logo

༄༅། །སྐད་ཆ་ནི་སློབ་གསོའི་ཐོག་མའི་རྨང་རྡོ་རེད། གཅན་རོང་བསྟན་འཛིན།

རྩོམ་པ་པོ།:གཅན་རོང་བསྟན་འཛིན། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2022-12-30 ཀློག་གྲངས།:
       བྱིས་པའི་འཇོན་ནུས་སྔ་མོ་ནས་སྔོག་འདོན་ཕུན་སུམ་ཚོགས་པ་ཞིག་བྱས་ཏེ་རང་གི་བྱིས་པ་དེ་གཞན་གྱི་བྱིས་པ་དང་འདྲ་མཉམ་བྱེད་འདོད་ན། བྱིས་པའི་ཕ་མ་རྣམས་ཀྱིས་ཐོག་མར་སྐད་ཆའི་སློབ་གསོ་ནས་མགོ་རྩོམ་རྒྱུ་ནི་སློབ་གསོ་ལག་ལེན་ལས་བྱུང་བའི་བསླབ་བྱ་གལ་ཆེན་ཞིག་རེད།
གཅིག སྐད་ཆ་ནི་ཤེས་ནུས་སྦྱོང་བརྡར་གྱི་ཡོ་བྱད་ཉག་གཅིག་རེད།
       སྐད་ཆ་ནི་བསམ་བློ་བརྗེ་རེས་ཀྱི་ཡོ་བྱད་མེད་དུ་མི་རུང་བ་ཞིག་དང་མིའི་ཁྱད་ཆོས་ཨང་དང་པོ་ཡིན་པར་མ་ཟད། མི་དང་སྲོག་ཆགས་དཀྱུས་མ་གཉིས་དབྱེ་བ་འབྱེད་བྱེད་ཀྱི་ཚད་གཞི་ཉག་གཅིག་ཀྱང་རེད། འཇིག་རྟེན་སྟེང་གི་བྱིས་པ་རེ་རེའི་སྟེང་ན་སྐྱེས་མ་ཐག་ནས་སྐད་ཆའི་དམའ་རིམ་གྱི་ཤེས་ནུས་འདྲ་མཉམ་དུ་ཡོད་ན་ཡང་ཤེས་ནུས་དེ་བྱིས་པ་ནར་སོན་པའི་ཆོས་ཉིད་ལྟར་སྔོག་འདོན་བྱས་མིན་གྱི་དབང་གིས་སྐད་ཆའི་སྤུས་ཚད་དང་བསམ་བློ་བརྗེ་རེས། ཤེས་བྱ་བརྗེ་རེས་སོགས་ལ་བར་ཁྱད་ཆེན་པོ་ཞིག་འབྱུང་བཞིན་ཡོད།
       བྱིས་པའི་ཕ་མ་ལ་མཚོན་ན། རང་གི་བྱིས་པ་དེ་གཞན་གྱི་བྱིས་པ་དང་འདྲ་མཉམ་བྱེད་རྒྱུ་དང་ཐ་ན་གཞན་གྱི་བྱིས་པ་ལས་ལྷག་པ་ཞིག་སྐྱེད་སྲིང་བྱེད་རྒྱུའི་བསམ་བློ་ཡོད་ཀྱང་། དེ་ལྟར་སྒྲུབ་པའི་ནུས་པ་དང་ཐབས་བཀོད་ཡོད་མེད་ཀྱི་ཁྱད་པར་ལས། བྱིས་པའི་སྐད་ཆའི་གཏེར་ཁ་སྔོག་འདོན་ལ་བཟང་ངན་འབྱུང་བཞིན་ཡོད་ལ། བཟང་ངན་དེའི་དབང་གིས་བྱིས་པའི་སྐད་ཆའི་སྤུས་ཚད་མི་འདྲ་བ་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་དེ། དཔེར་ན། སློབ་ཆུང་སློབ་མ་སློབ་ཞུགས་ཀྱི་ཉིན་དང་པོར་སློབ་གྲོགས་རང་ཉིད་མཚམས་སྦྱོར་གྱི་བྱ་འགུལ་སྤེལ་ཚེ། སློབ་གྲོགས་ལ་ལ་མཚར་ཆེ་ལ་དགོད་བྲོ་བ་དང་ལ་ལ་ཡིད་སྐྱོ་བ་ཙམ་རེད།
