logo

བྱིས་པའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སྐོར་གླེང་བ་ལས་བྱིས་པ་ལོ6ཅན་གྱི་སློབ་གསོ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-03-15 ཀློག་གྲངས།:
       བྱིས་པའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སྐོར་གླེང་བ་ལས་བྱིས་པ་ལོ6ཅན་གྱི་སློབ་གསོ། མགྱོགས་མྱུར་ངང་འགྱུར་ལྡོག་འབྱུང་བཞིན་པའི་བྱིས་པ་ལོ6ཅན། མི་ཚེ་ཡི་དཀྱོགས་མཚམས་དང་པོ།
       ལོ6ནི་བྱིས་པའི་ལུས་ཕུང་དང་ཤེས་རྟོགས་ཀྱི་ཐད་སྤྱི་ཚོགས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཡོད་པའི་ལོ་ཚོད་ཅིག་ཡིན། དུས་སྐབས་འདིའི་ཁོ་ཚོར་སྔར་བས་བསམ་ཤེས་དང་སྒེར་ཚུགས། སྤོབས་པ་ཆེ་ཞིང་ཉེན་མཆོང་གི་སྙིང་སྟོབས་ལྡན། རྒྱུན་པར་བྲེལ་འཚུབ་ངང་བྱ་བ་གཅིག་མགྱོགས་མྱུར་ངང་བསྒྲུབས་ཚར་རྗེས་བྱ་བ་གཞན་ཞིག་སྒྲུབ་པ་དང་། ཁོ་ཚོ་ལས་བྱ་འབྲི་བར་དགའ་མོད། ལས་བྱའི་རྒྱུ་སྤུས་ལ་མཐོང་ཆེན་དེ་འདྲ་མི་བྱེད། སྐབས་འདིར་མཐོང་ཚོར་གྱི་འཕེལ་རྒྱས་སྔར་བས་སྨིན་ཐག་ཆོད་ཡོད་ཀྱང་། ཀླད་ཆེན་ཆ་ཚང་དབྱེ་ཕྲལ་བྱས་མེད། རྒྱུན་པར་ཡི་གེ་མགོ་མཇུག་ལྡོག་ནས་འབྲི་བའི་གནས་ཚུལ་འབྱུང་། དཔེར་ན། b.dདངp.qདབྱེ་བ་འབྱེད་མི་ཤེས་པ། བྱིས་པ་ལོ6ཅན་མང་ཤོས་ཀྱི་བློ་རིག་འཕེལ་རྒྱས་ཅུང་ཆེན་པོ་བྱུང་ཡོད། གྲངས་ཀ་བརྩི་བ་དང་རྩིས་རྒྱག་པ། ཡང་ན་སྦྱོར་ཀློག་བྱས་ནས་ཁྱིམ་བདག་ལ་ཉན་དུ་འཇུག་ལ། དུས་མཚུངས་སུ་གོ་སྟོབས་ལ་འཕེལ་རྒྱས་ཆེན་པོ་ཡོད། ཚིག་གྲུབ་དང་བརྡ་རྟགས་ལ་གོ་བ་ལེན་མགོ་རྩོམ་པ་དང་། རྗེས་དཔག་གི་ནུས་པ་ངེས་ཅན་འཕེལ་རྒྱས་འབྱུང་ཐུབ། ལོ5ཅན་དང་ལོ6ཅན་གྱི་བྱིས་པའི་བར་ཁྱད་མངོན་གསལ་ཡིན། རང་བྱུང་འཇིག་རྟེན་གྱི་རྒྱུ་འབྲས་ཀྱི་གོ་སྟོབས་ནུས་པར་འགྱུར་བ་འབྱུང་མགོ་རྩོམ་པ་ཡིན། དཔེར་ན། བསམ་གཞིག་གཏོང་མགོ་རྩོམ་པ། “བར་སྣང་གི་སྤྲིན་པ་རྒྱུ་བའི་རྐྱེན་གང་ཡིན། ཕྲུ་གུ་ཆུང་ཆུང་ཨ་མའི་མངལ་ལས་ཇི་ལྟར་སྒོར་བུད་པ་ཡིན།” སྐབས་འདིའི་བྱིས་པའི་མཐོང་རྒྱ་སྔར་ལས་ཡངས་ཤིང་ཤེས་རྟོགས་ཀྱི་འཕེལ་རྒྱས་ཀྱང་དེ་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད། བྱིས་པ་ལོ6ཅན་གྱིས་གཞན་གྱི་ལྟ་ཚུལ་ལ་གོ་བ་ལེན་མགོ་རྩོམ་པར་མ་ཟད། གཞན་ངོས་ནས་སྒྲིག་སྲོལ་དང་བྱ་སྤྱོད་ལ་བསམ་གཞིག་གཏོང་ཐུབ། ཕྱོགས་མང་པོ་ནས་བལྟས་ན། ལོ6ནི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། བསམ་པའི་སྒོ་གླེགས་ཡངས་པོར་ཕྱེས་པའི་མི་ཚེ་ཡི་དཀྱོགས་མཚམས་ཤིག་ཡིན། བྱིས་པ་ལོ6ཅན་གྱིས་སློབ་སྦྱོང་ཡོད་ཚད་ལ་དཀྱེལ་ཡངས་དང་ངོས་ལེན་བྱེད། ཁོ་ཚོར་ཚད་མཐོ་བའི“རེ་སྒུག”“མཚར་སྣང”“བསམ་གཞིག་གི་ནུས་པ” “ཀུན་སློང” “སྤྲོ་སྣང”སོགས་ཡོད། ཕལ་ཆེར་མི་ཚེ་གང་བོར་སྐབས་འདི་དང་བསྡུར་ཆོག་པའི་ནུས་ཚད་དང་དྲག་ཚད་མེད་ཀྱང་སྲིད།
(གཅིག)ནཨང་དང་པོ་ལེན་འདོད་པའི་བྱིས་པ་ལོ6ཅན།
       
བྱིས་པ་ལོ6ཅན་ཚོའི་སློབ་ཁང་འདུ་འཛི་དང་དགོད་སྒྲ། རྩེད་གཡེང་གིས་ཁེངས་ཡོད། བྱིས་པ་ལ་ལ་བག་གཡེང་དང་ལ་ལ་བྲེལ་འཚུབ་ཆེ་བ། ལ་ལའི་འགྲོ་འདུག་ཚུལ་མཐུན་མིན་ཞིང་། ཐ་ན་རྐུབ་སྟེགས་སྟེང་ནས་ལྷུང་འགྲོ་བ་ཡང་ཡོད། ཁོ་ཚོ་ཐང་ཆད་སླ་ཞིང་རྒྱུན་པར་ནད་འབྱུང་སླ། ཕྱི་རོལ་ཡུལ་གྱི་བྱ་འགུལ་དང་ལུས་རྩལ་སློབ་ཁྲིད་ལ་དགའ། དུས་སྐབས་འདི་ནི་སོ་བརྗེ་བའི་སྐབས་ཡིན་པས་ཁ་ནང་ལ་སྨྱུ་གུ་དང་སེན་མོ་འཛིན།
       ཁོ་ཚོར་ཨང་དང་པོ་ལེན་པའི་འདུན་པ་དྲག་པོ་ཡོད་པ་དང་། འགྲན་རྩོད་རང་བཞིན་གྱི་བྱ་དངོས་ལ་སྤྲོ་བ་ཆེ། རྒྱུ་མཚན་ནི་ཨང་དང་པོ་ལེན་དགོས་པས་ཡིན་ལ། འགྲན་རྩོད་ཀྱི་ཁྲོད་ཕར་རྒོལ་ཡང་བྱེད་ལ། བྱ་བ་ལེགས་པོར་སྒྲུབ་བསམ་ནས་ཚོད་ལྟ་མང་པོ་བྱེད་པ་ཡིན། ཡིན་ཡང་། ཕམ་ཉེས་ལ་གདོང་གཏད་པའི་ནུས་པ་ཆུང་བས་སྐུལ་ལྕག་བྱས་ན་དགའ་བ་དང་། སྤྲོ་སྐྱིད་དང་མཚར་སྣང་གིས་བྱ་བ་སྒྲུབ་པར་ཤིན་ཏུ་དགའ་ཞིང་སྒེར་གཅོད་དང་འཕྱ་དམོད་ཀྱང་བྱེད་ལ། རྨས་ཕོག་དུས་ཁོང་ཁྲོ་ཡང་ལངས་སླ། བྱིས་པ་ལོ6ཅན་གྲོགས་པོ་སྒྲིག་པར་དགའ་ཞིང་བྱིས་པ་གཞན་གྱི་ཤུགས་རྐྱེན་ཧ་ཅང་ཆེ་བ་དང་། གྲོགས་པོ་དང་ལྷན་དུ་རྩེ་བར་དགའ་མོད་གོ་རིམ་ཁྲོད་འགལ་རྐྱེན་ཡང་འབྱུང་སླ་བ་དང་། རྩོད་གླེང་དང་སྐད་ཅོར་རྒྱག་པར་དགའ་ལ་ཁོང་ཁྲོ་ཡང་ལངས་སླ། རྒྱུ་མཚན་ནི་རྒྱལ་ཁ་ལེན་འདོད་པས་ཡིན། བྱིས་པ་ལོ6ཅན་གྱིས་དུས་ཚོད་མང་ཤོས་སློབ་གྲྭའི་ནང་དུ་སྐྱེལ་བཞིན་ཡོད་པས་ཁྱིམ་ཚང་ལས་ཀྱང་སློབ་གྲྭ་ནི་ཤུགས་རྐྱེན་ཆེས་ཆེ་བའི་གནས་ཡིན།
(གཉིས) འཚོལ་ཞིབ་ཀྱི་སྙིང་སྟོབས་ལྡན་པའི་བྱིས་པ་ལོ6ཅན།
       བྱིས་པ་ལོ6ཅན་ས་གནས་དང་བསམ་ཚུལ། གྲུབ་འབྲས་གསར་པར་དགའ་བ་དང་། རོལ་རྩེད་གསར་པ་དང་རང་ཉིད་སྤྲོ་བ་ཡོད་པའི་བྱ་བ། འགྲེལ་བཤད་རྒྱག་འདོད་པའི་བྱ་བར་དགའ་བ། དགོད་གཏམ་དང་གབ་ཚིག་ལ་དགའ་བ། འུར་སྒྲ་དང་སྤྲོ་སྐྱིད་ཀྱི་མཚོན་ཐབས་རྣམ་པར་ཡང་དགའ་བ་རེད། ཡིན་ཡང་། བྱིས་པ་ལོ6ཅན་ལ་ངོ་ལོག་གི་སྒེར་གཤིས་ཡོད་ལ། དཔེར་ན། ཁ་ལོག་དང་ངོ་ལོག་བྱེད་པ། ཁོང་ཁྲོ་ལངས་པར་ཡང་དགའ།
(གསུམ) མིའི་བར་གྱི་འབྲེལ་འདྲིས་ཛ་དྲག་ཡིན་པའི་བྱིས་པ་ལོ6ཅན།
       བྱིས་པ་ལོ6ཅན་རྩེད་རོགས་དང་མཉམ་དུ་རྩེ་དུས་རྩོད་གླེང་འབྱུང་སླ་བ་དང་། རྣ་བར་གཟན་པའི་སྐད་ཆས་སྡིགས་རེས་དང་། འཐེན་རེས་དང་འཛིང་རེས་རྒྱག་སྲིད་པ་དང་། རྒྱུན་པར་བྱིས་པ་གཞན་གྱིས་སྒྲིག་ལམ་མི་བརྩི་བར་འཁང་ར་བྱེད། ཡིན་ཡང་། འཛིང་རེས་བྱས་རྗེས་ཉིན་གཉིས་པར་འགྲིག་མཐུན་བྱུང་ཡོད། ཕན་ཚུན་གྱི་བར་ལ་རྩོད་གླེང་དང་མི་འགྲིག་པའི་གནས་ཚུལ་ཡོད་ཀྱང་། ཁོ་ཚོའི་འཚོ་བའི་ཁྲོད་གྲོགས་པོ་མེད་མི་རུང་།
(བཞི) དཔེ་ཀློག་གི་སྤྲོ་བ་རྒྱ་ཆེར་ཡོད་པའི་བྱིས་པ་ལོ6ཅན།
