logo

༄༅། །ཨ་ལགས་བསེ་ཚང་གི་སློབ་གསོའི་དགོངས་པ་གནད་བསྡུས། སྨན་ཤུལ།

རྩོམ་པ་པོ།:སྨན་ཤུལ་རིན་ཆེན་རྡོ་རྗེ། ཡོང་ཁུངས།:སྒང་ལམ་པའི་འཕྲིན་སྟེགས། དུས་ཚོད།:2023-01-11 ཀློག་གྲངས།:
སློབ་དཔོན་རིན་པོ་ཆེ་ཨ་ལགས་བསེ་ཚང་གི་སློབ་གསོའི་དགོངས་པ་གནད་བསྡུས།
སྨན་ཤུལ་རིན་ཆེན་རྡོ་རྗེ།

       དེང་སང་བླ་མ་བླ་སྤྲུལ་ཞིག་ཡིན་ན་རང་རང་གི་འབངས་ལྷ་སྡེ། སྒར་དགོན་པ་སོགས་སྐྱོང་རྒྱུ་ཧ་ཅང་གལ་ཆེ་བར་སྣང་། འདིའི་ཕྱོགས་ན་བླ་མའི་ནང་ཆེན་ཡག་མི་ཡག བླ་མའི་རླངས་འཁོར་འཇིགས་མི་འཇིགས། བླ་མའི་ལྷ་སྡེ་ངར་མི་ངར་སོགས་ལྟ་རྒྱུ་འགྲན་རྒྱུ་མང་ཟེར། ང་རང་གི་ཕ་ཡུལ་བླ་བྲང་ཡིན་པས། བླ་མ་བླ་སྤྲུལ་མང་པོ་ཡོད། ཚང་མ་དེ་ལྟར་ག་ལ་ཡིན་མོད། འོན་ཀྱང་ཁ་ཤས་དེ་འདྲ་ཞིག་རེད་ཟེར་གྱིན་ཡོད། ད་དེང་སང་བླ་མ་ཡིན་ནའང་འདྲ། གྲྭ་པ་ཡིན་ནའང་འདྲ། སྔོན་བྱོན་མཁས་དབང་དམ་པའི་རྣམ་ཐར་བསྐྱངས་ནས་ཕན་ཚུན་དགེ་རྒན་དང་སློབ་མའི་བར་གྱི་འབྲེལ་བ་འཛིན་མཁན་ཡང་ཧ་ཅང་ཉུང་ཟེར། ད་བླ་མ། གྲྭ་པ། སྟོན་པའི་དམ་ཆོས་ལ་སོགས་ཀྱི་མཚན་ཉིད་ལའང་གོ་འཛོལ་འབྱུང་ཉེན་ཆེ་ཞེས་དགེ་རྒན་རྣམ་པ་ཚོས་བཤད་མྱོང་། སྤྱིར་བླ་མ་ཞིག་ཡིན་ན་ཡོན་ཏན་གྱིས་ལྕི་བ་དང་། གྲྭ་པ་ཞིག་ཡིན་ན་སློབ་གྲྭ་པ་སྟེ་སློབ་མ་དང་ཁྱད་པར་མེད་པས་གཟིར་གནས་བློ་ལྡན་དོན་གཉེར་ཅན་ཡིན་པ། སྟོན་པའི་དམ་ཆོས་ལའང་ལུང་དང་རྟོགས་པའི་བདག་ཉིད་ཅན་ཡིན་པ་ལས་གཞན་ཅང་མེད། འོ་ན་དེང་སང་དེ་འདྲ་ཞིག་ཨེ་ཡིན། དེང་སང་དགོན་པ་ཕལ་ཆེར་ཀྱང་དང་མའི་དབེན་གནས་འབྲོག་ས་ལྟ་བུ་ཞིག་མིན་པས། ཁྲ་ཁྲ་རིག་རིག་གི་ཁོར་ཡུག་ནང་ནས་འཇིག་རྟེན་པའི་ཤུགས་རྐྱེན་ཐེབས་པ་མང་ཤོས་རེད། ད་བླ་མ་ལ་ལ་རྒྱུ་ལ་དགའ་ནི། སྦྱིན་བདག་ལ་ལ་ཁྲམ་པ་ཡིན་ནི། གྲྭ་པ་ལ་ལ་རྐྱལ་སྟོང་ཡིན་ནི།  སློབ་མ་ལ་ལ་ལད་པོ་ཡིན་ནི། དངོས་གནས“ཆོས་འཇིག་རྟེན་མེད་ལ་ཟ་ངེ་ཟིང་ངེ། ལས་རྒྱུ་འབྲས་མེད་ལ་གླ་ནི་གླེན་ནེ”ཞེས་པ་དང་“བོད་རུས་གདུང་མེད་པ། ནང་དམེ་བྱེད་པ། སྡོང་བོའི་རྩད་པ་ཡིན་རྒྱུ་ན་རུལ་ལ་ཁད་ལྟ་བུར་སོང་ཡོད”ཟེར་བ་བདེན་ནོ།།
       འོན་ཀྱང་། དུས་སྙིགས་མ་ཞེ་ནའང་འདྲ། བོད་ལས་ངན་ཞེ་ནའང་འདྲ། ལས་ངན་ནང་གི་ལས་ཅན་ལ། ནང་བསྟན་བསྟན་པའི་སྲོག་ཤིང་དང་སེམས་ཅན་སྐྱོང་བའི་ཕ་མ་རུ་བྱོན་པ་སྔོན་གྱི་རྒྱལ་སྲས་ཐུ་བོའི་གདུང་འཚོབ་ད་དུང་ཡོད་དམ་མེད་ཅེ་ན། དེང་གི་བོད་ཀྱི་མཁས་པ་མི་བཅུའི་ཡ་གྱལ། རྒྱལ་ཁབ་རིམ་པའི་སློབ་དཔོན་ཆེན་མོ་ཨ་ལགས་བསེ་ཚང་ནི་དེའི་ནང་གི་གཅིག་རེད། གང་ཞིག་བླ་མ་རིན་པོ་ཆེ་མིང་དང་དོན་མཐུན་པ། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཕྱུག་པ། སྤྱིར་ཆོས་ལུགས་དང་། སྒོས་སུ་མི་རིགས་སློབ་གསོའི་ལས་ཀ་ལ་བྱང་ཆ་ཡོད་པ། དེའི་ནང་ནས་ཀྱང་དེང་རབས་ཀྱི་སློབ་གསོ་དང་དུ་ལེན་ཐུབ་པ། མིག་རྒྱང་ཡོད་པ། ཁོག་རྒྱ་ཆེ་བ། ཏག་ཏག་ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྩ་བའི་བླ་མ་བྱིན་རླབས་སྤུངས་ཞུས་བྱེད་ས་འཁྲུལ་མེད་ཅིག་ཡིན་པས། བདག་དེ་སྔོན་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭའི་ནང་ཁོང་གི་སློབ་མ་ཡིན་དུས་ཁོང་རིན་པོ་ཆེའི་བཀའ་གསུང་གནད་བསྡུས་ཤིག་ཉར་ཚགས་བྱས་ཡོད་ཅིང་། འདིའི་ནང་ན་དེང་རབས་ཀྱི་སྙན་ངག་མཛེས་པར་བྱེད་པའི་རྒྱན་གྱི་ལག་ལེན་སོགས་བཤད་པ་ནས། ཁོང་རིན་པོ་ཆེའི་མི་རིགས་ཀྱི་སློབ་གསོའི་དགོངས་པ་གནད་བསྡུས་ཞིག་ཀྱང་འདུ་ཞེ་ན་ཆོག་སྙམ། ངས་དེ་རིང་ཚོགས་ཐོག་འདི་ནས་བཀའ་གསུང་གནད་བསྡུས་འདི་བཀྲམ་ན་འདོད། གཅིག་ན་སློབ་དཔོན་རིན་པོ་ཆེ་ཨ་ལགས་བསེ་ཚང་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། གཉིས་ན་ཚོགས་ཐོག་འདིའི་སྐུ་ཞབས་རྣམ་པར་བློ་བསྐྱེད་འདྲ་བྱུང་ན་རང་རང་ས་ཆའི་གྲྭ་པའམ་སློབ་གྲྭ་པ་གང་ཡིན་རུང་། ཐ་ན་རང་རང་གི་བུ་ཕྲུག་ཙམ་ལའང་འདིའི་ཕྱོགས་ནས་གོ་བསྐོན་སློབ་གསོ་འདྲ་ཐེབས་སུ་བཅུག་ན་ཅི་མ་རུང་སྙམ་མོ། །
       བཀའ་གསུང་གནད་བསྡུས་འདིའི་ནང་དོན་གཙོ་བོ་ཡང་མི་རིགས་ཞིག་འཕེལ་རྒྱས་སུ་འགྲོ་བ་དང་མི་ཞིག་སེམས་ཅན་གཞན་ལས་མཆོག་ཏུ་དགར་བྱེད་གཉིས་གཞི་གཅིག་ཏུ་འབབ་ཁོ་ཐག་སྟེ། དེ་ནི་ཡོན་ཏན་སྦྱངས་མ་སྦྱངས་ལ་རག་ལས་པ་དེ་ཁོ་ན་ཉིད་ཡིན་པ་བསྟན་ཡོད། འོ་ན་ཡོན་ཏན་ཞེས་པ་གང་ལ་སྦྱོང་། ཡོན་ཏན་ཞེས་པ་ཇི་ལྟར་སྦྱོང་ལ་སོགས་པ་ཁོང་རིན་པོ་ཆེའི་གསུང་ན་ཞིབ་ཆ་ཆེ་ཞིང་། ལྷག་ཏུ་བོད་མི་རིགས་འདིའི་ཁ་སང་གི་གཟི་བརྗིད་དང་། ད་ལྟའི་གནས་བབ། མ་འོངས་པའི་ཉེན་ཁ་སོགས་ལ་དམིགས་བཙུགས་ནས་རེ་རེ་བཞིན་གསུངས་ཡོད་པས། རྗོད་བྱེད་ཀྱི་གཏམ་ལ་གསལ་ཁ་ཆེ་ཞིང་། བརྗོད་པར་བྱ་བའི་དོན་རྩ་འབུར་དུ་ཐོན་ཅིང་གནད་ཕུགས་པ། གཞན་ཡང་བོད་ཀྱི་ཤེས་རིག་གི་སྤྱི་ཁོག་ངོ་སྤྲོད་དང་། མཁས་པར་སྦྱོང་བའི་སྔོན་འགྲོའི་ཆ་རྐྱེན་དང་སྡུག་ཐེག་དགོ་ཚུལ། ཇི་ལྟར་སྦྱོང་བའི་མཚམས་སྦྱོར་རགས་བསྡུས། ད་དུང་ལོ་རྒྱུས་ཡིག་ཆ་དང་ལོ་རྒྱུས་དཔྱད་བརྗོད། ལོ་རྒྱུས་སྟེང་གི་བོད་ཡིག་བཀས་བཅད་ཐེངས་གསུམ་པོ་དང་དེང་སང་གི་བོད་ཀྱི་སྤྱི་སྐད། བོད་མའི་སྒྱུ་རྩལ། ཆོས་ལུགས་གྲུབ་མཐའ་སོ་སོའི་ཁྱད་པར། ཆོས་ལུགས་དང་ཆབ་སྲིད་བར་ཀྱི་འབྲེལ་བ། གཞན་རྩྭ་ས་རྩོད་གླེང་། སྲིད་ཇུས་ལག་ལེན་སོགས་ཀྱང་འདི་འདི་གན་གན་ཞེས་ཞིབ་ཆ་མི་དམན་པས། ཁོ་བོ་སློབ་གྲྭ་དེ་ག་ནས་མཐར་ཕྱིན་ནས་ལོ་ངོ་དྲུག་ཙམ་འགོར་ཀྱང་། ནམ་ཡིན་ཡང་བརྗེད་མི་ཐུབ་པ་ཞིག་ནི་ཁོང་རིན་པོ་ཆེའི་གསུང་བཤད་འདི་དང་། ནམ་ཡིན་ཡང་སེམས་ཁོངས་ན་འཆར་བཞིན་པ་ནི་ཁོང་རིན་པོ་ཆེའི་སློབ་གསོའི་དགོངས་པ་རྨ་མེད་པ་དེའོ།།
       ཇི་སྐད་དུ། རྟེན་འབྲེལ་བསྟོད་པ་ལས། “མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན”ཞེས་པ་ཇི་བཞིན། ཁོང་རིན་པོ་ཆེས་གསུང་བཤད་འདི་གནང་དུས་སྤྱི་ལོ1993ལོའི་ཟླ7པའི་དབྱར་ནང་ཡིན་ལ། དེ་དུས་ཁོང་རིན་པོ་ཆེ་པེ་ཅིན་ནས་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཁྲིད་གྲོལ་དེ་ཕྱིར་ཕེབས་པ་དང་། ངེད་ཅག་དགུ་བཅུ་ཐམ་པ་ལོའི་མཐར་ཕྱིན་འཛིན་གྲྭ་ཐེ་བོ་ནས་དངོས་སྦྱོང་བྱས་ཚར་ཏེ་སློབ་གྲྭར་ལོག་ནས་ལས་གནས་གསར་པའི་བྱ་བ་བགོ་རྒྱུར་གྲ་སྒྲིག་གི་སྒང་ཡིན། སྐབས་དེར་སྒྲ་སྡུད་འཕྲུལ་ཆས་སོགས་ཀྱི་སྟབས་མ་འགྲིག་མོད། བཀའ་གསུང་འདི་ཟིན་བྲིས་སུ་ཐོ་ཡིག་བཅད་ཐུབ་སོང་། གཞུག་ནས་སློབ་གྲོགས་འགའ་རེ་དང་མཉམ་དུ་རྗེས་དྲན་བྱེད་ཞོར་མ་ཡིག་ཕབ་ཁུལ་བྱས། དེས་ན་དེ་རིང་གི་ཚོགས་ཐོག་འདི་ནས་ཀུན་པོར་ངོ་སྤྲོད་ཅིག་བྱེད་ན་ཁོང་རིན་པོ་ཆེའི་ལེགས་པར་བཤད་པ་ནི་གཤམ་གསལ་ལྟར་ཡིན་ནོ། །