       མཇུག་འབྲས་དེ་དག་གིས་བྱིས་པ་རེ་རེའི་ཁྱིམ་གྱི་སློབ་གསོ་དང་ཁྱད་པར་དུ་བྱིས་པ་དེ་དག་གི་ཕ་མས་བྱིས་པའི་སྐད་ཆའི་གཏེར་ཁ་སྔོག་འདོན་གྱི་ཚད་གཞི་མི་འདྲ་བ་རེ་རེ་མཚོན་ཡོད་ཅེས་བཤད་ཆོག་མོད། དེ་ལས་ཀྱང་གལ་ཆེ་བ་ནི་སྐད་ཆ་བཤད་པའི་ནུས་པ་ཆེས་ཞན་པའི་བྱིས་པ་དེ་དག་གིས་རང་ཉིད་ཀྱི་གནད་དོན་དེ་ཡང་སྙིང་གང་ནས་བྱུང་བ་ཤེས་མི་སྲིད་པར་མ་ཟད། ཕ་མ་རྣམས་ཀྱིས་ཀྱང་རང་གི་བྱིས་པས་ལྡབ་ལྡིབ་སབ་སིབ་བཤད་པའི་གནད་དོན་དེ་གང་ནས་བྱུང་བ་ཡིན་པ་རྩ་བ་ནས་ཤེས་ཐུབ་ཀྱི་མེད་པ་རེད།
       ངས་བལྟས་ན། བྱིས་པ་ལ་སློབ་སྦྱོང་བྱེད་པའི“ཡོ་བྱད”ཇི་ལྟ་བུ་ཞིག་མཁོ་བ་དང་། “ཡོ་བྱད”དེ་ཇི་ལྟར་གྲ་སྒྲིག་བྱེད་རྒྱུ་ནི་རྒྱུ་ཆ་གཞན་དང་ཁྱིམ་ཚང་གཞན་གྱི་ཉམས་མྱོང་ལས་ཤེས་ངེས་ཡིན་པས། ཁ་དཔེར། “ཟ་སྲོལ་མ་བལྟ་ལས་སྲོལ་ལྟོས”ཞེས་པ་ལྟར་ཕ་མ་རྣམས་ཀྱིས་ཁྱིམ་ཚང་གཞན་པ་དང་ནང་སྒོས་སུ་བྱིས་པའི་སློབ་སྦྱོང་གི་འབྲས་བུ་འབུར་དུ་ཐོན་པའི་ཁྱིམ་ཚང་གཞན་གྱི་སློབ་གསོའི་ཉམས་མྱོང་ལེན་རྒྱུ་ཧ་ཅང་གལ་ཆེ་བར་རེད་སྙམ།
       འདིའི་ཐད་ནས་གཞིགས་ན། ཁྱིམ་ཚང་ནི་སློབ་གྲྭ་ཆེན་མོ་ཞིག་ཡིན་ལ་ཁྱིམ་བདག་རེ་རེ་ནི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རེ་རེ་དང་སློབ་གསོ་ཆེད་མཁས་པ་རེ་རེ་ཡིན་པས། “ཆེད་མཁས”པ་དེ་དག་ལ་ཕམ་ཁའི་བསླབ་བྱ་དང་རྒྱལ་ཁའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ངེས་ཡིན་པས། ཕན་ཚུན་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་ཁ་གསབ་བྱེད་རྒྱུ་ནི་རང་གི་བྱིས་པ་འཕེལ་རྒྱས་ཀྱི་ཐབས་བཀོད་ཕུན་སུམ་ཚོགས་པ་ཞིག་ཡིན་མོད། གཞི་རིམ་གྱི་ཁྱིམ་བདག་མང་ཆེ་བ་ཞིག་གིས་ཐབས་བཀོད་འདིར་ངོས་འཛིན་དང་གཙིགས་ཆེན་མི་བྱེད་པ་མ་ཟད། བྱིས་པའི་སློབ་སྦྱོང་གི་རེ་བ་ཡོད་ཚད་སློབ་གྲྭ་དང་སློབ་གྲྭའི་དགེ་རྒན་ཁོ་ན་ལ་བཅོལ་བཞིན་ཡོད་པ་ནི་བྱིས་པའི་འཚོ་གནས་དང་མདུན་ལམ་ལ་ཤན་ཤུགས་ཆེ་བའི་གནད་དོན་ཞིག་རེད།
གཉིས། བྱིས་པ་རེ་རེས་སྔ་མོ་ནས“ཡོ་བྱད”དེ་གྲ་སྒྲིག་བྱེད་དགོས།
       བྱིས་པའི་སློབ་གསོ་མགོ་བརྩམས་པ་ཅི་ཙམ་སྔ་ན་དེ་ཙམ་བཟང་བ་དང་། བྱིས་པར་རང་གི་ཕ་མ་ངོས་འཛིན་པའི་ནུས་པ་ཡོད་པ་ནས་ཁོ་ལ་དངོས་པོ་དབྱེ་འབྱེད་ཀྱི་ནུས་པ་ཡོད་པ་ཡིན་པས། དེ་ནས་བྱིས་པའི་སློབ་གསོ་མགོ་རྩོམ་འོས་པ་ཡིན།
