logo

དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་འགའ་གླེང་བ།

རྩོམ་པ་པོ།:བྱམས་པ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-06-12 ཀློག་གྲངས།:
གཅིག ལྷག་བསམ་ནི་དགེ་རྒན་གྱི་གཟི་བརྗིད་ཡིན།
       ལྷག་བསམ་ཟེར་བ་འདི་ནི་ནམ་མཁའི་ཉི་མ་དང་ཟླ་བ་ལྟ་བུ་སྟེ། མེད་ན་ཇི་ལྟར་རྒྱ་ཆེ་ཡང་སྙིང་བོ་མི་མཐོང་བ་ལྟ་བུ་རེད། མི་ཞིག་ལ་མཚོན་ནའང་ལྷག་བསམ་ནི་ཚེ་སྲོག་གི་གུར་ཁང་ལ་མཚར་སྡུག་གི་འོད་སྣང་སྩོལ་མཁན་རེད། ལྷག་བསམ་མེད་ཚེ་རང་གཞན་ཀུན་ལ་སྡུག་བསྔལ་གྱི་མུན་པ་བཟོ་བ་ཡིན། ཐོག་མར་གཞན་ལ་གནོད་པའམ་ཕན་ཐོགས་མེད་ཅིང་དེ་ནས་ལྟོས་འབྱུང་གི་དབང་གིས་རང་ལའང་ཆེ་ཆུང་མ་ངེས་པར་གནོད་འོངས། ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན་ཞེས་པ་ལྟར་ཡོད་ཚད་བསམ་པ་དག་ལ་རག་ལས་པའི་ཕྱིར་ན། བསམ་པ་བཟང་རྒྱུ་ནི་ཆེས་གལ་ཆེ་བ་ཡིན། ལྷག་བསམ་དང་ལྡན་ན་ལྷ་དགའ་མི་སྐྱིད་དམ་རང་དགའ་གཞན་སྐྱིད་ཅིག་ངེས་པར་འོངས་སྲིད་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པའོ། །ལྷག་པར་དུ་དགེ་རྒན་ཞིག་ལ་མཚོན་ན། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན་ཞེས་པ་ལྟར། ཡོན་ཏན་གྱིས་སློབ་མ་འགུག་དགོས་ཤིང་། བརྩེ་སེམས་ཀྱིས་སློབ་མ་སྐྱོང་དགོས་པ་ཡིན་ཏེ། མཐོང་ཐོས་ཀྱི་རྒྱ་ཆེ་བ་དེའི་སྟེང་དུ་ལྷག་བསམ་དང་ལྡན་ན་ནི་ད་གཟོད་རྩམ་པ་བཟའ་བ་ལ་མར་སྣུམ་པོ་ཇི་བཞིན་ཟ་བདེ་འཇུ་བདེ། ཁ་ལ་ཞིམ་པ་ཞིག་འོང་བ་ལྟར་སློབ་མའི་རྒྱུད་ལ་ཡོན་ཏན་གང་གནང་དེ་འབྱོར་བདེ་བའམ་རྟོགས་སླ་བ་ཞིག་ཏུ་འགྲོ་སྲིད།