       ངས་དེ་རིང་འདི་ནས་བོད་ཀྱི་རིག་གནས་སྤྱིའི་ཁ་བྱང་ལྟ་བུ་ཞིག་བཤད་ན། གཞན་རིགས་དེང་སང་ཡར་རྒྱས་ཀྱི་སྒང་ཡིན་པ་དང་ཡོན་ཏན་སློབ་རྒྱུ་གཙོ་བོར་འཇོག ཡོན་ཏན་ཡོད་མེད་ཀྱི་ཁྱད་པར་ཀྱང། རང་ལས་གཞན་པར་འདང་རྒྱག་མིན་དེ་ཡིན། གཞན་དོན་ཡིད་བྱེད་འདི་གཙོ་བོར་བཞག་ན་རང་དོན་ཡིད་བྱེད་ཞོར་ནས་ཡོང་བ་རེད། གཞན་དོན་ཡིད་བྱེད་བྱ་བའང་སླེ་བོ་ཁུར་རོགས་ཤིང་རྟ་འདྲུད་རོགས་ཙམ་གྱིས་ཡོང་བ་མ་རེད། ནང་སྒོས་སུ་བོད་མི་རིགས་སྤྱིའི་བྱ་བ་ཞིག་བསྒྲུབ་པ་དང་། བྱ་བ་ཆེན་པོ་ཞིག་ལ་འབད་རྒྱུ་ཟེར་ན།
       མི་ཞིག་ཡིན་ན་སྤྱི་ཞིག་ལ་འདང་རྒྱག་དགོས། ཡོན་ཏན་མ་སྦྱངས་པར་རང་ཁོ་ནའི་ཁ་རྒྱབ་བསམ་ན། ཁྱོད་མུ་གེར་མི་འཆི་ཁོ་ཐག་ཡིན། དཔེར་ན་བྱ་བྱིའུ་འབའ་འབུ་ལ་ལྟོས་ཀྱི། རང་མཁས་པར་རང་གི་སློབ་སྤྱོང་ཞིག་བསམ་ན། འཇིག་རྟེན་གྱི་ཤེས་བྱ་ཐམས་ཅད་ཅེ་ན་དཀའ་མོད། རང་ཚོད་ཀྱིས་གལ་ཆེན་དག་ལ་འབད་དགོས། འཕགས་པ་ཀླུ་སྒྲུབ་ཀྱི་གསུང་ནའང། ཡོན་ཏན་མེད་པའི་ཁ་དེ་ནི། །ས་ཡི་བུ་ག་དག་དང་མཚུངས། །ཟེར་བ་བཞིན། རང་གི་ཅ་ནེ་ཙམ་གྱི་ཁ་རུ་ཡིད་ཚིམས་ན་ཧ་ཅང་མི་འོས། སྤུ་མེད་པ་ཙམ་ལས་ཕག་པ་དང་ཁྱད་ཅི། བྱིའུ་ཁ་ལ་ཡུག་ལྟ་བུས་ཀྱང་རང་ཚང་ཡག་པོ་ཞིག་བཟོ་ནུས། མདོར་ན། དུད་འགྲོ་ཡིན་ཀྱང་རང་དོན་མི་འཆུགས། འོ་ན་ང་ཚོ་མི་ཡིན་པས་དེའི་ཡན་ཆད་ཀྱི་བྱ་བ་ཞིག་བསྒྲུབ་དགོས། ལྷག་ཏུ་ཁྱེད་ཅག་ལོ་ཆུང་དག་གིས་ཡོན་ཏན་སྦྱོང་རྒྱུ་གལ། བོད་ཀྱི་རིག་གནས་ཀྱི་རྨང་གཞིའི་སྟེང་གཞན་པའི་རིག་གནས་ཀྱང་ཤེས་དགོས།
       ད་སྐབས་བོད་ཀྱི་རིག་གནས་སྙན་གྲགས་ཇེ་ཆེ་དང་། འཛམ་གླིང་ན་ཕལ་ཆེར་ཞིག་གིས་ཞིབ་འཇུག་བྱེད་པ་དང་ཧ་ཅང་གི་ཡ་མཚན་བཤད་རྒྱུ་ཡོད། དེང་སང་ཕྱི་རྒྱལ་གྱི་ཞིབ་འཇུག་མི་སྣ་ལ་ལ་ཞིག་གི་དྲི་བ་ང་ཚོས་ཀྱང་ལན་མི་ཕོག་པ་ཡོད། ཁོ་ཚོས་གྲྭ་པ་གྱིས། ཉམས་ལེན་བྱ་ཟེར། རྒྱ་ནང་ནའང་ནོར་བུ་ངོ་ཟིན་ནས་ཤེས་དགོས་ཟེར་བཞིན་དང་། རྒྱ་ནང་གི་སློབ་གྲྭ་ཆེན་མོ་བ་དག་གིས་ཀྱང་གཏིང་ཟབ་པ། མདུན་ལམ་ཡོད་པ་ཞེས་བོད་ཀྱི་རིག་གནས་ལ་བསྔགས་བརྗོད་དང་ད་དུང་བོད་ཡིག་མ་ཤེས་ན་བོད་ཀྱི་རིག་གནས་མི་ཤེས་ཞེས་ཐོག་མར་རང་ལ་བོད་མིང་འདོགས་མཁན་ཡང་མང་པོ་འབྱུང་བཞིན་པའི་སྒང་ཡིན། འོ་ན་ང་ཚོའི་བོད་ནང་གི་སློབ་གྲྭ་ཆེན་མོ་བ་ལ་ལས་རང་གི་རིག་གནས་ལ་མཐོང་ཆུང་བྱེད་པའང་མེད་ནི་མིན། བོད་རུས་གདུང་མེད་པ། ནང་དམེ་བྱེད་པ་ཞིག་ཏུ་འདུག་ཀྱང་། སྡོང་བོའི་རྩད་པ་ཡིན་རྒྱུ་ན་རུལ་ལ་ཁད་ལྟ་བུ་ཡིན་ཡང་། འདི་འདྲ་ཞིག་གཏན་ནས་བྱེད་མི་རུང་། དཔེར་ན་མཱན་རིགས་ལྟ་བུས་རང་གི་རིག་གནས་ལ་རང་གིས་མཐོང་ཆུང་བྱས་ནས་བརླགས་པ་ལོ་རྒྱུས་རེད། དེང་སང་བོད་ཀྱི་རིག་གནས་ཀྱང་ཉེན་ཁ་ལ་ཐུག་ཡོད་པ་ལོས་ཤེས། གཞུག་ནས་ཕྱི་རྒྱལ་བའི་སྔུན་ཚོར་འབག་གོན་ནས་སྡོད་ཨེ་ཐུབ། གཞུང་ལ་མཁས་པ་ཕར་ཕྱིན་ལ་རྩོད་པ་བྱུང་མཁན་ཡང་དེང་སང་གི་ཕྱི་རྒྱལ་ན་མང་པོ་ཡོད། འོ་ན་ང་ཚོའི་བོད་ཀྱི་རིག་གནས་ཀྱི་རྒྱུན་འདི་ཞེ་ན། དབུགས་ལྟ་བུ་ཆད་ཡག་མིན་པས། ཁྱོད་ཚོའི་རབས་འདིར་མི་ཡོང་ན་ཆད་ཁོ་ཐག་ཡིན། ཤི་རེ་མཁོ། ཁྱེད་རྣམ་པའི་ཕྲག་ན་ཡོད། རང་ག་བའི་ལ་རྒྱ་ཕར་ཞོག འདི་ལ་རྒྱ་ངོ་མ་རེད་ཡ། སེམས་ལ་ནན་ཏན་ཏུ་ཟུངས། ནངས་ཀར་རྟ་རྒྱུག་ན་དེ་རིང་རྟ་གསོས་པས་མི་ཡོང་ཨེ་གོ། ཁྱོད་དཔའ་བོ་ཇི་འདྲ་ཡིན་ཡང་ལག་ཆ་དགོས་རྒྱུ་ཨེ་གོ།