       ཕྱི་གླིང་བའི་སློབ་གསོ་ཆེད་མཁས་པས“བྱིས་པའི་མིག་མདུན་ནས་མཛུབ་མོ་ཀེར་ན་བྱིས་པས་མཛུབ་མོ་མཐོང་རྗེས་འཛིན་པ་དང་། ཐོག་མར་འཛིན་མི་ཐུབ། མཐར་མཛུབ་མོ་བཟུང་རྗེས་བྱིས་པ་དགའ་སྤྲོ་སྐྱེ་བ་དང་། དེ་ནས་མཛུབ་མོ་ཁ་ནང་དུ་བཞག་ནས་ནུ་རུ་འཇུག་པ་དང་མཉམ་དུ“མཛུབ་མོ” “མཛུབ་མོ”ཞེས་འཇམ་ཞིང་གསལ་ཞིང་གསལ་བའི་དབྱངས་ཀྱིས་བརྗོད་ཚེ། ཅང་མ་འགོར་བར་བྱིས་པས་ཀྱང་མཛུབ་མོའི་མིང་གསལ་བོར་བརྗོད་ཤེས་ངེས་རེད།”ཅེས་བཤད་པ་འདིས་ཕྱི་གླིང་བའི་སྐད་ཆའི་སློབ་གསོ་ནི་བྱིས་པས་གཞན་གྱི་མཛུབ་མོ་འཛིན་ཐུབ་མིན་ནས་མགོ་རྩོམ་བཞིན་ཡོད་ན་ཡང་རང་ཅག་སྐད་ཆ་མི་འདྲ་བ་གསུམ་ཡན་སྦྱང་དགོས་པའི་གཞི་རིམ་མི་རིགས་ས་ཁུལ་དུ་སྐད་ཆ་སློབ་པའི་ཁྱིམ་གྱི་སློབ་གསོ་ད་དུང་སྣང་མེད་དུ་ལུས་ཡོད་པ་གཉིས་བསྡུར་ཚེ་བྱིས་པ་དེ་དག་གི་སྤུས་ཚད་ལ་བར་ཁྱད་ཇི་ལྟ་བུ་ཞིག་ཤོར་ངེས་རེད།
       འབྱུང་འགྱུར་འགྲན་རྩོད་སྤྱི་ཚོགས་ཀྱི་ནང་དུ་རང་གི་བྱིས་པའི་སྤུས་ཚད་མི་རིགས་གཞན་གྱི་བྱིས་པའི་སྤུས་ཚད་དང་མཚུངས་ཐུབ་བམ་མི་ཐུབ། གལ་ཏེ་མིའི་རྨང་གཞིའི་སྤུས་ཚད་འདྲ་མཉམ་མིན་ཚེ་མི་དང་མི་ཚང་མ་འདྲ་མཉམ་ཞིག་ཡོང་ཐབས་ཡོད་དམ་མེད། སློབ་སྦྱོང་བྱེད་སྤྱད་ཀྱི་ཡོ་བྱད་དུ་གྱུར་པའི་སྐད་ཆ་གྲ་སྒྲིག་བྱས་པ་བཟང་ངན་གྱི་དབང་གིས་སློབ་སྦྱོང་གི་མཇུག་འབྲས་ཀྱང་གཏན་ནས་མཚུངས་མི་སྲིད་པས། བྱིས་པ་ལ་སྔ་མོ་ནས་སློབ་སྦྱོང་གི་ཡོ་བྱད་དུ་གྱུར་པའི་སྐད་ཆ་ཕུན་སུམ་ཚོགས་པ་ཞིག་གྲ་སྒྲིག་བྱེད་རྒྱུ་ནི་བྱིས་པའི་འཚོ་གནས་དང་འབྲེལ་བའི་ཕ་མའི་འགན་ཁུར་ཆེན་པོ་ཞིག་རེད། འགན་ཁུར་འདི་ཡོངས་འགྲུབ་བྱས་མིན་གྱི་ཐད་ནས་བཤད་ན། བྱིས་པའི་འདྲ་མཉམ་ནི་ཕ་མའི་ལག་ན་ཡོད་མོད། གཞི་རིམ་གྱི་ཕ་མའི་ནང་ན་རང་གི་བྱིས་པར་འདྲ་མཉམ་གྱི་རྨང་གཞི་བརྟན་པོ་བཟོ་མཁན་ནི་ཆེས་ཉུང་ཉུང་ཙམ་ལས་མ་འདས་པ་ཞིག་རེད་སྙམ།
གསུམ། སྐད་ཆའི་སློབ་གསོ་བྱེད་ཐབས།
