logo

སློབ་ཆུང་བོད་སྐད་ཡིག་གི་ཁྲིད་ཐབས་འགའ་གླེང་བ།

རྩོམ་པ་པོ།:རྡོ་མོ་འཚོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-05-04 ཀློག་གྲངས།:
       རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། སྐད་ཡིག་ནི་མི་རིགས་རིག་གནས་ཀྱི་སྲོག་ཤིང་ལྟ་བུར་ཆགས་ཡོད། དེས་མི་རིགས་འཕེལ་རྒྱས་འགྲོ་བའི་སྔ་ཕྱི་བར་གསུམ་ལ་ནུས་པ་བླ་ལྷག་འདོན་བཞིན་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དང་རིག་གནས་ལ་ཁ་འབྲལ་ཐབས་མེད་ལ་བོད་སྐད་ཡིག་ནི་དེའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། སློབ་གསོའི་ལས་དོན་ལ་བློ་དཀར་བའི་དགེ་རྒན་ཞིག་ཡིན་ཚེ་འབྲས་བུ་འབུར་ཐོན་གྱི་སློབ་ཁྲིད་དང་ཀུན་སྤྱོད་ལེགས་པོའི་སློབ་མ་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་བླང་བྱ་ཆེས་མཐོ་ཤོས་ཡིན།
       ད་ལྟ་སློབ་ཆུང་མཐར་ཕྱིན་པའི་སློབ་མའི་ཁྲོད་དུ་བོད་ཡིག་ཡག་པོར་ཀློག་མི་ཤེས་པའི་སློབ་མ་མང་པོ་ཞིག་འབྱུང་བཞིན་པའི་གནས་ཚུལ་མངོན་དང་མངོན་བཞིན་འདུག་པས། བྱིས་པར་ཐོག་མར་དབྱངས་གསལ་དང་ལས་སྨོན་སྒྲིག་པར་སྦྲེལ་ཐག་ལྟ་བུར་གྱུར་པའི་སྐད་ཡིག་དགེ་རྒན་ཞིག་ལ་མཚོན་ན། གནད་དོན་འདི་དག་ཐག་གཅོད་ཡག་པོ་ཞིག་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དགེ་རྒན་རྣམས་ཀྱིས་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་དང་བླང་བྱ་དེ་སློབ་མའི་བསམ་བློའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཚད་དང་རན་པའི་ཁྲིད་ཐབས་ལ་བརྟེན་ནས་སྐད་ཡིག་སློབ་ཁྲིད་ཀྱི་ཧུར་བརྩོན་རང་བཞིན་ཐད་སྐུལ་འདེད་གཏོང་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བས། གཤམ་ནས་རང་གི་ཉམས་མྱོང་དང་འབྲེལ་ནས་སྐད་ཡིག་སློབ་སྦྱོང་ལ་ཕན་པའི་ཁྲིད་ཐབས་འགའ་ཡི་དགོས་པ་གླེང་བར་བྱ།
གཅིག སྲོལ་རྒྱུན་གྱི་ཁྲིད་ཐབས་ཀློག་དང་བྲིས། འཛིན་སྐྱོར་བཅས་གཙོ་བོར་འཛིན་དགོས།