       བོད་ཀྱི་རིག་གནས་ཤེ་ན། རྨང་གཞི་བརྡ་སྤྲོད་རེད། འདི་ལ་མཐོང་ཆུང་བྱེད་མི་ཉན། འདི་ལྗོན་པ་ལྟ་བུའི་རྩད་པ་རེད། སུམ་རྟགས་དག་གསུམ་ལས་གཞན་སྒྲ་རིག་པའང་ཅུང་ཤེས་དགོས། འདི་ལ་བྱང་ན་གཞན་པ་སླ་འདུག དེང་སང་དག་ཡིག་གསར་བསྒྲིགས་ཡོད་པས་ཚང་མས་མཉམ་མི་འཇོག་རུང་རིག་པ་གཡར་མ་ཞེས་པ་དེ་རེད། རྒྱལ་དབང་བཅུ་གསུམ་པས་ཀྱང་རང་གི་གསོས་སྨན་ཞིག་དེའི་རྐྱེན་དེ་གས་གོ་ས་ནས་གཡུགས་མྱོང་བ་དཔེ་རེད། སུམ་རྟགས་དག་གསུམ་མ་ཡོང་ན། །ཁྱོད་ཀྱི་རྩོམ་པ་ཕྱེད་ཀ་ཡིན། །ཞེས་པ་ལྟར། རྒྱལ་པོའི་བང་མཛོད་ནོར་གྱིས་མིན། །མཁས་པ་ལེགས་བཤད་ཀྱིས་མི་ངོམ། །ང་ཚོས་རང་རང་གི་ཡོན་ཏན་ཕྲན་ཙམ་ཡང་གཞན་ལ་ངོམ་མི་ཉན། ངོམ་ན་ཁྱེད་རང་འགྲིག་གིན་མེད།
       སྡུག་ཅིག་མ་མཐོང་ན་མཁས་པར་མི་ཡོང་། དཔེར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པས་དགོང་མོ་མཚན་གྲོལ་གྱིས་འབྲེང་བུས་སྐེ་ལ་མདུད་པ་བརྒྱུས་ནས་དམར་ཤུལ་འཐེན་པ་དང་། རྡོ་ནག་ཅིག་གིས་རང་གི་མགོ་བོ་རྡུང་ནས་གཉིད་བཀྱག་པ་སོགས་རྡོ་གོར་མོ་དེ་དེང་སང་ཡང་མཇལ་རྒྱུ་ཡོད། དཔེར་ན་རྡོ་སྦིས་དགེ་བཤེས་ཀྱིས་ལྷ་ས་ནས་རྩམ་ཁུག་བསྣུམས་ནས་བསྡད་པ་དང་སྡུག་མཐོང་མི་ཉན་བྱ་བའི་འཆར་གཞི་ཞིག་ཡོད་པ་མ་རེད། སོག་པོ་ཚོས་ཀྱང་ལོ་རྒྱུས་སུ་ཐོག་མར་བོད་ཡིག་བོད་སྐད་འདི་སྦྱངས་ནས་ད་གཟོད་གཞུང་ལ་ཞུགས་པ་ཡིན། མཁས་པ་མང་པོ་ཞིག་བུད་པ་རེད།
       ངས་བལྟས་ན་མཁས་པ་ཞིག་དབུལ་ཕོངས་ཀྱིས་འཆི་མི་སྲིད་ཁོ་ཐག་རེད།
       ལར་མཁས་པ་ཞིག་ཏུ་འདོད་ན། ཐོག་མར་དགེ་རྒན་ཞིག་འཚོལ་བ་ལ་དད་གུས་ཀྱི་ཡོན་ཏན་གཉིས་དང་ལྡན་དགོས། དགེ་རྒན་ཞེ་ནའང་། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤང་ལ་བསྟེན། །ཟེར་བ་བཞིན། སློབ་མར་ཤ་ཚ་བ་རང་གི་བུ་ལྟར་ཞི་དྲག་གཉིས་ཀས་མི་ཡག་པོ་ཞིག་ཏུ་སྐྱོང་རྒྱུ་དང་ལྷག་པར་དགེ་རྒན་རང་གི་སྤྱོད་པ་ལའང་ཧ་ཅང་གི་མཉམ་འཇོག་བྱེད་དགོས། ཁྱེད་ཚོས་ཕལ་ཆེར་དགེ་རྒན་གྱི་ལས་ཀ་ལས་དགོ་ན་བོད་ཀྱི་བྱ་བར་འགན་ཁུར་བ་དག་བསྐྱེད་བསྲེང་བྱེད་དགོས་པ་ཡིན་པས། རི་བརྐོ་དགོས་པ་མིན། ཁང་པ་ལས་དགོས་པ་མིན། ཕྱི་རབས་སློབ་མ་ཚོ་ཡག་པོ་ཞིག་འཁྱོངས་ན་རབ་ནས་རབ་ཡིན། འོ་ན་སློབ་མའི་མཚན་ཉིད་ལ་ད་དུང་། གཟུར་གནས་བློ་ལྡན་དོན་གཉེར་བ་ཞེས་པ་ལས་དོན་གཉེར་འདི་གལ་ཆེ། བཤད་ཤེས་ནི་ཞིག་གིས་བཤད་ཀྱིན་ཉན་ཤེས་ནི་ཞིག་གིས་ཉན་ན་བོད་ཀྱི་རིག་གནས་འདི་ཧ་ཅང་གི་ཡ་མཚར་ཞིག་ཡིན་ནི་རེད། ཕྱི་རྒྱལ་བའི་དད་པ་དེའང་ནང་དོན་རིག་པའི་ཧ་གོ་བས་ཡིན། འོ་ན་སློབ་མའི་སྣོད་ཀྱི་སྐྱོན་གསུམ་ཏེ། ཞབས་བརྡོལ་བ། མི་གཙང་བ། ཁ་སྦུབ་པ་ལ་སོགས་ཀྱང་སྤང་ཅི་ནུས་ཀྱིས། རིག་པ་ནངས་པར་འཆི་ཡང་བསླབ་པ་དང་རིག་པ་ལ་ཚར་རྒྱུ་མེད། དཔེར་ན་ལྷ་རམས་དམ་བཅའ་བཞག་ནས་ད་གཟོད་སྔགས་ཀྱི་སྦྱོང་བ་སྟེ་གསང་སྔགས་ལ་ཞུགས་ནས་སློབ་གཉེར་གནང་བ་དང་། མཚད་ཉིད་གྲྭ་ཚང་ལ་བློ་རིག་ལོ་གཅིག