱོང་གི་བརྒྱུད་རིམ་དང་རྒྱུགས་འབྲས་གདེང་འཇོག་ཟུང་འབྲེལ་དམ་ཚགས་བྱེད་པའི་སྦྱོང་ཚན་དཔྱད་བསྡུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སློབ་མའི་སློབ་སྦྱོང་གི་བརྒྱུད་རིམ་གདེང་འཇོག་ལ་ཤུགས་སྣོན་རྒྱག་པ། ལག་ལེན་རང་བཞིན་གྱི་གདེང་འཇོག་ལ་བསྟོད་བསྔགས་བཅས་བྱ་དགོས།
(6) སློབ་སྦྱོང་གི་སྤུས་ཚད་ཞིབ་དཔྱད་ཚད་ལེན་ཤུགས་ཆེར་གཏོང་དགོས། ས་གནས་ཁག་གིས་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་པའི་འོག་རྒྱལ་ཁབ་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ཐབས་དཔྱད་གཞིར་འཛིན་པ་དང་། བསླབ་ཚན་ཁག་བགོས་བྱས་ནས་དཔེ་འདེམས་བྱེད་ཐབས་སྤྱད་དེ་གཅིག་གྱུར་གྱི་རྒྱུགས་ཤོག་ལ་བརྟེན་ནས་གཅིག་གྱུར་གྱིས་རྒྱུགས་བླངས་ནས་སློབ་མར་གནོན་ཤུགས་སོགས་མི་ཡོང་བ་བྱ་དགོས། ས་གནས་ཀྱི་སློབ་སྦྱོང་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་བསྐྱར་ཟློས་བྱེད་པར་སྔོན་འགོག་བྱ་དགོས།
(7) དོ་དམ་དང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འོས་འགན་སློབ་གསོའི་རྒྱུགས་ལེན་དོ་དམ་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ནས་དམའ་རིམ་སློབ་འབྲིང་གི་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་དོ་དམ་ལམ་ལུགས་སྔར་ལས་འཐུས་སྒོ་ཅན་དུ་གཏོང་དགོས། སློབ་གསོ་སྲིད་འཛིན་སྡེ་ཁག་གིས་རྒྱུགས་སྤྲོད་ལས་ཀའི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོའི་སློབ་གྲྭའི་རྒྱུགས་སྤྲོད་ཀྱི་རྒྱུན་ལྡན་ལྟ་སྐུལ་དོ་དམ་བྱ་བའི་ལམ་ལུགས་འཛུགས་པ་དང་། སློབ་རིམ་འཕར་བའི་དམིགས་ཚད་གོང་མས་འོག་མར་འགན་སྤྲོད་བྱེད་མི་ཆོག་པ་དང་རྒྱུགས་འབྲས་དེ་སློབ་གྲྭར་གདེང་འཇོག་བྱེད་པའི་གཞི་འཛིན་སར་བརྩི་མི་ཆོག
3. འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭས་ལག་བསྟར་བྱས་པའི་ཐབས་ཇུས།
(1) ལས་བྱའི་དོ་དམ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། སློབ་གྲྭས་ལས་བྱའི་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། བསླབ་ཚན་ཚོ་ཆུང་དང་ལོ་རིམ་སྡེ་ཁག་གིས་ལས་བྱ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱ་འབྲི་ཚུལ་སྙོམས་སྒྲིག་ལུགས་མཐུན་བཅས་བྱས་ཏེ། ལས་བྱའི་དཀའ་ཚད་ནི་རྒྱལ་ཁབ་ཀྱི་བསླབ་ཚན་དམིགས་ཚད་ལས་མི་བརྒལ་བར་འགན་ལེན་ཏན་ཏིག་བྱ་དགོས།