       སློབ་ཆུང་གི་བོད་སྐད་ཡིག་སློབ་ཁྲིད་བྱེད་སྐབས་སློབ་མའི་བློའི་འཆུམས་ཚོད་ལ་མ་བལྟས་པར་ཚིག་གྲོགས་འཚོལ་བ་དང་ཁ་སྐོང་བ། ཚིག་བསྒྲིགས་པ་སོགས་ཀྱི་ཁྲིད་ཐབས་མང་ཆེ་བ་བསླབ་ཁག་གཞན་གྱི་ཐབས་ལམ་ལ་ཕྱོགས་ཆེ་བས། དེ་དག་མཐའ་གཅིག་ཏུ་བོད་སྐད་ཡིག་གི་སློབ་ཁྲིད་བྱེད་ཐབས་ལ་བཀོལ་ན་དེ་འདྲའི་འབྲས་བུ་ཞིག་ཡོང་གིན་མེད་པ་དང་། དེ་ཡང་སློབ་དཔོན་ཐོན་མི་མཆོག་གིས“བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱོངས། །”ཞེས་མན་ངག་གནང་ཡོད་པ་ལྟར། གསལ་དག་མྱུར་གསུམ་སྟེ་དང་པོ་གསལ་ཅེས་པ་སྒྲ་གསལ་པོ་ཡིན་དགོས་པ། གཉིས་པ་དག་ཅེས་པ་འདོན་སྟངས་དག་མོ་ཡིན་པ། གསུམ་པ་མྱུར་ཞེས་པ་ཡིག་ཆོད་ཆེས་ཆེར་ལྡན་པའི་ཀློག་ཅིག་སློབ་པ་ཅིས་ཀྱང་གལ་ཆེན་པོར་ཆགས་ཡོད། གཞན་ཡང་། དག་སྙོམས་མྱུར་གསུམ་འཛོམས་པའི་བྲིས་གཙོ་བོར་འཛིན་དགོས་པ་སྟེ། བྲིས་དག་མོ་སྟེ་ཡིག་ནོར་གྱི་ཆ་ཉུང་བ། སྙོམས་པ་སྟེ་ཡིག་འབྲུ་རྣམས་ལ་ཆེ་ཆུང་མེད་པ། མྱུར་བ་སྟེ་ཟིན་བྲིས་སོགས་འབྲི་བྱའི་གནས་གང་ལ་ཐུག་ཀྱང་མྱུར་མོར་འབྲི་ནུས་པ་ཞིག་ཡིན་དགོས། ཀློག་བྲིས་ཀྱི་རྨང་གཞི་གཙོར་འཛིན་པ་དང་ཆབས་ཅིག་འཛིན་སྐྱོར་གལ་ཆེ་ལ། ཉེར་མཁོའི་ཤེས་བྱ་དག་དེབ་ངོས་ནས་ཀློག་པ་དང་འབྲི་བ་ཙམ་གྱིས་ཆོག་པ་ཞིག་མ་ཡིན་པར། བློའི་ཡིད་ལ་བྱང་བར་བྱས་ནས་ཤེས་བྱ་རྣམས་རང་གི་ཀླད་པར་ཡོད་དགོས་པ་ནི་རང་རྒྱུད་ལ་ཤེས་བྱ་སྣ་མང་བསྐྱེད་ཐུབ་པའི་ས་བོན་དང་པོ་ཡིན། སློབ་ཆུང་གི་སྐད་ཡིག་སློབ་ཁྲིད་བྱེད་མཁན་ཞིག་ལ་མཚོན་ན་དཀྱུས་གཅིག་ཏུ་གཞན་གྱི་ཁྲིད་ཐབས་རྐྱང་རྐྱང་བེད་སྤྱོད་གཏོང་བ་མ་ཡིན་པར། སློབ་མར་འཚམས་ཤིང་བོད་སྐད་ཡིག་ཁྲིད་ཐབས་དང་མཐུན་པའི་བྱེད་ཐབས་སྤྱོད་པ་ནི་ཧ་ཅང་གལ་ཆེ་བ་ཡིན།
གཉིས། དེང་རབས་ཀྱི་སློབ་གསོའི་ཐབས་ལམ་ལ་རྒྱུས་མངའ་ཟབ་དགོས།