རྟགས་རིག་ལོ་གཅིག ཐར་ལམ་གསལ་བྱེད་དང་ཊཱིཀ་ཆེན་གཉིས་ཀ་བློར་འཛིན་དགོས། དེ་ནས་ཕར་ཕྱིན་ལོ་བཞི། དབུ་མ་ལོ་གཉིས། མཛོད་ལོ་གཅིག བཀའ་རིམ་འདུལ་བ་ལོ་གཅིག དེ་ནས་སླར་ཡང་སྦྱང་བ་བྱས་ན་བཀའ་རིམ་བདུན་པ་བརྒྱད་པ་ན་ད་གཟོད་ལྷ་རམས་དམ་བཅའ་ལ་སོགས་ཡོད། དེ་ནས་ལྷ་རམས་པ། ཚོགས་རམས་པ། རྡོ་རམས་པ་སོགས་ནས་ལེགས་བཤད་གསེར་ཕྲེང་ལ་སོགས་བྱང་དགོས་པས། ལོ་གན་འདྲ་མང་པོ་ཞིག་ལ་སྡུག་ཁྱེག་ན་ད་གཟོད་མི་ལོ་བརྒྱད་ཅུ་ཡས་མས་སུ་དགའ་ལྡན་གསེར་ཁྲི་ལེན་ཐུབ་པ་བྱུང་བ་རེད། ད་སྐབས་གན་འདྲའི་སྐྱི་པགས་ཙམ་གྱི་སྡུག་མཐོང་མཁན་ཡང་ཉུང་ཤོས་རེད། ཐ་ན་ཆོས་ཙམ་གྱི་འགྲེལ་མི་འགྲོ་བས་ཀྱང་ཞིབ་འཇུག་བྱ་ཟེར་རྒྱུ་ཡོད། ཞིབ་འཇུག་གང་ལ་བྱ།
       གཙོ་བོ་སྦྱང་དགོས། ཡོན་ཏན་སྦྱངས་ན་བཟང་ལས་མེད། མ་ཤེས་ན་བསླབ་མི་འདོད་པ་ཁག་མེད་མོད། ཞིབ་འཇུག་བྱེད་ཡུལ་རེའི་གསལ་ཆ་ཙམ་ལོན་ནའང་དགའ། དེང་སྐབས་མི་ཤེས་ཤེས་ཁུལ་བྱེད་པ་མང། ས་ཆ་ལྟ་བུར་མ་སོང་ན་བཤད་ནས་བློ་ངོར་འབབ་དཀའ་ཨེ་གོ། དཔེར་ན་ན་ནིང་གི་མ་ཎི་ཡིག་དྲུག་ལ་དཔྱད་པ་དེས་ཀྱང་མིང་ཙམ་ལེན་པའི་ཆེད་དུ་རེད། དངོས་གནས་མ་ཤེས་པ་ལ་རྨོངས་པ་སྡུག་ཟེར་རྒྱུ་བོ་དེ་རེད། སྤྱིར་ལོ་རྒྱུས་ལྟ་བུ་གཏིང་ཟབ་ཏུ་ཤེས་དགོས། དེ་མིན་མ་བྲིས་ན་བཟང་། ཞིབ་འཇུག་གང་ཡང་གནས་ཚུལ་ངོ་མ་དེ་གལ་ཆེ། ལོ་རྒྱུས་འཁྱོག་བཤད་དེ་ལྷག་ཏུ་མི་འགྲིག མི་ཤེས་ན་གཞན་པར་འདྲི་ཆོག་ཆོག་རེད། འོན་ཀྱང་དེ་ལའང་ཡང་དག་མིན་གཉིས་ཡོད། དེའི་རྐྱེན་དེ་གས་གཙོ་བོ་རང་གིས་ཕྱོགས་གཅིག་ལ་འབད་དགོས། དེ་མིན་གུང་ཐང་བསྟན་པའི་སྒྲོན་མེས་གསུངས་པ་ལྟར། གང་བྱུང་དཔེ་ལ་ལྟ་ཞིང་ཐམས་ཅད་ཀྱི། །རྗེས་སུ་འབྲངས་ན་རིག་པ་འཆལ་འགྱུར་བས། །རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང་། །ཞེས་པ་ལྟར་རེད།
       གཞན་ལོ་རྒྱུས་ཀྱི་རྩོམ་རིག་ནའང་། བརྒྱུད་རིམ་ལྡན་པ་ལོ་ཚིགས་དང་བཅས་པ་ཞིག་ལ་རྣམ་ཐར། དེ་འདྲའི་རྒྱས་པ་ཞིག་མིན་རུང་སྙན་ངག་ཡིན་པ་ལ་རྟོགས་བརྗོད། སྤྱི་ཞིག་དཔེ་ཆའི་ཐོག་ལ་རྒྱས་པར་བྱེད་པ་སེམས་ལྟ་བུ་གྲོལ་བ་བྱེད་པ་ལ་དེབ་ཐེར། རྒྱལ་སྲིད་གཙོ་བོར་བཤད་པ་ལ་རྒྱལ་རབས། ཆོས་ལུགས་གཙོ་བོར་བཤད་པ་ལ་ཆོས་འབྱུང་ལྟ་བུ་ཚང་མ་བྱུང་བ་བརྗོད་པ་ཡིན་མོད་ཁྱད་པར་ནི་གོང་བཞིན་རེད། ལོ་རྒྱུས་ཡིན་ན་རྐྱེན་གྱིས་མི་བསླུ་བ་ཞིག་དགོས། དེའི་སྟེང་ལ་རང་གི་བསམ་འཆར་ཙམ་བཤད་ན་ཆོག་པ་འདྲ། གཙོ་བོ་ཁུངས་དགོས། ཁུངས་བཙན་པོ་ཞིག་ཡིན་ན་བཟང་། དཔེ་ཆ་རྙིང་པ་ལྟ་བུ་ལོ་རྒྱུས་དང་ཐག་ཇེ་ཉེ་ཡིན་ན་རིན་གོང་ཡང་ཇེ་ཆེ་ཡིན། འདི་ནས་ཁྱད་པར་དུ་བཤད་རྒྱུ་གཉིས་ཡོད། གཅིག་ན་ལོ་རྒྱུས་བསྒྱུར་བའི་དབང་ཆ་སུ་ལའང་མེད། གཉིས་སུ་དེའི་ཕན་ཆད་ཀྱི་གསར་རྩོམ་ལྟ་བུ་ཡིན་ན་སྒྱུ་རྩལ་གང་དང་འབྲེལ་ནས་རྒྱན་ཇེ་ཡག་ཏུ་བསྒྱུར་ན་དེ་ལ་སྐྱོན་མེད།