       བྱིས་པས་སྔ་མོ་ནས་སྐད་ཆ་བཤད་ཤེས་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་ལ། གལ་ཏེ་ནུས་པ་ངེས་ཅན་ཞིག་མ་བཀོལ་ན་འབྲས་བུ་བཟང་པོ་ཞིག་ཐོབ་དཀའ་བས། བྱིས་པ་ནར་སོན་པའི་ཁོར་ཡུག་དང་བསྟུན་ནས་ཁོ་ལ་འབྲེལ་འདྲིས་ཆེ་བའི་ལུས་ཀྱི་ཆ་སོ་སོ་དང་། གྱོན་ཆས་དང་ཉལ་ཆས། ཉལ་ཁང་ནང་གི་དངོས་རྫས་དང་། དེ་ནས་ཟ་ཁང་ནང་གི་དངོས་རྫས། ར་སྐོར་ནང་གི་རྩྭ་དང་མེ་ཏོག་ནས་རྟ་ནོར་ལུག་གསུམ་སོགས་ཐ་ན་བྱིས་པས་མཉམ་འཇོག་བྱེད་པའི་དངོས་པོ་ཚང་མའི་མིང་མཚམས་སྦྱོར་བྱེད་པ་དང་མཉམ་དུ་བྱ་ཚིག་དང་རྒྱན་ཚིག་འོས་འཚམས་རེ་བྱིས་པའི་དགའ་སྣང་དང་བསྟུན་པའམ་རྩེད་མོའི་ཞོར་ལ་སློབ་ཏུ་བཅུག་ནས་བྱིས་པའི་སྐད་ཆའི་རྒྱུ་ཆ་འཛོམས་པོ་བཟོ་དགོས།
       དེ་ནས་བྱིས་པ་ནང་སོན་པའི་ལོ་ཚོད་དང་བསྟུན་ཏེ་རྒྱུན་དུ་བྱིས་པས་ཉན་སྤྲོ་བའི་གཏམ་རྒྱུད་མང་པོ་བཤད་དགོས། རྗེས་སུ་བྱིས་པའི་ངོས་འཛིན་ནུས་པ་དང་སྐད་ཆ་བཤད་པའི་ནུས་པ་འཕེལ་རྒྱས་སོང་བ་དང་བསྟུན་ནས་བྱིས་པ་ལ་གཏམ་རྒྱུད་བཤད་དུ་བཅུག་ནས་སྐད་ཆ་བཤད་པའི་ནུས་པ་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་དགོས།
       འཛམ་གླིང་གི་ཁྱིམ་གྱི་སློབ་གསོ་བ་མིང་གྲགས་ཅན་ཝེ་ཐུ(威特)ཡིས་རང་གི་བྱིས་པར་འདི་ལྟར་སློབ་གསོ་བཏང་ནས་མཐར་ཁོའི་བུ་ལོ་ལྔ་ནས་དྲུག་ལ་སླེབས་སྐབས་དཀའ་ཚེགས་ཅི་ཡང་མེད་པར་མིང་རྐྱང་ཁྲི་གསུམ་ལྷག་ཤེས་སོང་བ་རེད། འདི་ནི་ངོ་མ་ཡ་མཚར་བའི་གྲངས་ཀ་ཞིག་མ་ཡིན་ནམ།
       འཇར་པན་གྱི་སློབ་འབྲིང་སློབ་མས་ལོ་ལྔ་ལ་དབྱིན་ཡིག་སྦྱང་ན་ད་གཟོད་ཕུལ་བྱུང་སློབ་མས་མིང་རྐྱང5000ཙམ་དང་། སློབ་མ་དཀྱུས་མས་མིང་རྐྱང3000ཙམ་ཤེས་ཡོད། རང་རེའི་སློབ་ཆུང་སློབ་མས་ལོ་དྲུག་ལ་རྒྱ་ཡིག་སྦྱངས་ན་ཕལ་ཆེར་མིང་རྐྱང1500ཙམ་ལས་ཤེས་མེད་པས། སྔ་དུས་སློབ་གསོ(早期教育)ཡི་འབྲས་བུ་ནི་ཅི་འདྲའི་ཆེ་བ་ཞིག་རེད་ཨང་།