(2) སློབ་ཁང་གི་སློབ་ཁྲིད་སྤུས་ཚད་དང་ལས་བྱའི་སྤུས་ཚད་མཐོ་རུ་གཏོང་དགོས།
1 སློབ་ཁང་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་དགོས། འོས་འགན་སློབ་གསོའི་སློབ་གྲྭས་རྒྱལ་ཁབ་ཀྱི་བསླབ་ཚན་ཇུས་གཞི་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་བསླབ་ཚན་ཚད་གཞི་གཞིར་བཟུང་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བསླབ་ཚན་ཡག་པོ་གཉེར་བ་དང་སློབ་ཚན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་བྱིས་སྐྱོང་ནས་སློབ་ཆུང་། སློབ་ཆུང་ནས་དམའ་རིམ་སོགས་ཚན་རིག་དང་མཐུན་པའི་ངང་མཐུད་ཐུབ་པ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་སློབ་མར་སློབ་ཞུགས་ཀྱི་གྲ་སྒྲིག་ཡག་པོ་བྱེད་རོགས་བྱེད་དགོས།
2 ལས་བྱ་ཇུས་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཙོས་ལས་བྱ་དོ་དམ་གྱི་འགན་དང་པོ་ཁུར་ནས་ལས་བྱའི་དོ་དམ་ཞིབ་ཚགས་ངང་གཏན་འབེབས་དང་སློབ་གྲྭའི་ནང་གི་ལས་བྱ་སྒྲུབ་སྟངས་ཀྱི་ལམ་ལུགས་ཡོངས་བསྒྲགས་བྱ་དགོས། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཁྱིམ་ཚང་གི་ཡིག་ཐོག་ལས་བྱ་བཀོད་སྒྲིག་མི་བྱེད་པ་དང་སློབ་ཆུང་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་ཡིག་ཐོག་ལས་བྱ་ཆ་སྙོམས་ལེགས་སྒྲུབ་བྱེད་པའི་དུས་ཚོད་སྐར་མ60ལས་བརྒལ་མི་རུང་། དམའ་རིམ་སློབ་འབྲིང་གི་ཡིག་ཐོག་གི་ལས་བྱ་ཆ་སྙོམས་ལེགས་སྒྲུབ་བྱེད་པའི་དུས་ཚོད་སྐར་མ90ལས་མི་བརྒལ་བ་བྱེད་དགོས། གཟའ་འཁོར་རེ་རེ་ནང་དུ་ལས་བྱ་མེད་པའི་ཉི་མ་གཅིག་ལག་བསྟར་བྱེད་པར་སྐུལ་དགོས།
(3) སློབ་གྲྭའི་ནང་གི་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ"ཡོངས་སུ་ཁེབས་པ"གཉིས་མངོན་འགྱུར་བྱུང་བ།