       མདོར་བསྡུས་ན། མི་ཡོན་ཏན་ཅན་ཞིག་ཏུ་འབད་པ་གཙོ་བོར་འཇོག་རྒྱུ་དང་། མིར་ཡོན་ཏན་མེད་ན་མི་གྲལ་ལ་མི་ཐེ། ལོ་ཚོད་ཀྱིས་ཆུང་ན་ཡོན་ཏན་འབྱོར་སླ། སྡུག་ཁྱེག་དུས་ཡིད་འཛིན་ཡོད་དུས་རེད། མི་རབས་གཞུག་མར་ཐུག་ན་ཚར་སོང་བ་ཡིན། གཉའ་སྒུར་ནས་མིན་པར་མི་འགྲོ། མཱན་རིགས་དཔེ་རེད། གཞན་སློབ་སྦྱོང་བྱེད་ཚུལ་གཞུང་ན་ཡོད། གོང་དུ་བཤད་པ་ལྟར་རེད། ད་སློབ་སྦྱོང་བྱེད་ས་ཞིག་ཤེས་དགོས་ནི་རེད། དེང་གི་སྐབས་སུ། རྒྱའི་རིག་གནས་དང་མི་རིགས་རང་གི་རིག་གནས་འདི་གཉིས་ཀ་བྱ་གཅིག་གི་གཤོག་ཟུང་ལྟ་བུ་ཡིན། དེ་མིན་སྤྱི་ཚོགས་ཀྱི་བྱ་བ་མི་འགྲུབ། རང་རིགས་རང་དོན་རེད། འདི་འཆུགས་མི་ཉན། ཟ་མ་གང་ཟ་རང་གི་ལག་ཅེས་པ་བེད་སྤྱོད་ཨེ་ཐུབ། མི་ནུས་ན་གཞན་ཁ་མི་ཁ་ཙམ་གྱིས་མི་ཡོང་། གཞན་ཕྱི་སྐད་ཕྱི་ཡིག་འདྲ་ཐུབ་ནའང་རང་རང་གི་ཀླད་པའི་རྒྱན་རེད།
       བོད་ཀྱི་རིག་གནས་ཤེ་ན། རིག་གནས་བཅོ་བརྒྱད་བསྡུས་ན་བཅུ་རེད། ཉེ་བར་མཁོ་བ་འདི་ལ་མ་འདུས་པ་མེད། ཁྲི་སྲོང་སྐབས་ཀྱི་བཀས་བཅད་གསུམ་བརྒྱུད་མོད་ཀྱི། ལོཀཙཀྴི་སྟེ་འཇིག་རྟེན་མིག་གི་སྐད་དོད་ལོ་ཙཱ་བས་ཆོས་སྐད་མང་པོ་དཔེར་ན་རྒྱ་དཀར་ནག ཁ་ཆེ་ཟ་ཧོར་གྱི་ཡུལ་སྐད་ལ་སོགས་བསྒྱུར་ན་དཀའ་འདུག་པ་དང་གོ་དཀའ་བས། ཁྲི་རལ་སྐབས་སུ་གྲོས་བྱས་ནས་གཅིག་མཐུན་དུ་གོ་སླ་བར་བསྡུས་པ་ལ་སྐད་གསར་བཅད་ཟེར། སྐ་ཅོག་ཞང་གསུམ་རིང་ལ་བརྡ་རྙིང་གསར་དུ་བསྒྱུར་ཅིང་། སྡེ་སྣོད་གསུམ་པོའི་མཆོད་བརྗོད་ཀྱང་མི་འདྲ་སྟེ། འདུལ་བར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མདོ་སྡེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མངོན་པར་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་སྡེ་སྣོད་མི་འཁྲུག་པའི་ཕྱིར་དུ་འགྱུར་ཕྱག་གམ་ཕྲེང་མི་འཁྲུག་པར་དཀར་ཆག་སྒྲིག་པ་མཆིམས་ཕུ་མ་དང་འཕང་ཐང་མ་ལ་སོགས་བསམ་ཡས་དཔེ་མཛོད་ཁང་ན་བཞུགས། བྱེ་བྲག་རྟོགས་བྱེད་ཆེ་བ་སྟེ་སྐད་གསར་བཅད་ཀྱི་ལོ་རྒྱུས་དང་སྒྲ་སྒྱུར་བམ་གཉིས་འབྲིང་བ་ལ་སོགས་སྡེ་དགེ་ན་ཡོད། ཁྲི་སྲོང་སྐབས་ཀྱི་བཀས་བཅད་གཉིས་པ་ལ། རབ་བྱུང་གི་སྡོམ་རྒྱུད་རྒྱ་གར་ན་བཞི་ཡོད་ཀྱང་། འདོད་ཚུལ་མི་གཅིག་གཞུང་ཁ་ཁ། བོད་ལ་སད་མི་མི་བདུན་གྱིས་བྷོ་ཏི་ས་ཏྭའི་སྡོམ་རྒྱུད་ལྕི་ཡང་འཚམས་པས་སྤེལ་བ་རེད། ཉམས་མེད་ཇོ་བོ་རྗེ་བོད་ནས་ལོ་མང་བཞུགས་རུང་དེའི་སྡོམ་རྒྱུད་མེད་པ་དུས་སྐབས་དེའི་རྒྱལ་པོའི་བཀའ་བཙན་རྟགས་རེད། བཀས་བཅད་གསུམ་པའི་རིང་ལ། གསང་སྔགས་རྒྱུད་སྡེའི་སྐོར་གྱི་ཕ་རྒྱུད་མ་རྒྱུད་ལས་མ་རྒྱུད་འདི་རྙོག་འཛིང་ཆེ་རུ་སྣང་བས་མ་སྤེལ་བ་དང་། གཞུག་ནས་གླང་དར་རྗེས་སུ། མགོ་མེད་བོད་ཀྱིས་བསམ་བསམ་ལས་པ་རེད། གང་འདོད་བསྒྱུར་བའང་མང་བས་གོ་དཀའ་བར་གྱུར་ཚེ། མཆན་དང་འགྲེལ་པ་ཡང་མང་པོ་བྱུང་། གོ་བདེར་གྲུབ་པ་ལ་དཔེར་ན། གཞར་ཡང་ལ་ནམ་ཡང་། ཏོག་ལ་དཔལ། བསམ་བཞིན་དུ་བྱས་བའི་སྡེ་ལ་སེམས་པ་ལས་བྱུང་བའི་སྡེ། ཝ་ར་ཎ་སི་ལ་འཁོར་མོ་འཇིག་ལྟ་བུ་མང་ཆེ་བ་དོན་བསྒྱུར་བྱས་ན་གོ་བདེ་བར་འགྲོ་བས་ཚིག་བསྒྱུར་ཧ་ཅང་ཉུང་སྟེ། ཚ་སྐྱོབ་དཀར་པོ་ལ་གདུགས་དང་། ངན་བྱོལ་ལ་དགེ་བ་ལ་སོགས། ཚིག་བདེ་བས་མི་ཆོག་སྒྲ་ཁམས་ལའང་གལ་ཆེན་བྱེད་པ་ལྟ་བུ། བརྡ་གསར་རྙིང་གི་ཡུལ་སྐད་བསྲེ་བ་ལ་སྤྱི་སྐད་གཅིག་ཏུ་བསྒྱུར་པ་ཏེ་པོར་ལ་ཤིན་ཏུའམ། སླས་པ་ལ་བཙུན་མོ། ཁུལ་པ་ལ་ལྗོངས། སྦེབས་པ་ལ་གྲང། མི་གནན་པོ་ལ་མི་དྲང་མོ། གྲུབ་ཚབ་བམ་སྒྲེ་བ་ལ་རྟོགས་པ། ག་ག་ཚིལ་ཏེ་རྩེད་མོའི་དོན་ལ་ཙུ་གུ། གཞོལ་བ་ལ་གཡོལ་བ། དེ་ལྟར་སྐད་གཅིག་མཐུན་དུ་ཐག་བཅད་པ་རེད།