       ཝེ་ཐུའི་སྐད་ཆའི་སློབ་གསོ་བྱེད་ཐབས་ལ་མཉམ་འཇོག་རྒྱུ་ཞིག་ཡོད་པ་ནི་ཁོས་རྒྱུན་དུ་བྱིས་པ་ལ་སྐད་ཆ་ཕྱེད་ཀ་དང་། འདྲེས་མའི་སྐད་ཆ། ཡུལ་སྐད་དང་ལུང་སྐད་མི་བཤད། ཁོས་རྒྱུན་དུ་བྱིས་པ་ལ་ལོ་གཉིས་ཡས་མས་ནས་སྐད་ཆ་ཡང་དག་པ་ཤེས་པའི་ནུས་པ་ཡོད་བཞིན་དུ་སྐད་ཆ་ཡང་དག་པ་མ་བསླབས་ན་ག་ལ་འགྲིག་ཅེས་རྒྱུན་དུ་སྐད་ཆ་ཚད་ལྡན་སློབ་ལ། གལ་ཏེ་བྱིས་པས་སྐད་ཆ་ཚད་ལྡན་ཞིག་བཤད་ཚེ་ཁོས་བྱིས་པའི་མགོ་ལ་བྱུག་བྱུག་བྱེད་བཞིན་བསྔགས་བརྗོད་བྱེད་པ་དང་། གལ་ཏེ་བྱིས་པའི་སྐད་ཆ་ཚད་ལྡན་མིན་ཚེ་ཁོས་བྱིས་པའི་ཨ་མ་ལ། ལྟོས། ཁྱོད་ཀྱི་བྱིས་པས་སྐད་ཆ་བཤད་ཤེས་ཀྱིན་མེད་ཅེས་བཤད་ཚེ། བྱིས་པའི་ཨ་མས་དེ་ལྟ་ག་ལ་སྲིད། ངའི་བྱིས་པས་འདི་འདྲའི་སྐད་ཆ་སླ་མོ་ཞིག་ཀྱང་བཤད་མི་ཤེས་སམ། ཞེས་བཤད་པ་ན། བྱིས་པ་ལ་སློབ་སྦྱོང་གི་བརྩོན་སེམས་རྒྱས་ཏེ་བྱིས་པ་དེ་ཨ་མའི་པང་ན་ཡོད་དུས་ནས་སྐད་ཆ་དག་པ་དང་། ཆུང་དུས་ནས་འཇར་མན་སྐད(德语)ཚད་ལྡན་བཤད་ཤེས་པར་གྱུར།
       ཝེ་ཐུ་ཁོ་རང་གིས་སྤྱི་སྐད་ཚད་ལྡན་བཤད་པ་མ་ཟད། ད་དུང་བྱིས་པའི་ཨ་མ་དང་བྱིས་སྙོར་བ་སོགས་རང་གི་བྱིས་པ་ལ་འབྲེལ་འདྲིས་ཡོད་པའི་ཁྱིམ་མི་ཡོད་ཚད་ལ་དེ་ལྟར་རེ་བ་བྱས་པས། མཐར་ཁོའི་བྱིས་པ་ལོ་བརྒྱད་ལ་སོན་སྐབས་འཇར་མན་དང་ཧྥ་རན་སི། དབྱི་ཐ་ལི། ཀེ་རི་སེ། རོ་མ་སོགས་ཀྱི་རྩོམ་རིག་གི་དཔེ་ཆ་ལ་བལྟ་ཐུབ་པར་གྱུར་པས། ཁོ་ནི་ངོ་མ་སྔ་དུས་སློབ་གསོའི་ཕན་ནུས་ཐོན་པའི་མི་འཇོན་ཐང་ཅན་ཞིག་རེད།
       ཁོའི་ཕ་རྒན་ཝེ་ཐུ་ནི་ངོ་མ་རླབས་ཆེ་བའི་ཨ་ཕ་ཞིག་དང་འཛམ་གླིང་གི་རླབས་ཆེ་བའི་ཁྱིམ་ཚང་སློབ་གསོ་བ་ཆེན་པོ་ཞིག་རེད། ཁོའི་ཕུན་སུམ་ཚོགས་པའི་སློབ་གསོ་བརྒྱུད་དེ་རང་གི་བུ་རང་ལོ14སྟེང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ལ། ལོ16སྟེང་རྩེ་རམས་པ(博士)ཡི་དམ་བཅའ་བཞག་པ་རེད།
       ཁཱ་ཨེར·ཝེ་ཐུ(卡尔·威特)དངོས་སུ་བྱིས་པ་སྐྱེད་སྲིང་བྱས་པའི་གྲངས་ཀྱི་ཆ་ནས་དེ་འདྲའི་མང་པོ་ཞིག་མིན་ནའང་རང་གི་བྱིས་པ་སྐྱེད་སྲིང་བྱེད་པའི་གོ་རིམ་གྱི་ཁྲོད་ནས་རླབས་ཆེ་བའི་ཉམས་མྱོང་ཆེན་པོ་ཞིག་མིའི་རིགས་ལ་བཞག་པ་ནི་ཆེས་རླབས་ཆེ་བའི་མཛད་རྗེས་ཤིག་ཡིན་པས། ཁྱིམ་བདག་ཚང་མས་སློབ་སྦྱོང་དང་མཉམ་འཇོག་བྱེད་དགོས་པ་ཞིག་རེད་སྙམ།
བཞི། སྐད་ཆ་དང་འཇོན་ནུས།