1 སློབ་གྲྭའི་ནང་གི་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་དགོས། སློབ་གྲྭའི་ནང་གི་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་འོས་འགན་སློབ་གསོའི་སློབ་གྲྭ་ཡོངས་སུ་ཁེབས་པ་དང་སློབ་མའི་དགོས་མཁོ་དང་ཡོངས་སུ་ཁྱབ་པར་བྱ་དགོས། "5+2"སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་ཡི་རྣམ་པས་ཉུང་མཐར་ཡང་ཉིན་རེར་ཆུ་ཚོད་གཉིས་རིང་སློབ་མས་ལས་བྱ་ལེགས་སྒྲུབ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་གསབ་སྦྱོང་ཟུར་ཁྲིད་དང་དོགས་གཞི་སེལ་རོགས་ལ་གཅེས་དགོས། དུས་ཚོད་དྲུག་དང་ཕྱེད་ཀའི་རྗེས་སུ་སྔར་བཞིན་སློབ་གྲྭར་འདུག་དགོས་པའི་སློབ་མར་སློབ་གྲྭས་ཚབ་གཉེར་འདོན་སྤྲོད་བྱེད་དགོས།
2 ངལ་གསོའི་བཀོད་སྒྲིག་ལུགས་མཐུན་བྱ་དགོས། སློབ་ཆུང་གི་སྔ་དྲོའི་སློབ་ཁྲིད་དུས་ཚོད་བརྒྱད་དང་སྐར་མ་ཉི་ཤུ་ལས་མི་སྔ་བ་དང། སློབ་འབྲིང་ནི་དུས་ཚོད་བརྒྱད་ལས་སྔ་མི་རུང་། སློབ་གྲྭས་ཁྱིམ་བདག་དང་སློབ་མར་སློབ་མའི་ངལ་གསོའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱེད་པར་མཛུབ་སྟོན་བྱེད་དགོས། སློབ་ཆུང་སློབ་མ་དུས་ཚོད་དགུ་དང་སྐར་མ་ཉི་ཤུའི་སྟེང་ཉལ་དགོས་ལ་དམའ་འབྲིང་སློབ་མ་ཉལ་བའི་དུས་ཚོད་ནི་བཅུ་ཡིན།
(4) རྒྱུགས་འབྲས་ཨང་རིམ་ཁྱབ་བསྒྲགས་བྱེད་པ་གཏན་འགོག་བྱ་དགོས། རྒྱུགས་ལེན་ཐེངས་གྲངས་ཉུང་དུ་བཏང་ནས་སློབ་ཆུང་ལོ་རིམ་དང་པོ་དེ་བྱིས་སྐྱོང་ཁང་ནས་སློབ་ཆུང་ལོ་རིམ་ལ་འཕར་བར་འབྲེལ་མཐུད་བྱས་ཏེ་སློབ་ཞུགས་བྱེད་དགོས་པ་ལས་རྣམ་པ་གང་རུང་གི་གཅིག་གྱུར་རྒྱུགས་ལེན་མི་ཆོག་པ་དང་། སློབ་སྐབས་རྗེས་མར་སྒྲིག་འཛུགས་རྒྱུགས་ལེན་ཐེངས་གཅིག་ལས་མི་བརྒལ་བ་བྱེད་དགོས། སློབ་ཆུང་ལོ་རིམ་གཉིས་པའི་སྐབས་སུ་སློབ་གྲྭས་གཅིག་གྱུར་རྒྱུགས་ལེན་ཐེངས་གཅིག་སྒྲིག་འཛུགས་བྱེད་ཆོག སློབ་ཆུང་ཕུད་པའི་ལོ་རིམ་གཞན་དག་དང་དམའ་འབྲིང་གི་སྐབས་སུ་སློབ་སྐབས་རེར་གཅིག་གྱུར་གྱིས་ཡིག་རྒྱུགས་ཐེངས་གཉིས་ལས་བརྒལ་མི་རུང་། དེའི་འཕྲོར་རྒྱུགས་འབྲས་ལ་ལུགས་མཐུན་གྱི་རིམ་པའི་གདེང་འཇོག་ལས་ཨང་རིམ་ཁྱབ་བསྒྲགས་བྱེད་པར་བཀག་འགོག་བྱེད་དགོས།
4. སློབ་གསོའི་ལས་ཀ་བྱེད་མཁན་གྱིས་སྤྱད་པའི་ཐབས་ཇུས།
(1) སློབ་གསོའི་ལས་ཀ་བྱེད་མཁན་གྱིས་ཐོག་མར་རྒྱལ་ཁབ་ཀྱིས་བཏོན་པའི་ཉུང་འཕྲི་གཉིས་ཀྱི་སྲིད་ཇུས་ལ་ངོས་ཟིན་ཟབ་མོ་དང་། སློབ་གྲྭའི་འགོ་ཁྲིད་ཀྱི་བཀོད་སྒྲིག་ལ་ཉན་པ་གཙོས་སློབ་གྲྭས་གཏན་འབེབས་བྱས་པའི"ཉུང་འཕྲི་གཉིས"ལག་བསྟར་བྱ་དགོས།