       བཀའ་བསྟན་འགྱུར་བོད་ཡོངས་ཀྱིས་བལྟས་ན་ཧ་གོ་འདུག སྤྱི་སྐད་ཡིན་པའི་རྐྱེན་རེད། དེང་སང་ཡི་གེ་ལྷག་པ་མང་བའི་པོ་སྐདལྷ་སའི་ཁ་སྐདའདི་ལྷག་ཏུ་མི་གོ། གཅིག་མཐུན་ཡོང་དཀའ། རྙོག་བསྲེ་བ་ལས་མེད་ཅེ་ན། འོ་ན་ཡུལ་སྐད་འདི་གཅིག་མཐུན་མ་ཡོང་ན་གཞན་བྱ་བ་ཆེན་པོ་འདྲ་མི་འགྲུབ། ཐ་ན་སློབ་ཁྲིད་ཙམ་ལའང་ཨ་མདོ་ལྷ་ས་ཞེས་དགར་དགོ། པན་ཆེན་རིན་པོ་ཆེའི་གསུང་ནའང་སྐད་གཅིག་ཐག་མེད་ན་མཐུན་སྒྲིལ་ཡོང་དཀའ་ཟེར་གྱིན་ཡོད། ང་རང་གིས་བལྟས་ནའང་། བོད་ཀྱིས་རྒྱ་སྐད་གོ་ན། པོ་སྐདལྷ་སའི་ཁ་སྐདཇི་ལྟར་མི་གོ། སེམས་ཀྱིས་དེ་ལ་འཐད་མི་འཐད། དགའ་མི་དགའི་རྐྱེན་གྱིས་རེད། བྱ་བ་གང་ཡང་རྩད་གཅོད་དགོས། ཙམ་གྱིས་རྟོགས་དཔྱོད་ཀྱིས་མི་ཡོང་། ངེས་ཆ་ཆེ་དགོས། འདི་ཧ་ཅང་གལ། བཤད་བཤད་ཚང་མ་བདེན་པར་ཡང་འཛིན་དཀའ། དགེ་འདུན་ཆོས་འཕེལ་གྱི་ཀུན་རྫོབ་བདེན་པ་ཚད་གྲུབ་ཡིན་མིན་གྱི་བདེན་གཉིས་རྣམ་བཞག ཡང་ན་འཇུ་མི་ཕམ་དང་དཔའ་རིས་རབ་གསལ་བར་གྱི་དགག་བཞག་ལྟ་བུ་རེད། འོ་ན་བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པ་བདེན།
       བོད་ཀྱི་རིག་གནས་སུ་གཙོ་བོ་ནང་དོན་རིག་པ་རེད། གཞན་དག་སྦྱང་བ་ཙམ་གྱིས་འདིའི་ཕྱོགས་ཙམ་ལའང་མི་འགྲོ། དེ་སྔའི་བོད་ཀྱི་ཐུན་མིན་གྱི་སྙན་ངག་གི་རྒྱུན་དེའང་འབོར་མི་ཉན། གཏམ་རྒྱུད་ལྟ་བུས་ཉམས་མི་ཐོན། སྙན་གྱི་མཚན་ཉིད་ཚང་དགོས། བརྗོད་གཞི་གང་ཡང་། གསར་རྙིང་གང་ཡང་། རིང་ལུགས་སུ་གང་འཛིན་ན་དེ་རང་ལ་ཐུག་ཡོད། དཀར་ནག་རྩིས་ཀྱི་སྐོར་ཡང་། ཐོག་མར་རྒྱ་གར་ནས་དར་ཡོང་། དྲང་སྲོང་རྒྱུ་སྐར་གྱི་ཁྲིད་སྤྱད་དཀར་ནག་ཁྲ་གསུམ་ལ་སོགས། མན་ངག་དང་རྫས་ཀྱི་རིག་པ། ཆུ་འགྲོ་ས། མི་ཡིབ་ཚུལ། མིའི་སེམས་འགུགས་བྱེད་ལ་སོགས། ཕ་དམ་པའི་ཁྲིད་སྤྱད་དང་། མན་ངག་བཀའ་རྒྱ་མ། སྟག་གི་བུ་ཆུང་། ལུང་བསྟན་བཤད་པ། ཤིང་མིས་སྐེ་ཐོག་ནས་གསང་བ་བརྗོད་པ་སོགས་ལྔ་བརྒྱད་སྔུན་ན་ཡོད་པ་དང་། ད་ཡང་ཡོད། རྒྱ་ནང་ནའང་ཡོད།
       སྒྱུ་རྩལ་གྱི་ཆ་ནས། བོད་ལ་ཕོ་རྩལ་སྣ་དགུ་ཡོད་དེ། ལུས་ཀྱི་རྩལ་གསུམ་ནི་ཐེབས་ཀྱིས་ཤྭ་སྣོན་པ། རྐྱལ་གྱིས་ཆུར་འཁྱོལ་བ། ཡང་རྩལ་བྱ་ལྟར་འཕུར་བ། ངག་གི་རྩལ་གསུམ་ནི། ལོ་རྒྱུས་ཀྱི་དགོས་ཐོན་པ། གཏམ་གྱིས་བཞད་སྐད་སློང་བ། ཤགས་གྱིས་ཕ་རོལ་གནོན་པ། ཡིད་ཀྱི་རྩལ་གསུམ་ནི། མཛངས་ལ་བློ་རྒྱས་པ། དཔའ་ལ་བརྟན་ཚུགས་པ། ཁ་གསལ་ཞིང་གཏིང་མི་དཔོག་པ་སྟེ་རྒྱུས་མི་ལོན་པ་ཞིག་ཡིན་དགོས། གཞན་གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོངས་གསུམ། བང་རྐྱལ་སྦེ་གསུམ་སོགས་ཀྱང་ཕོ་རྩེད་སྣ་དགུ་རུ་བཤད། འདི་ཚང་མ་ཁུངས་ཡོད་པར་བཤད་པ་རེད། གཞན་ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་པའང་། དེ་སྔོན་གྱི་མི་རིགས་གང་གི་ཆ་ནས་དེའི་སྐད་རིགས་ལ་མི་རྨོངས་ཟེར་བ་རེད།