       སྤྱི་ཚོགས་རིམ་བཞིན་འཕེལ་རྒྱས་འགྲོ་བ་དང་སློབ་ཁྲིད་ཀྱི་ཡོ་ཆས་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བའི་སྐབས་འདིར། སློབ་ཁྲིད་ཁྲོད་ཆ་འཕྲིན་ལག་རྩལ་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་སློབ་ཁྲིད་བཅོས་བསྒྱུར་གྱི་འཕེལ་ཕྱོགས་གལ་ཆེན་ཞིག་ཡིན། སློབ་ཆུང་བོད་སྐད་ཡིག་གི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། སློབ་ཁྲིད་ཀྱི་བརྒྱུད་རིམ་དང་སྒྲིག་འཛུགས་བྱེད་སྟངས། སྤུས་ཚད་དང་ཕན་འབྲས་བཅས་ལེགས་པོ་ཞིག་ཡོང་དགོས་ཚེ། མང་ཤོས་སློབ་ཁྲིད་ཀྱི་ཐབས་ལམ་མམ་སྒྲིག་ཆས་གསར་པར་ཡང་འབྲེལ་བ་ཆེས་ཆེར་ལྡན་པས། དུས་སྐབས་འདི་འདྲའི་འོག་ཏུ་ད་དུང་སྲོལ་རྒྱུན་གྱི་སྒོ་སམ་དང་སློབ་དེབ་གཅིག་པུར་བསྟེན་ནས་སློབ་ཁྲིད་བྱེད་སྟངས་ལས་ཐོད་བརྒལ་མ་བྱས་པར། སྒྲིག་ཆས་གསར་པ་དང་ཐབས་ལམ་གསར་པ་ཡོད་པ་ཙམ་གྱིས་མ་སྦྱངས་མ་བཀོལ་བར་བསྐྱུར་བའི་རྣམ་པ་ལས་བརྒལ་མ་ཐུབ་ཚེ། སློབ་མའི་ཉན་འདོད་རང་བཞིན་དང་སློབ་སྦྱོང་བྱེད་པའི་སེམས་ཤུགས། སློབ་མའི་རང་འགུལ་རང་བཞིན་སོགས་ཀྱི་ནུས་པ་འདོན་མི་ཐུབ་པས། སློབ་ཁྲིད་ཀྱི་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་ཆེ་རུ་གཏོང་ཆེད་དགེ་རྒན་རང་ཉིད་ནས་དེ་དག་ལ་སྦྱངས་པ་ལེགས་པོ་བྱས་ཏེ། དྲ་ཐོག་ནས་སློབ་ཁྲིད་ཆ་འཕྲིན་སྤེལ་བ་དང་འཚོལ་བ། བཀོལ་སྤྱོད་བཅས་བྱས་ན་གཅིག་ནས་སློབ་ཁྲིད་ཀྱི་ཕན་ནུས་ཆེ་བ་དང་། ཕྱོགས་གཞན་ཞིག་ནས་དུས་ཚོད་ཅུང་ཐུང་བའི་ནང་སློབ་མས་འཁྲིད་བྱའི་ནང་དོན་ཏེ་ཤེས་བྱ་རྣམས་ཡིད་ལ་བརྟན་པོར་ངེས་ཐུབ་པ་སོགས་ཀྱི་དགེ་མཚན་ཡང་གང་མང་ལྡན་རྐྱེན། དེང་དུས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱས་ནས་དུས་རབས་ཀྱི་འཕེལ་རྒྱས་དང་འཚམས་པའི་སློབ་ཁྲིད་ཚད་ལྡན་ཞིག་བྱེད་པར་འབད་འབུངས་བྱེད་དགོས།
གསུམ། སློབ་མའི་གཞི་རྩ་དང་འབྲེལ་ནས་ཁྲིད་ཐབས་སྣ་གཅིག་ལས་བརྒལ་བ།