(2) སློབ་ཁང་སློབ་ཁྲིད་ཀྱི་ལས་ཆོད་ཆེ་རུ་བཏང་ནས་སློབ་མར་སྤུས་ལེགས་ཀྱི་སློབ་ཁང་གི་རིག་གནས་འདོན་སྤྲོད་བྱ་དགོས། སློབ་ཁྲིད་མ་འཚོག་གོང་སློབ་མར་སྔོན་སྦྱོང་གི་ལས་འགན་བཀོད་སྒྲིག་བྱས་ན་སློབ་ཁྲིད་ཀྱི་ཕན་འབྲས་དེ་བས་ལེགས་པ་དང་། ཡང་གཅིག་བཤད་ན་སློབ་ཁྲིད་ནི་དགེ་སློབ་ཕྱོགས་གཉིས་ཀྱི་བྱེད་སྒོ་ཞིག་རེད། "སློབ་ཁྲིད་དང་ལག་ལེན་ཟུང་འབྲེལ"གྱི་བླང་བྱ་ལྟར"སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་གཙིགས་སུ་འཛིན་དགོས།
(3) སློབ་ཁྲིད་གྲོལ་རྗེས་ཟུར་ཁྲིད་ཡག་པོ་བྱས་ན་སློབ་མ་རེ་རེའི་ཤེས་རྟོགས་མི་འདྲ་བས་དམིགས་གསལ་གྱི་བབ་བསྟུན་སློབ་ཁྲིད་བྱེད་ཐུབ།
(4) སློབ་ཁྲིད་བྱེད་སྐབས་རང་ཉིད་ཀྱི་བྱེད་སྒོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དུས་རབས་གསར་པའི"ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་འོག་གི་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀ་སྔར་ལས་ལེགས་པར་བསྟུན་ཐུབ་པ་བྱེད་དགོས།
(5) ཁྱིམ་བདག་ལ་རྒྱལ་ཁབ་ཀྱི"ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་ཀྱི་དགོངས་དོན་དང་སློབ་གྲྭའི་སློབ་ཁྲིད་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བྱས་ནས་ཁྱིམ་བདག་གི་སེམས་ཁྲལ་སེལ་བ་དང་སློབ་གྲྭའི་སློབ་ཁྲིད་ཀྱི་ཆུ་ཚད་ལ་ཡིད་ཆེས་བྱེད་དགོས།
5. ཁྱིམ་བདག་གིས་ལག་བསྟར་བྱས་པའི་ཐབས་ཇུས།
ཁྱིམ་བདག་གིས་སེམས་རྣལ་དུ་ཕབ་ནས་རྨོངས་ཚོད་ཀྱིས་རྗེས་སུ་འབྲང་མི་རུང་ལ་སེམས་ཁྲལ་ཆེན་པོའང་བྱེད་མི་རུང་བ་དང་། ཕྲུ་གུ་གསོ་སྐྱོང་གི་ཤེས་བྱ་བཅས་ལ་སློབ་སྦྱོང་མང་ཙམ་བྱས་ནས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་དར་སྤེལ་གཏོང་དགོས། ཞིབ་ཕྲའི་བྱེད་སྟངས་གཤམ་གསལ་ལྟར།
(1) སློབ་གྲྭའི་བླང་བྱར་གཞོགས་འདེགས་བྱས་ཏེ་བྱིས་པར་སྦྱོང་ཚན་ཕྱོགས་བསྒྲིགས་མང་པོ་མི་ཉོ་བར་ལས་བྱའི་ཁུར་པོ་ཇེ་ཡངས་སུ་གཏོང་དགོས། ཚད་བརྒལ་གྱི"ཁ་སྣོན"གྱིས་བྱིས་པའི་སེམས་ཁམས་ཀྱི་ཁུར་བོ་ཇེ་ལྗི་རུ་གཏོང་སྲིད་པས་བྱིས་པ་ལ་བྱིས་དུས་ཀྱི་འཚོ་བ་ངོ་མ་ཕྱིར་སྤྲོད་དགོས།