       ང་ཚོས་རྒྱུན་དུ་སློབ་མ་ཚོའི་བསླབ་བྱའི་ཁྲོད་དུའང་སྤྱི་ཚོགས་ཀྱི་འབྲེལ་འདྲིས་བྱེད་སྟངས་ཤིག་གླེང་གིན་ཡོད་ལ། དེ་ནི་ཕར་བལྟས་ཚོད་ཀྱིས་རིག་པ་སྤྱང་པོ་བཅའ་སྟངས་ཤིག་ཏུ་འགྲོ་བཞིན་པ་འདྲ་ཡང་། དོན་ངོ་མར་ཀུན་སློང་ཡག་པོ་དང་བསམ་པ་བཟང་རྒྱུ་ལས་མེད་དེ། འདི་ཡོད་ན་ད་གཟོད་འབྲེལ་འདྲིས་བྱེད་བདེ་བ་དང་བརྩེ་བ་བསྐྱེད་པར་ནུས་པ་ནི་མིག་མཐོང་ལག་ཟིན་རེད། དེས་ན་ལྷག་བསམ་ཟེར་བ་འདི་ཀུན་པོས་རང་ཉིད་ལའང་ཡོད་སྙམ་པ་ཞིག་སྐྱེ་སྲིད་ཀྱང་ཞིབ་ཏུ་དཔྱད་ན་ཀུན་ལ་སྙོམ་པོར་དབང་བ་ཞིག་ནི་གཏན་ནས་མི་སྲིད་དེ། འདི་ནི་ཤེས་པའི་ངོ་བོར་གྱུར་པའི་སེམས་ཀྱི་ནོར་རྣམས་ལས་མཆོག་ཏུ་གྱུར་པའི་རིན་པོ་ཆེ་ཞིག་ཡིན་ཕྱིར། རིན་པོ་ཆེ་བཞིན་བསོད་ནམས་དང་ཤེས་རབ་ཅན་ལས་ཀུན་ལ་དབང་བ་ནི་དཔེ་མི་སྲིད་པའོ། །
གཉིས། ཀུན་སྤྱོད་ནི་དགེ་རྒན་གྱི་རང་མདངས་ཡིན།
       ཀུན་སྤྱོད་ཅེས་པ་འདི་ནི། ནང་གི་བསམ་བློའམ་ཀུན་སློང་གིས་རྒྱུ་བྱས་ཏེ། འབྲས་བུ་ཕྱིའི་བྱ་སྤྱོད་ཀྱི་རྣམ་འགྱུར་འདྲ་མིན་དེ་གཞན་གྱི་མིག་མདུན་དུ་བསྟར་བ་ཞིག་ཡིན་པས། གཞན་གྱི་གདེང་འཇོག་ལས་མངོན་དགོས། གཞན་གྱི་གདེང་འཇོག་ཇི་ལྟར་ན་ཁྱོད་ཀྱི་ཀུན་སྤྱོད་ཀྱང་དེ་ལྟར་རོ། །
       སྤྱིར་ཡང་མི་ནི་སྤྱི་ཚོགས་ཀྱི་མི་ཡིན་པས། དེ་ལ་ཁྲིམས་ལུགས་དང་སྒྲིག་སྲོལ། ཀུན་སྤྱོད་ཟེར་བའི་རིམ་པ་གསུམ་ཡོད། ཁྲིམས་ལུགས་ནི་དེ་ལས་ཆེས་དམའ་ཤོས་ཀྱི་རིམ་པ་དེ་ཡིན་ཏེ། དེ་ནི་མི་དང་མིའི་བར་ལ་ཉེན་ཁ་ཅན་གྱི་དོན་དག་མི་འབྱུང་བར་ཁག་ཐེག་དང་སྲུང་སྐྱོབ་བྱ་ཕྱིར་བཟོས་པ་ཡིན། སྒྲིག་སྲོལ་ནི་རིམ་པ་འབྲིང་བའམ་གཉིས་པ་ཡིན་ཏེ། དེ་ནི་ལས་རིགས་ཤིག་གམ་ཚོགས་པ་ཞིག་གིས་རང་གི་ནང་ཁུལ་དུ་ཚང་མས་ཕན་ཚུན་ལ་བརྩི་འཇོག་གིས་མཉམ་གཅིག་ཏུ་འཕེལ་རྒྱས་འོངས་ཕྱིར་བཟོས་པ་ཡིན། ཀུན་སྤྱོད་ནི་རིམ་པ་མཐོ་ཤོས་དེ་ཡིན་ཏེ། སྤྱི་ཚོགས་དང་མི་གཞན་ལ་ཕན་པ་བསྒྲུབ་ཕྱིར་རང་གི་བསམ་སྤྱོད་ངན་པ་ལ་རང་གིས་ཚོད་འཛིན་དང་བཟང་ཕྱོགས་ལ་སྐུལ་སློང་བྱེད་པ་ཞིག་ཡིན།