       སྐད་ཆ་ནི་བསམ་བློ་བརྗེ་རེས་ཀྱི་ཡོ་བྱད་ཅིག་དང་འཇོན་ནུས་སྔོག་འདོན་གྱི་ཡོ་བྱད་ཅིག་ཡིན་པས། ཡོ་བྱད་འདི་འཛོམས་མིན་གྱི་དབང་གིས་མི་རེ་རེར་ཐོབ་པའི་འཇོན་ནུས་ཀྱི་ཚད་གཞི་གཏན་ནས་འདྲ་མི་སྲིད་པ་རེད། སྤྱིར་མི་ནར་སོན་པའི་གོ་རིམ་ནི་མི་ལ་སྐད་ཆའི་འཇོན་ནུས་ཆགས་པའི་གོ་རིམ་ཞིག་ཡིན་པ་དང་། དེའི་སྐད་ཆའི་འཇོན་ནུས་ལ་ཐག་གཅོད་རང་བཞིན་གྱི་ཤན་ཤུགས་ཐེབས་བཞིན་ཡོད་ལ། སྐད་ཆའི་འཇོན་ནུས་བཟང་ངན་གྱིས་བྱིས་པའི་སློབ་འབྲས་བཟང་ངན་དང་འཚོ་གནས་ནུས་པ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
       དགེ་རྒན་ཕལ་ཆེ་བ་ཞིག་གི་སློབ་ཁྲིད་ལ་ཉན་ན། དགེ་རྒན་གྱིས་བཤད་པའི་སྐད་ཆའི་ནང་ན་ཡུལ་སྐད་དང་། ལུང་སྐད་ཀྱིས་སློབ་དང་ཁྲིད་ཀྱི་བརྒྱ་ཆ30-བརྒྱ་ཆ40ཙམ་ཟིན་ཡོད་ལ། འདྲེས་མའི་སྐད་ཀྱིས་བརྒྱ་ཆ50ཟིན་ཡོད།
       བོད་སྐད་ལ་མཚོན་ནས་བཤད་ན། ཆེ་ཕྱོགས་ནས་དབུས་སྐད་དང་ཁམས་སྐད། ཨམ་སྐད་གསུམ་གྱིས་གྲུབ་པས། སྐད་ཆ་དེ་གསུམ་གང་ཡིན་ཡང་མཐར་གཏུགས་ནས་བཤད་ན་ཡུལ་སྐད་མི་འདྲ་བ་ཆེ་ཁག་གསུམ་ཡིན་པ་ལས། བོད་སྤྱི་ལ་ཁྱབ་པའི་ཚད་ལྡན་གྱི་སྤྱི་སྐད་མིན་ཏེ། དབུས་སྐད་བཤད་ན་ཁམས་པ་དང་ཨ་མདོ་བས་གོ་དཀའ་ཞིང་། ཁམས་སྐད་དང་ཨམ་སྐད་བཤད་ན་དབུས་གཙང་གིས་གོ་དཀའ་བ་ལྟ་བུ་རེད། དཔེར་ན་རང་ཡུལ་ནས་མི་ལོ་བཅུ་གཉིས་ལྷག་ལ་བོད་ཀྱི་བརྡ་སྤྲོད་རིག་པ་སྦྱངས་པའི་ཨ་མདོའི་སློབ་མ་ཞིག་དབུས་གཙང་དང་ཁམས་ཕྱོགས་སུ་སོང་ན་སྐད་ཆའི་བརྗེ་རེས་ལ་དཀའ་ཁག་འབྱུང་བཞིན་ཡོད་པ་འདིས་བོད་སྐད་སློབ་ཁྲིད་འཛམ་གླིང་ལ་ཁ་ཕྱོགས་རྒྱུ་དང་། རྒྱལ་ཡོངས་ལ་ཁ་ཕྱོགས་རྒྱུ་ལྟ་ཞོག་ཐ་ན་ད་དུང་མདོ་དབུས་ཁམས་གསུམ་ལ་ཡང་ཁ་ཕྱོགས་ཐུབ་ཀྱིན་མེད་པ་གསལ་བཤད་བྱས་ཡོད།
       བོད་སྐད་ཀྱི་སློབ་གསོ་བོད་ཡུལ་ལ་ཁ་ཕྱོགས་མ་ཐུབ་པ་འདིས་བོད་ནང་ཁུལ་གྱི་བསམ་བློ་བརྗེ་རེས་པ་དང་། ཆོས་ལས། བརྡ་འཕྲིན། ལྟ་སྐོར། རིག་གནས། སློབ་གསོ་སོགས་ལ་ཤན་ཤུགས་ཆེན་ཐེབས་བཞིན་ཡོད། གནད་དོན་འདིར་དམིགས་ཏེ་བོད་ཀྱི་ཁམས་པ་མང་བོ་ཞིག་གིས་བོད་སྤྱི་སྐད་ཀྱི་གནད་དོན་འདིར་བསམ་གཞིགས་བཏང་སྟེ། ཨམ་སྐད་ཁམས་སྐད་དང་བསྟུན་རྒྱུ་ཡིན་ནམ། ཁམས་སྐད་དབུས་སྐད་དང་བསྟུན་རྒྱུའི་ཐད་དུ་ལྟ་ཚུལ་འདྲ་མིན་གང་མང་ཞིག་འདོན་བཞིན་ཡོད་པ་རེད།