       སློབ་ཁྲིད་སྐབས་སུ་སློབ་དེབ་ངོས་ཀྱི་ཤེས་བྱ་དག་སློབ་མར་བརྒྱུད་སྤྲོད་བྱས་པ་ཙམ་གྱིས་དགེ་རྒན་གྱི་འགན་འཁྲི་ཡོངས་སུ་འགྲུབ་སོང་བ་མ་ཡིན་པར། སློབ་མ་རབ་འབྲིང་ཐ་གསུམ་གྱི་གནས་ཚུལ་ལ་གཞིགས་ནས་དགོས་མཁོ་དང་བསྟུན་ཅི་ཐུབ་བྱས་པ་དང་། བྱེད་ཐབས་སྣ་མང་བཀོལ་ཏེ། སློབ་མར་སྤུས་ཚད་ཅན་གྱི་སློབ་ཁྲིད་ཅིག་བྱེད་རྒྱུ་ནི་གལ་འགངས་ཆེ་བར་སྣང་། དེ་ཡང་སློབ་ཁྲིད་སྐབས་སུ་ཐབས་ལམ་སྣ་གཅིག་རྐྱང་བཀོལ་ནས་སློབ་མ་རྣམས་ལ་དཀྱུས་གཅིག་ཏུ་ཁྲིད་པ་ནི་ངལ་བ་འབྲས་མེད་ལྟ་བུར་ཕྱོགས་པས། སློབ་མའི་ལོ་ཚོད་དང་ནུས་པ། རིག་སྟོབས་སོགས་མི་འདྲ་བའི་གཞི་རྩའི་རྩལ་ནུས་དངོས་ལ་གཞིགས་ནས་འོས་འཚམ་གྱི་ཐབས་ལམ་བེད་སྤྱོད་གཏོང་དགོས། དེ་བས་གཅིག་ནས་སློབ་མའི་དགའ་ཕྱོགས་དང་བསྟུན་ནས་རང་ཉིད་ཀྱི་རྩལ་ནུས་ངོམས་སུ་འཇུག་པ་དང་། དགེ་རྒན་གྱིས་མེ་གྲོགས་རླུང་གིས་བྱེད་པ་ལྟར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ། དཔེར་ན། བྲིས་ལ་ཞན་ཡང་ཀློག་ལ་བྱང་བའི་སློབ་མ་ཞིག་ལ་མཚོན་ན། དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་སློབ་ཚན་དང་མིང་ཚིག་སོགས་ཀློག་འདོན་བྱེད་པའི་གོ་སྐབས་སྤྲད་ནས། དེར་འབྲེལ་གྱི་བསྟོད་བསྔགགས་བྱེད་པ་དང་ལྷན་དུ་བྲིས་ཡང་ཀློག་ལྟར་གལ་ཆེ་བ་བརྗོད་དེ་སློབ་མའི་མི་འདང་བའི་གནས་སྔོག་འདོན་བྱེད་དགོས། གཞན་སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་ཤེས་བྱའི་ནང་དོན་ཡོད་ཚད་ཡིག་སྐད་ཀྱི་ལམ་ནས་ཁྲིད་པར་བྱས་ཚེ། སློབ་གྲོགས་མང་པོ་ཞིག་ནས་འཚོ་བ་དངོས་ཀྱི་ཁྲོད་ཕྲད་མྱོང་བའི་ཤེས་བྱའི་གནས་ཤིག་ཡིན་ཡང་ཆ་མེད་རྒྱུས་མེད་པ་ལྟ་བུར་སྣང་བས། ཡིག་སྐད་དང་ཁ་སྐད་དམ་དུ་སྦྲེལ་རྒྱུ་ནི་གནད་དོན་འདིའི་རིགས་ཐག་གཅོད་ལ་ངེས་པར་མཁོ་བར་སྣང་། དཔེར་ན། སློབ་མ་ཚོ་ཐོག་མར་སྐྱ་ཀ་ཞེས་པའི་སློབ་ཚན་དེར་ཕྲད་དུས་ཐ་སྙད་འདི་གཉིས་ལས་ཁོ་ཚོས་ཅི་ཞིག་བཤད་བཞིན་པ་གཏན་ནས་ཤེས་ཐབས་མེད་ཀྱང་། དགེ་རྒན་གྱིས་སྐབས་ཐོག་དེར་སྐྱ་ཀ་ཞེས་པ་སྤྱིར་གཏང་གི་ཁ་སྐད་དང་འབྲེལ་ནས་གསལ་བཤད་བྱས་ཚེ། ཁོ་ཚོས་འདི་ཉིད་གཞི་ནས་ཧ་གོ་ཞིང་འདིར་འབྲེལ་གྱི་འདབ་ཆགས་མང་པོ་ཞིག་སེམས་ལ་གང་དྲན་གྱིས་བཤད་ཐུབ་པས། སློབ་མའི་བློ་སྒོ་འབྱེད་པའི་ནུས་པ་ཡང་རང་བཞིན་གྱིས་མངོན་ཐུབ་ཀྱིན་ཡོད།