       ཀུན་སྤྱོད་མ་རབས་ཀྱི་གནད་གཙོ་བོ་དེ། ནང་གི་སེམས་བྱུང་ལ་རག་ལས་ཏེ། ཁོང་ཁྲོ་དང་། སྒེར་སེམས། འདོད་ཆགས། གཡོ་སྒྱུ། གཏི་མིག་གམ་རྨོངས་པ་སྟེ། མདོར་ན་འདོད་ཆགས་ཞེ་སྡང་ངམ་ཉོན་མོངས་དུག་གསུམ་གྱི་སྟོབས་ཆེ་ཆུང་ལས་སྐྱེས་པའོ། །
       དེ་བས་གཙོ་བོ་སེམས་བྱུང་ཉོན་མོངས་པའི་མགོ་མནན་རྒྱུ་ཧ་ཅང་གལ་ཆེ་བས་ནང་རིག་གི་གཞུང་དང་སྦྲེལ་ནས་རང་གཤིས་ལ་མཉམ་འཇོག་པར་བྱ། དྲང་བདེན་ལ་དགའ་ཞིང་རྒྱུ་འབྲས་ལ་བརྩི་བ། བདེན་དོན་གྱི་ཆེད་དུ་དཔའ་མི་ཞུམ་པ། བཙན་པོ་གཉའ་ནས་གནོན་ཞིང་གཉོམ་ཆུང་མཐའ་ནས་སྐྱོང་བའི་སེམས་ཀྱི་གཤིས་དང་སྤོབས་པའི་གདེང་མངའ་བའི་དགེ་རྒན་དེ་འདྲ་ནི་སྐྱེས་བུ་ཆེན་པོ་སྤྱོད་པ་མི་གཡོ་ཞིང་བློ་གྲོས་བརྟན་པ། ཤེས་རབ་ཆེ་ཞིང་འཇིགས་པ་མེད་པའི་སེང་གེ་དང་འདྲ་བ་ཡིན་ལ། དེ་འདྲ་བ་ལ་སློབ་མའང་རྒྱལ་ཁབ་དང་མི་རིགས་གང་དེ་འཇིགས་པའི་གཡང་ལས་སྐྱོབ་ནུས་ཤིང་། དྲང་བདེན་དང་རྒྱུ་འབྲས་རང་གི་མིག་བཞིན་སྲུང་ཕོད་པ། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཡར་སྐུལ་གྱི་ནུས་པ་ཁ་ཐོག་ལག་བཞག་གིས་ཐོན་སྲིད་པའི་སློབ་མ་བུ་རྒོད་པོ་འཁྲུངས་སྲིད་ལ། ཡང་དེ་ལས་ལྡོག་སྟེ། དགེ་རྒན་མཐོང་ཐོས་ཀྱི་རྒྱ་དམན་པ། སྒེར་སེམས་ཆེ་བ། དབང་དང་གོ་སར་རྔམ་པ། གཞན་དོན་ཁབ་དང་སྐུད་པ་ཡིན་ཡང་མི་འགྲུབ་ཅིང་། རང་དོན་ཙི་གུས་གསོག་གསོག་བྱེད་པ། ཁ་ཁོག་མི་མཐུན་ཞིང་བློ་གཏད་ཆུང་བ། རྫུན་དང་ཕྲ་མར་མཁས་པ། ཕག་དང་ལ་ཡོགས་མི་ཆོད་པ། རང་གི་སྒེར་དོན་ཁོ་ན་ལ་ཤ་ཐང་ཐང་གིས་འབད་ཅིང་སྒེར་གཤིས་དང་མི་གཤིས་བོར་ཞིང་བྲན་གཤིས་ཀྱིས་ཁེངས་པའི་དགེ་རྒན་ཞིག་ལ། ཁ་དཔེ་རུ། ཕ་མ་ངན་པའི་བུ་ཕྲུག་དང་། དགེ་རྒན་ངན་པའི་དགེ་ཕྲུག་ཟེར་བ་བཞིན། སློབ་མའང་ཁོ་དང་འདྲ་བ་རེ་སྐྱེས་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་འདོགས་རྒྱུ་ལྟ་ཞོག མར་འཕེན་དང་ཞོར་འདྲུད་སོགས་གནོད་ཚབས་ཆེ་བར་འགྱུར་སྲིད་པས། འདི་ལྟ་བུའི་དགེ་རྒན་གྱིས་སློབ་མ་སྐྱོང་བ་ལ་ཐོག་མར་རང་སྟེང་གི་སྐྱོན་ཡོན་ལ་བྱི་དོར་ལེགས་པོར་བྱེད་དགོས།