       ངས་བལྟས་ན། དབུས་སྐད་དང་ཁམས་སྐད། ཨམ་སྐད་གང་ཞིག་ཡིན་ཡང་སྐད་ཆ་དེ་དག་གི་ནང་ན་མདོ་དབུས་ཁམས་གསུམ་སྤྱི་ལ་ཁྱབ་པའི་སྐད་ཆ་ཚད་ལྡན་ཡོད་ངེས་ཡིན་ལ། རང་རང་གི་ཡུལ་སྐད་དང་ལུང་སྐད་ཡང་ཡོད་ངེས་ཡིན་པས། ཐོག་མར་ཕན་ཚུན་གྱིས་མི་གོ་བའི་ཡུལ་སྐད་དང་ལུང་སྐད་གྱི་ཆ་དེ་དོར་ཞིང་དེའི་ཚབ་ཏུ་ཐུན་མོང་གིས་གོ་ནུས་པའི་སྐད་ཆ་དེ་བེད་སྤྱད་ན། རང་བཞིན་གྱིས་སྤྱི་སྐད་ཆ་ཚང་བ་ཞིག་ཆགས་པ་མ་ཡིན་ནམ་སྙམ།
       སྤྱིར་མདོ་དབུས་ཁམས་གསུམ་གྱི་སྐད་ཆའི་ནང་ན་བོད་ཀྱི་འཚོ་བ་དངོས་ལས་བྱུང་བའི་སྤྱི་སྐད་ཆ་ཚང་བ་ཞིག་ཡོད་ནའང་། སྤྱི་ཚོགས་ཁོར་ཡུག་དང་། རབ་བྱུང་ཁོར་ཡུག འགྲིམ་འགྲུལ་སྟབས་བདེ་མིན་སོགས་ཀྱི་དབང་གིས་རིམ་བཞིན་ས་ཆ་དང་ཡུལ་ལུང་མི་འདྲ་བ་སོ་སོ་ནས་ཡུལ་སྐད་དང་ལུང་སྐད་འདྲ་མིན་མང་བོ་བྱུང་ལ། རིམ་བཞིན་ཡུལ་ལུང་གི་སྐད་ཆ་དེ་དག་གིས་ཚད་ལྡན་གྱི་སྐད་ཆའི་ཚབ་བྱས་པ་ན། དབུས་གཙང་གི་སྐད་ཆ་ཁམས་ཕྱོགས་ཀྱིས་མི་གོ་བ་དང་། ཁམས་ཕྱོགས་ཀྱི་སྐད་ཆ་ཨ་མདོར་མི་གོ་བ། ཨ་མདོའི་སྐད་ཆ་དབུས་གཙང་གིས་མི་གོ་བའི་གནད་དོན་འདི་བྱུང་བ་རེད། གནད་དོན་འདི་ཐག་གཅོད་དགོས་ན་ཡུལ་གང་གི་སྐད་ཆ་གང་ལ་བསྟུན་རྒྱུ་དང་ཡུལ་གང་གི་སྐད་ཆ་སྤྱི་སྐད་བྱེད་རྒྱུར་བསམ་གཞིགས་གཏོང་བ་ལས། ཡུལ་རང་རང་གི་སྐད་ཆའི་ནང་ན་བོད་ཁམས་སྤྱི་ལ་མི་ཁྱབ་པའི་ཡུལ་སྐད་དང་ལུང་སྐད་ཡོད་ཚད་དོར་ཚེ། ལྷག་མ་ནི་བོད་ཀྱི་སྤྱི་སྐད་ཡིན་པར་ངེས་ཏེ། ཡུལ་རང་རང་གི་སྐད་ཆཡུལ་སྐད་དང་ལུང་སྐདའདྲེས་མའི་སྐད་ཆ=བོད་ཀྱི་སྤྱི་སྐད་ཚད་ལྡན་རེད།
       སྤྱི་སྐད་ཇི་ལྟར་ཆགས་པའི་ཐད་ནས་བཤད་ན། འདྲེས་མའི་སྐད་ཆ་ནི་སྐད་ཆའི་ནད་ཡམས་ཆེན་པོ་ཞིག་ཡིན་པས། ནད་ཡམས་འདིས་མི་རིགས་རེ་རེའི་སྤྱི་སྐད་ཀྱི་སྲོག་ལ་གཟན་པར་མ་ཟད། འདྲེས་མའི་སྐད་ཆ་འབྱུང་ཡུལ་གྱི་མི་རིགས་དེའི་སྤྱི་སྐད་ཡང་བཙོག་བསྒྱུར་བྱེད་ངེས་ཡིན་ཏེ། རྒྱུན་དུ་སློབ་ཁྲིད་ཀྱི་ཁྲོད་ན་དགེ་རྒན་མང་ཆེ་བ་ཞིག་གིས་ཁྱེད་ཚོས་གོ་འམ་མི་གོ་ཞེས་པ་ལ“ཁྱེད་ཚོས་ཨེ་