       གྲུབ་མཐའ་ཞིག་བཤད་ན། འཇིག་རྟེན་གནས་ལུགས་གྲུབ་པ་དེའི་གནས་ཚུལ་ལ་མཐའ་ཞེས་ཡང་དག་པར་རྟོགས་པའོ།། རྣམ་རྟོག་ཕར་ལ་མ་བཏགས་ན། རང་ལ་ཅི་ཡང་གནོད་མི་སྲིད་ཀྱང། ཡུལ་ཡུལ་ཅན་གང་ལ་ཤར་བ་གཅིག་མཐུན་མ་ཡོང་བས་གྲུབ་མཐའ་རུ་གྱེས་པ་ཡིན། ཆོས་ལུགས་པ་ཚང་མ་གྲུབ་མཐའ་སྨྲ་བ་བོ་ཡིན་པས་མ་ཁྱབ། ཐེག་དམན་ཐེག་ཆེན་གྱི་གྲུབ་མཐའ་ཆེ་ཆུང་འདི་བོད་དང་རྒྱ་གར་མི་འདྲ། བོད་ཀྱི་གྲུབ་མཐའ་ཚང་མ་རྒྱ་གར་ནས་བཤད་ན་དབུ་མའི་གྲུབ་མཐའ་གཅིག་ལ་འདུ། གསར་རྙིང་ཞེས་པའང་གྲུབ་མཐའི་ཁྱད་པར་མིན། འགྱུར་གྱི་དུས་ཚོད་ལ་གོ་བ་རེད། མདོ་ཕྱོགས་ན་གསར་རྙིང་མེད། ལོ་ཆེན་རིན་བཟང་ནས་གསང་སྔགས་གསར་མ་ཟེར། རྫོགས་ཆེན་ལ་སོགས་ཡིན། ལར་བཀའ་གདམས་པ་ཞེ་ན། ཇོ་བོ་རྗེས་རྒྱལ་བའི་བཀའི་གདམས་ངག་སྟེ་སངས་རྒྱས་ཀྱི་གསུངས་མ་ལུས་པ་བསྡུས་པ་ལ་ནང་དོན་གྱིས་མིང་ཐོགས་པ་རེད། བཀའ་བརྒྱུད་པ་ཞེ་ན། བར་མི་གཅོད་པར་བརྒྱུད་པ་དེ་སངས་རྒྱས་ཀྱི་གསུང་ཡིན་པས་ན་དེ་ལྟར་ཐོགས། འདིའི་སྲོལ་གཏོད་པ་པོ་མར་མི་དྭགས་གསུམ་རེད། གཞུག་ནས་བཀའ་ཆེན་བཞི། བཀའ་ཆུང་བརྒྱད་སོགས་སུ་གྱེས། ས་སྐྱ་བ་ཞེ་ན། ཇོ་བོ་རྗེས་ས་དེ་ག་ནས་འབྲོང་གཡག་གཉིས་མཐོང་བ་དང་། ཕྱིས་སུ་ཆོས་སྐྱོང་འདི་ནས་བཞུགས་ཞེས་ལུང་བསྟན་པ་བཞིན་ས་དེའི་ས་མིང་གྲུབ་མཐའ་ལ་ཐོགས་པ་ཡིན། དགེ་ལུགས་པ་ཞེ་ན། དགའ་ལྡན་ཞེས་པ་བརྗོད་བདེ་བའི་ཕྱིར་དགེ་ལྡན་ཞེས་ཐོགས་པའོ། །རྗེ་རིན་པོ་ཆེ་བཞུགས་དུས་ཀྱང་མཚན་ལ་ཆོས་རྗེ་དགེ་ལྡན་པ་ཞེས་གསོལ་བ་ཡིན། མདོར་ན་ཚང་མས་འདོད་ཕྱོགས་ཀྱིས་གཅིག་རུང་། གཙོ་བོ་རང་རང་གིས་ཐབས་དང་ཤེས་རབ་གཉིས་ཀྱི་ནང་ནས་ཐབས་ཉམས་ལེན་གྱི་སྒོ་ནས་མིང་འདོགས་ཚུལ་གྱེས་ཏེ་རྫོགས་ཆེན་ནམ་རམས་པ་ལྟར་སོ་སོར་སོང་བ་ཡིན།
       དམིགས་སུ་བཤད་རྒྱུ་གཅིག་ལ། ཆབ་སྲིད་ཀྱི་དབང་དུ་ཆོས་ལུགས་བེད་སྤྱད་པ་དེ་ཧ་ཅང་མི་འགྲིག ལོ་རྒྱུས་སུ་གཙང་པ་དང་ལྷ་སའི་བར་གྱི་ས་འབྲི་ནང་འཁྲུག་ཀྱང་དེ་བཞིན་རེད། རྒྱལ་དབང་ལྔ་པ་ཕེབས་རག་བར་དུ་བོད་ཀྱི་ནང་འཁྲུག་གི་རྒྱུན་འདི་ཆད་མ་མྱོང་། ད་ལྟའང་རིམ་གྱིས་མེ་ཁ་གསོས་བཞིན་རྩ་ས་རྩོད་གླེང་མང་འདུག འཁོན་པ་འདི་མིག་རྒྱང་མེད་པས་རེད། རྒྱ་སྤོ་ཐུང་ཐུང་གིས་ཕྱི་རྒྱལ་ལ་ཨེ་དོ། འོ་ན་རང་གིས་རང་ལ་བདག་བྱོས་ན་བཟང་། ཡོན་ཏན་ཅན་གྱི་ཚུགས་ཀ་ལ་བལྟ་རྒྱུ། སློབ་གསོའི་སྒོ་ནས་མཚང་འབྱིན་རྒྱུ། ཕན་ཚུན་རོགས་རམ་གྱིས་མཐུན་སྒྲིལ་བྱ་རྒྱུ་སོགས་མི་ཚེ་གང་པོའི་བྱ་བ་ཡག་མི་ཡག་དགེ་རྒན་ལ་རག་ལས་པས། ཁྱེད་ཚོ་ཚང་མས་རང་རང་གི་ས་ནས་དགེ་རྒན་རབ་གཅིག་འཁྱོངས་ན། ད་གཟོད་བོད་མི་རིགས་ལ་རང་རང་གི་ཚོད་ནས་བསྐལ་པ་མ་སྟོང་བར་གྱི་ལག་རྗེས་རེ་འཇོག་ཐུབ་པ་ཡིན་ནོ། །
       ལར་སྒྱུ་རྩལ་དང་རིག་གནས་ལ་མཐོང་ཆེན་བྱེད་དགོས་པ། སྡུག་ཁྱེག་དགོས་པ། སྤྱོང་ཚུལ་ཇི་འདྲ་བ་ཞིག་མཁས་པར་འགྲོ་བའི་གནས་ཚུལ་ཙམ་ཁྱེད་ཅག་ལ་ཁ་བརྡ་ཞིག་བྱེད་པ་ཡིན། འདང་རྒྱག་ཤེས་ན། འདི་ལས་ལྷག་པའི་སྙིང་གཏམ་ང་ལ་མེད། འགྲིག་མི་འགྲིག་ཁྱེད་ཅག་གིས་བསམ་བློ་ཐོངས། ད་བདེ་མོ་བྱོས།། །།
         ཞེས་པ་ལྟར་ཡིན་ནོ།། གསུང་བཤད་འདིའི་མ་ཡིག་གཙོས་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ1993ལོའི་དེབ1པར་བཀོད་མྱོང་ངོ་།།
འབྲེལ་ཡོད་འོས་སྦྱོར།