       དེ་མིན་སློབ་ཁྲིད་ཐད་རི་མོ་བཀོལ་ནས་རོགས་ཁྲིད་བྱེད་པ་ནི་འབྲས་བུ་འབུར་ཐོན་གྱི་ཐབས་མཆོག་ཅིག་སྟེ། རི་མོ་མང་པོ་བཀོལ་སྤྱོད་བྱས་ན་ལྟ་ཞིབ་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་ལ། གསོན་ཉམས་དང་གཟུགས་སྣང་རང་བཞིན་ལྡན་པའི་རི་མོ་ཡོད་ན་འབྲེལ་ཡོད་ཤེས་བྱ་རྣམས་སློབ་མའི་མིག་ལམ་དུ་མངོན་པ་དང་། ཁོ་ཚོའི་ཀླད་པའི་ནང་དུ་བསམ་གཞིགས་ཀྱི་གཤོག་ཟུང་རྒྱས་ངེས་པས། སློབ་མ་རྣམས་ཀྱིས་མགྱོགས་ཤིང་གཏིང་ཟབ་པའི་སྒོ་ནས་རང་གི་ལས་འགན་འགྲུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དཔེར་ན། རི་མོར་བལྟས་ནས་རྩོམ་ཡིག་འབྲི་བའི་གནས་ཚུལ་དང་ཕྲད་ཚེ་དགེ་རྒན་གྱི་རི་མོའི་ཁྲིད་ཐབས་ལ་གོམས་ཡོད་པའི་སློབ་མ་ཞིག་ལ་མཚོན་ན་གོ་རིམ་ཡོད་པའི་སྒོ་ནས་རྩོམ་ལེགས་པོ་ཞིག་འབྲི་ཐུབ་པར་ཕན་འབྲས་ཆེན་པོ་ཐོན།
       དགེ་རྒན་དམ་པར་ཁྲིད་ཐབས་ཡང་དག་ཅིག་དང་སློབ་མ་བཟང་པོར་སློབ་ཐབས་ལེགས་པོ་ཞིག་ལྡན་པ་ནི། རིག་གནས་གང་ལ་འཇུག་པ་དང་འབྲས་བུ་ལེགས་པོ་ཞིག་འབྱུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། བྱིས་པ་རྣམས་ཐོག་མར་རིག་པའི་སྡིངས་ཀར་འཛེགས་པར་ཁྲིད་སྟོན་བྱེད་པའི་དགེ་རྒན་ཞིག་ལ་མཚོན་ན། བྱིས་པའི་གཞི་རྩའི་གནས་ཚུལ་དངོས་དང་བསྟུན་ནས་གནའ་དེང་ཟུང་འབྲེལ་གྱི་ཁྲིད་ཐབས་སྣ་མང་སྤྱོད་ཤེས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་དོན་གནད་ཅིག་ཡིན་པར་བསམ། །

ཟུར་ལྟའི་དཔྱད་གཞི།
[1] སྐར་མ་མཚོ། «སློབ་ཆུང་གི་སྐད་ཡིག་དགེ་རྒན་གྱི་འགན་འཁྲི» བོད་ཀྱི་སློབ་གསོ། 2016
[2] དབང་ཁྲའོ། «སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་དཔེ་དབྱིབས་ལ་སླར་ཡང་དཔྱད་པ» བོད་ལྗོངས་སློབ་གསོ། 1998
[3] གནམ་ལྷ་རྒྱལ། «དུས་རབས་དང་འཚམ་པའི་དགེ་རྒན་གྱི་སྤུས་ཚད་སྐོར་རོབ་ཙམ་གླེང་བ» བོད་ཀྱི་སློབ་གསོ། 2018
འབྲེལ་ཡོད་འོས་སྦྱོར།