གོ་གི”ཨ་རོགས་ཞེས་པ་ལ“ཨ་ཝ”མང་བོ་ལ“ཧྭོ་ལོང་བ”ཁག་ཐག་རེད་ཅེས་པ་ལ“པོ་ཞན་རེད”ཁ་པར་ཨང་གྲངས་ལ“ཏེན་ཧྭ་ཧོ་མ”དེ་ནས་བཟུང་སྟེ“དེ་ནས་མ་གི”སོགས་བཤད་བཞིན་ཡོད་ནའང་། ཆེས་ཡ་མཚར་བ་ཞིག་ནི་སློབ་མས་འབྲི་དེབ་ཀྱི་སྟེང་དུ་དགེ་རྒན་གྱིས་བཤད་པའི་སྐད་ཆ་དེ་དག་བྲིས་ཚེ། དགེ་རྒན་གྱིས་ཚ་དམར་པོས་འཕྱུག་རྟགས་བརྒྱབ་ཡོད་པ་རེད། སློབ་གྲོགས་མང་ཆེ་བ་ཞིག་ལ་ཚ་རྟགས་དེ་ཇི་ལྟར་བྱུང་བ་ཡིན་ནམ་ཞེས་དྲིས་ན་སློབ་མ་དེ་དག་གིས་འུན…འུན…ཞེས་དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་དེ་ལྟར་བཤད་བཞིན་ཡོད་ཅེས་པ་ཙམ་ལས་ལན་འདེབས་རྒྱུ་ཅི་ཡང་མི་འདུག་པས། དོན་དངོས་སུ་ལུང་སྐད་དང་འདྲེས་སྐད་ཀྱིས་སློབ་མའི་སྤུས་ཚད་འཕེལ་རྒྱས་ལ་ཤན་ཤུགས་ཚབས་ཆེན་ཐེབས་བཞིན་ཡོད་པ་རེད།
       དགེ་རྒན་སུ་ཞིག་ཡིན་ཡང་སློབ་མ་ལ་ཚད་ལྡན་གྱི་སྐད་ཆས་སློབ་ཁྲིད་བྱེད་རྒྱུ་ནི་སློབ་མའི་བསླབ་འབྲས་འཕེལ་རྒྱས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། སློབ་གསོ་འདྲ་མཉམ་གྱི་གཞི་འཛིན་ས་ཞིག་ཀྱང་ཡིན་ཏེ། དཔེར་ན། སློབ་གྲོགས་བཀྲ་ཤིས་ཀྱིས་ཚད་ལྡན་གྱི་སྐད་ཆའི་སློབ་ཁྲིད་མྱོང་བཞིན་ཡོད་པ་དང་། སློབ་གྲོགས་ཕུན་ཚོགས་ལ་ལུང་སྐད་དང་འདྲེས་མའི་སྐད་ཀྱི་སློབ་ཁྲིད་འཐོབ་བཞིན་ཡོད་པ་གཉིས་བསྡུར་ན། སློབ་གྲོགས་དེ་གཉིས་ལ་ཐོབ་པའི་ཤེས་བྱའི་སྤུས་ཚད་འདྲ་མི་སྲིད་ལ།ཁྱད་པར་དུ་སློབ་གྲོགས་དེ་གཉིས་ལ་ཐོབ་པའི་སྐད་ཆའི་སྤུས་ཚད་གཏན་ནས་འདྲ་མི་སྲིད་པ་མངོན་སུམ་གྱིས་ཤེས་ནུས་པ་ལྟ་བུ་རེད།
       དེ་བས། སྐད་ཆ་ནི་སློབ་གསོའི་ཐོག་མའི་རྨང་རྡོ་རེད་ལ། ཚད་ལྡན་གྱི་སྐད་ཆའི་སློབ་གསོ་ནི་སློབ་གསོའི་རྨང་རྡོ་ཡིན་པས། “རྨང་རྡོ་གཉིས”ལ་ངོས་འཛིན་དང་གཙིགས་ཆེན་བྱས་མིན་གྱི་དབང་གིས་བྱིས་པའི་མི་ཚེའི་རྨང་གཞི་ཐག་གཅོད་བྱེད་བཞིན་ཡོད་ནའང་། ཁྱིམ་བདག་ལྟ་ཞོག་དགེ་རྒན་གང་མང་ཞིག་གིས་ཀྱང་ད་དུང་བྱིས་པས་སྐད་ཆ་བཤད་ཤེས་མིན་ནས“ཙེ་ཅན(再见)དང་།” “པེ་པེ(拜拜)”ནས་བཟུང་སྟེ་སྐད་ཆ་འདྲེས་མའི་མགོ་རྩོམ་བཞིན་ཡོད་པ་ལྟ་བུ་རེད།
འབྲེལ་ཡོད་འོས་སྦྱོར།