(2) དུས་ཚོད་མང་ཙམ་བཙལ་ནས་ཕ་མ་བུ་ཕྲུག་གི་མཉམ་འདུག་མཉམ་ལས་ལ་འབད་དེ་བྱིས་པ་ཕྱི་རོལ་གྱི་ལུས་རྩལ་ལ་ཞུགས་སུ་བཅུག་ནས་སྤུས་ཚད་མཐོ་བའི་སློབ་གསོ་ལ་རོགས་རམ་བྱེད་དགོས།
(3) རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་ནས་དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲང་ན་གཞི་ནས་དུས་རབས་གསར་པར་རང་ཉིད་ཀྱི་བྱིས་པར་ཁྲིད་སྟོན་སྔར་ལས་ལེགས་པོ་བྱེད་ཐུབ། "ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་དོན་འཁྱོལ་ངོ་མ་བྱེད་པར་ཁྱིམ་བདག་ཚང་མས་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་དགོས།
གཉིས། མཇུག་གི་གཏམ།
སྤྱི་ཚོགས་ལས་རིགས་ཁག་གིས་བབ་བསྟུན་གྱི་ཐབས་ཇུས་སྤྱད་ཚེ་སློབ་མ་སྔར་ལས་ལེགས་པའི་སྒོ་ནས་སློབ་གྲྭར་བསྐྱོད་པ་དང་། བསླབ་ཕྱིའི་གསབ་སྦྱོང་སྣ་ཚོགས་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་ཐུབ། "ཉུང་འཕྲི་གཉིས"ཀྱི་སྲིད་ཇུས་དངོས་གནས་དོན་ཐོག་ཏུ་འཁྱོལ་བ་དང་། "ཉུང་འཕྲི་གཉིས"སུ་གཏོང་དགོས་པ་ནི་སྤྱི་ཚོགས་ཀྱིས་སློབ་གསོར་འཕྲལ་མར་ཕན་འབྲས་གཉེར་བའི་བསམ་བློ་རེད། སློབ་གསོའི་མ་གཞིའི་རྣམ་པ་ནི་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་བྱ་གཞག་ཅིག་ཡིན་པས་སློབ་གསོའི་ཐོག་མའི་བསམ་ཕྱོགས་སུ་ཕྱིར་ལོག་དགོས་པ་ལས་སློབ་གསོ་མུན་འཐོམས་ངང་དཔལ་འབྱོར་ཁེ་ཕན་དང་མཉམ་དུ་བསྡམས་ནས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཇེ་ལྕི་དང་ཕྲུ་གུའི་སེམས་ཁམས་ཀྱི་ཁུར་པོ་དེ་བས་ལྕི་རུ་གཏོང་མི་རུང་ངོ་། །དཔྱད་གཞིའི་ཡིག་ཆ།
[1] ཐའོ་ཞིང་ཀྲེ་ཡི་སློབ་གསོའི་རྩོམ་ཡིག་གྲགས་ཅན། [M] པེ་ཅིན། སློབ་གསོ་ཚན་རིག་དཔེ་སྐྲུན་ཁང་། ༢༠༡༥
[2] ཧྥན་ལི་ཕིང་དང་ཀྲང་ཕུང་གིས"ཉུང་འཕྲི་གཉིས"བྱེད་དགོས་པ་ནི་སློབ་གསོའི་འཕྲལ་ཕན་འཕྲལ་གཉེར་གྱི་བསམ་པ་ཡིན། རིག་གནས་སྙན་ཞུ། [N] ༢༠༢༡ལོའི་ཟླ༨ཚེས༡༡།
སྒྱུར་པ་པོ་བསོད་ནམས་རྡོ་རྗེ་ལགས་ནི་མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་སློབ་དཔྱོད་ཁང་དུ་ཕྱག་ལས་གཉེར་བཞིན་ཡོད།
(གསལ་བཤད། རྩོམ་ཡིག་གང་འདོད་དུ་འཕྲིན་སྟེགས་སོགས་སུ་བརྒྱུད་འགོད་བྱ་མི་ཆོག)
འབྲེལ་ཡོད་འོས་སྦྱོར།