གསུམ། བརྩོན་འགྲུས་ནི་དགེ་རྒན་གྱི་གསོན་ཤུགས་ཡིན།
       དེ་ཡང་། ཤེས་བྱ་མ་ལུས་བརྩོན་པའི་རྗེས་སུ་འབྲངས་ཞེས་པ་ལྟར། འཇིག་རྟེན་འདི་རུ་ལས་ཅི་དང་གང་ཞིག་བསྒྲུབས་ཀྱང་དེ་མཐའ་འཁྱོལ་བ་དང་ལེགས་འགྲུབ་འབྱུང་མིན་ནི། གཙོ་བོ་མི་རང་ཉིད་ཀྱི་བརྩོན་པ་ཆེ་ཆུང་ལ་རག་ལས་པས་ན། ཨེ་དབྱིན་སི་ཐན་གྱིས་ཀྱང་ཤེས་འཇོན་ལྡན་པའི་མི་ནི་ཇི་ལྟར་གྲུབ་ཅེ་ན། བརྒྱ་ཆའི་གཅིག་གི་ལྷན་སྐྱེས་ཤེས་རབ་ཀྱི་སྟེང་དུ། བརྒྱ་ཆའི་དགུ་བཅུ་གོ་དགུ་ཡི་རྔུལ་ཁྲག་བསྣན་ཏེ་གྲུབ་ཅེས་དང་། ཆུ་ཤིང་བསྟན་བཅོས་སུའང་། མི་ལ་བརྩོན་འགྲུས་ལྡན་གྱུར་ན། །འཇིག་རྟེན་འདི་ན་དཀའ་བ་མེད། །ཅེས་དང་། རྒྱུད་བླ་མར་ཡང་། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །ཅེས་གསུངས་པ་ལྟར་སྤྱིར་སྲོག་དང་ལྡན་པ་གང་ལའང་རང་གི་དོན་རྣམས་འགྲུབ་པར་བྱེད་པ་ལ་བརྩོན་པ་སྲོག་ལྟར་གལ་ཆེན་ཡིན་པས་ན། དགེ་རྒན་ཡང་དེ་ལས་མ་འདས་ཤིང་། ལྷག་པར་དུ་དགེ་རྒན་ཅི་འདྲ་ལ་སློབ་མ་དེ་འདྲ་སྟེ། དགེ་རྒན་ནི་སློབ་མའི་མིག་ལྟོས་ཀྱི་གཞི་དང་གོམས་སྲོལ་གྱི་དཔེ། འཚོ་བ་ཡི་ལད་མོ་བྱ་ཡུལ་དེ་ཡིན་པས་རང་གི་སློབ་མ་ལ་བརྩོན་པ་ཆེ་བའི་རེ་བ་འཆང་ན། ཐོག་མར་དགེ་རྒན་རང་ཉིད་ལ་བརྩོན་པ་ལྡན་པའི་རེ་བ་རྒྱག་དགོས།
བཞི། དཔེ་ཀློག་ནི་དགེ་རྒན་གྱི་འཚོ་བ་ཡིན།
       མི་དང་སྲོག་ལྡན་གཞན་ནམ་དུད་འགྲོ་སོགས་ཀྱི་ཁྱད་པར་ནི། ཤེས་རབ་ཀྱིས་འབྱེད་པ་ཡིན་ལ། ཤེས་རབ་ཀྱི་ཆེ་ཆུང་ནི་ཁོང་དུ་ཆུད་པའི་ཤེས་བྱའི་མང་ཉུང་དང་། ཤེས་བྱའི་མང་ཉུང་ནི་མཐོང་ཐོས་ཀྱི་རྒྱ་ལས་བྱུང་། དེའང་མཐར་གཏུགས་ན་གཙོ་བོ་དཔེ་ཆ་སློབ་དང་བཀླགས་པའི་རྒྱ་ལས་སྐྱེ་སྟེ། དཔེ་ངོས་ཀྱི་ཤེས་བྱ་ནི། འཚོ་བའི་ཁྲོད་ཀྱི་ཤེས་བྱ་ཐར་ཐོར་ལས