       བྱིས་པ་ལོ6ཅན་ནི་དཔེ་ཀློག་ལ་དགའ་ཞིང་། རང་གིས་རི་མོའི་དེབ་ཀློག་པ་དང་གཞན་གྱིས་དཔེ་ཆ་བཀླགས་ན་ཡང་ཉན་པར་དགའ། ཁོ་ཚོས་ཡིག་འབྲུ་འགའ་ཤེས་རྗེས་བརྩོན་པ་ཆེན་པོས་ཡིག་འབྲུ་དེ་དག་སྤྱད་ནས་དཔེ་ཀློག་བྱེད་པ་དང་། དཔེ་ཀློག་གི་སྤྲོ་བ་རྒྱ་ཆེར་ཡོད། དཔེར་ན། སྲོག་ཆགས་དང་རང་བྱུང་། ཚན་རིག་སོགས་ཀྱི་ཁྱབ་ཁོངས་ལྟ་བུ། ཀློག་དཀའ་བའི་ཡི་གེ་མེད་ལ་བར་བཅུག་གི་རི་མོ་ཡོད་ན་དཔེ་ཆ་མཐའ་དག་ཀློག་པར་སྤྲོ་བ་ཡོད།
(ལྔ) དུས་ཚོད་ཀྱི་འདུ་ཤེས་གསལ་པོ་ཆགས་བཞིན་པའི་བྱིས་པ་ལོ6ཅན།
       བྱིས་པ་ལོ6ཅན་ལ་དུས་ཚོད་ཀྱི་སྔ་གཞུག་གི་རྒྱུན་མཐུད་ལ་སྔར་བས་ཤེས་ཚོར་ཡོད་པ་དང་། ཁོ་ཚོ་སྔོན་ཆད་བྱུང་བའི་བྱ་བར་སྤྲོ་བ་ཆེ། དཔེར་ན། ཨ་མ་ཆུང་དུས་སུ་བྱུང་བའི་དོན་དག་ལ་ཉན་པར་དགའ། ཡིན་ཡང་། བྱིས་པ་ལོ6ཅན་གྱིས་དུས་ཚོད་འཁོར་ལོར་ད་དུང་བལྟ་མི་ཤེས། ཁོ་ཚོར“ཅུང་ཙམ”ཞེས་པར་བྱེ་བྲག་གི་ངེས་ཤེས་མེད་པ་དང་།“ཅུང་ཙམ་ལ་རྩེད་མོ་རྩེ་ཆོག”ཅེས་བཤད་ན་དུས་ཚོད2ཡང་འགོར་སྲིད་ལ། ཁྱིམ་བདག་གིས་ཚོད་འཛིན་མ་བྱས་ཚེ་ཡུན་རིང་ལ་རྩེད་མོ་རྩེ་ངེས། དེ་བས་ཁྱིམ་བདག་གིས་དུས་ཚོད་ཐོན་ན་མཚམས་འཇོག་ཏུ་འཇུག་དགོས། “སྐར་མ30འགོར་སོང”འདི་ལྟ་བུའི་སྟབས་བདེ་ཡི་བཀའ་བརྡས་ནུས་པ་ཐོན། སློབ་གྲྭ་གྲོལ་བ་དང་འཚོགས་པའི་དུས་ཚོད། རང་ཉིད་དགའ་བའི་བརྙན་འཕྲིན་ལེ་ཚན་གྱི་དུས་ཚོད་གསལ་པོར་ཤེས་པ་རེད། དུས་ཚོད་ཀྱི་འདུ་ཤེས་ནི་བྱིས་པ་ལ་ལར་ཡོད་པ་དང་། བྱིས་པ་ལ་ལར་མེད།
(དྲུག) བྱིས་པ་ལོ6ཅན་གྱི་བར་སྟོང་གི་འདུ་ཤེས།
       བྱིས་པ་ལོ6ཅན་གྱིས་བར་སྟོང་ལ་བཀོད་སྒྲིག་བྱེད་པར་དཀའ་ཁག་ཡོད་པ་དང་། ཡི་གེ་དྲང་ཐིག་གཅིག་གི་སྟེང་ནས་འབྲི་མི་ཐུབ། ཡིན་ཡང་། ཁོ་ཚོའི་ཁོར་ཡུག་གི་བར་སྟོང་ངེས་ཤེས་རྒྱ་སྐྱེད་བཞིན་ཡོད་པ་དང་། སྲང་ལམ་དང་ཁྱིམ་ཚང་། སྡེ་ཁུལ་ནང་གི་ས་ཁམས་གནས་ཡུལ་ལ་རྒྱུས་ལོན་བྱས་པ་ཅུང་བཟང་ཞིང་། སློབ་ཁང་སོ་སོའི་གནས་ཡུལ་ཡང་ཤེས་པ་རེད། ཡིན་ཡང་། བར་སྟོང་གི་འདུ་ཤེས་ཐད་ལ་མི་སྒེར་གྱི་བར་ཁྱད་ཀྱི་དབང་གིས་བྱིས་པ་ལ་ལས་ཤེས་པ་བཟང་བ་དང་ལ་ལར་གསལ་ཆ་མེད། །
འབྲེལ་ཡོད་འོས་སྦྱོར།