་ལྟོས་འཇོག་གིས་མ་ལག་དང་གོ་རིམ་ལྡན་ཞིང་། གནད་ཐོན་ཅིང་གནས་ལུགས་བརྗིད་པ། ཞིབ་ཅིང་ཚགས་དམ་པ། གཏིང་ཟབ་ཅིང་བཅུད་བསྡུས་པ་ཞིག་ཡིན་པས། གནའ་དེང་གི་མཚན་སྙན་ཆེས་ཆེར་རྒྱས་པའི་མཁས་པ་དག་ཀྱང་དཔེ་ཐོག་གི་ཤེས་བྱར་མ་གཞུག་པར་ཡིག་རྨོངས་པའི་སྡེ་ལས་སྐྱེས་པ་གཅིག་ཀྱང་མེད་པ་ལྟར་རེད། འཛམ་གླིང་དུའང་དཔེ་ཀློག་ལ་དགའ་བའི་རྒྱལ་ཁབ་དང་མི་རིགས་གང་ཡིན་ན་དེ་ནི་སྔོན་ཐོན་དང་སྟོབས་ལྡན། ཀུན་གྱིས་མིག་ལྟོས་འཕེར་ས་རུ་གྱུར་ཡོད་པ་ལྟ་བུ་རེད། དེ་བཞིན་རང་ཉིད་མི་སྒེར་ལ་མཚོན་ནའང་། རང་གི་ཤེས་རབ་ཀྱི་ཕ་ཁྱིམ་དངོས་ནི་དཔེ་ཀློག་ཡིན། ལྷག་པར་དུ་དགེ་རྒན་ཞིག་ལ་མཚོན་ན་གཞན་དང་མི་འདྲ་བར། འཇིག་རྟེན་ལ་ངོ་མཚར་དཔལ་ཡོན་གྱི་ཚོན་རིས་སྣ་ཚོགས་བསྐྲུན་པའི་བཟོ་བོའི་ནང་གི་བཟོ་བོ་དང་བྱེད་པོའི་ནང་གི་བྱེད་པོ་ཡིན་པས། དགེ་རྒན་གྱིས་རང་ཉིད་རང་གིས་ངོ་ཤེས་དགོས་ལ། རང་གི་ལས་རིགས་ཀྱི་གཟི་བརྗིད་དེ་དང་དུ་བླངས་ནས། རང་གིས་རང་ལ་གཞན་ལས་ལྷག་པའི་རེ་བ་ནན་མོ་འདོན་དགོས།
ལྔ། སློབ་མ་ནི་དགེ་རྒན་གྱི་མངའ་ཐང་ཡིན།
       མངའ་ཐང་ཟེར་བ་འདི་མི་རང་རང་གི་སྟོབས་ཤུགས་དང་དབང་ཐང་། སྔར་བསགས་བསོད་ནམས་ཀྱི་ལས་སོགས་གང་ལ་གོ་ཡང་། རྒྱལ་ཁབ་དང་མི་རིགས། ཚོགས་པ་དང་ལས་རིགས། མི་སྒེར་སུ་དང་གང་ལ་མཚོན་ནའང་། རང་རང་ལ་ཆེ་ཆུང་འདྲ་མིན་གྱི་མངའ་ཐང་རེ་ཡོད། དེས་ན་ང་ཚོ་དགེ་རྒན་དག་གི་མངའ་ཐང་ངམ་གདུལ་བྱའི་རྒྱ་ཆེ་ཆུང་དེ་གང་ལ་ཟེར་ཞེ་ན། རང་གི་སྟོབས་དང་ནུས་པ་འབུལ་སའི་སློབ་མ་ཡིན་དགོས་པ་རེད། བླང་དོར་གྱི་འཇུག་ལྡོག་ལ་བློ་མི་རྨོངས་ཤིང་ཅི་སྒྲུབ་ཀྱི་ལས་ལ་འཇོན་ནུས་མི་དམན་པ། མཐོང་ཐོས་ཀྱི་རྒྱ་ཆེ་བའི་དཔྱོད་ལྡན་གྱི་གདུལ་བྱ་སྐྱོང་བའི་མཛད་པ་ཇི་ལྟར་རྒྱ་ཆེ་ན། དགེ་རྒན་གྱི་མངའ་ཐང་དེ་ལྟར་རྒྱས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།