logo

«བསླབ་བྱ་ནོར་བུའི་ཕྲེང་བ»ཡི་མི་ཆོས་སློབ་གསོའི་སྐོར་ལ་དཔྱད་པ།

རྩོམ་པ་པོ།:མགོན་པོ་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-06-26 ཀློག་གྲངས།:
གླེང་གཞི།
       «བསླབ་བྱ་ནོར་བུའི་ཕྲེང་བ»ཞེས་པའི་བསླབ་བྱ་འདི་ནི། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལགས་ཀྱིས་སྤྱི་ལོ་དུས་རབས་བཅུ་གཅིག་པར་མཛད་པའི«མི་ཆོས་གནད་ཀྱི་ཕྲེང་བ»ཡི་དོན་འགྲེལ་གྱི་ཚུལ་དུ་མཛད་པ་ཞིག་སྟེ། བརྗོད་དོན་གཙོ་བོ་ནི། ཡུལ་དུས་དང་བྱ་བའི་གནས་སྐབས་ཐམས་ཅད་དུ་རང་ཚུགས་མ་ཉམས་པར་གཞན་དང་བསྟུན་པ་མི་ཆོས་ཀྱི་རྩ་བར་བཟུང་ནས་གཞན་ལ་ཁྱད་གསོད་མེད་པ། ནོར་ལ་ཆགས་ཞེན་ཆུང་བ། སྤྱི་ཁྲིམས་སྲུང་བ། ང་རྒྱལ་ཞི་བ། སྨྲ་བ་ཉུང་བ། རང་མཚང་འདོན་པ། གཞན་སྐྱོན་སྦ་བ། བརྟགས་ནས་འགྲོགས་པ། ཕྱི་ཐག་རིང་བ། འཕུང་བྱེད་གྲོགས་སུ་བསྒྱུར་བ། ཀུན་ལ་སྤྱི་སྙོམས་བསྟེན་པ། འཁོར་ལ་བློ་ཁོག་སྡོམ་པ། དོན་ལ་ལག་ལེན་སྐྱོང་བ། ཉེས་ན་ཕྱིས་འབྱུང་འགོག་པ། བློ་མང་བསྐྱུངས་ཤིང་འདུན་མ་གཅིག་ལ་གཏོད་པ། གྲོགས་ངན་སྤངས་ཤིང་ཡུལ་ངན་འདོར་བ། གང་དུ་ཕྱིན་ཀྱང་ཆགས་སྡང་ཆུང་བ། ཇི་ལྟར་བགྱིས་ཀྱང་དམན་ས་འཛིན་པ། ཡུལ་གྱི་ཁྱད་པར་དང་བསྟུན་ནས་གཟབ་གཟབ་བྱེད་པ། ཡི་དམ་ལ་བློ་འཁེལ་བ། མི་ལ་ཁྲེལ་གཞུང་ཆེ་བ། དམ་པའི་ཆོས་ལ་ཕྱི་བཤོལ་སྤངས་པ། བླ་མའི་ཕྱོགས་ལ་སྒོ་གསུམ་གུས་པ་སོགས་ཀྱི་བསླབ་བྱ་གནད་དུ་ཐིངས་པ་བྱས་ཡོད་པ་དེས་དུས་རབས་ཅི་ཙམ་འགོར་བའི་རྗེས་ནས་ཀྱང་དུས་སྐབས་གང་དེའི་སློབ་གསོ་ཡི་གནས་སྟངས་མཚོན་ཐུབ་ཅིང་། དེང་སྐབས་སྤྱི་ཚོགས་ཀྱི་ཁྲོད་དུའང་མི་དང་མིའི་བར་གྱི་འབྲེལ་བ་དང་འབྲེལ་འདྲིས་ཇི་ལྟར་འཛིན་དགོས་པ། ཡུན་རིང་བའི་འགྲོགས་འདྲིས་ཀྱི་གནས་སྟངས་རྒྱུན་ཆགས་སུ་གཏོང་ཐབས་གང་བྱེད་དགོས་པ་སོགས། སྤྱི་ཚོགས་འཆམ་མཐུན་གྱི་རེ་བའི་ཕུགས་བསམ་འགྲུབ་པ་ལ་དུས་རབས་རང་བཞིན་གྱི་སློབ་གསོའི་ཁ་ཕྱོགས་དང་མཐུན་པར་བྱས་ཡོད་པས། འདིར་ཆེད་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ཐབས་མཁས་སམ་ཡོངས་གྲགས་སུ་ཞང་སྟོན་བསྟན་པ་རྒྱ་མཚོ(1824-1897)རུ་འབོད་པ་དེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལགས་ཀྱི«མི་ཆོས་གནད་ཀྱི་ཕྲེང་བ»ཡི་དོན་འགྲེལ་གྱི་ཚུལ་དུ་མཛད་པའི«བསླབ་བྱ་ནོར་བུའི་ཕྲེང་བ»ཞེས་པ་དེར་བསྟན་པའི་མི་ཆོས་སློབ་གསོའི་རིན་ཐང་སྐོར་ལ་དཔྱད་པ་ཅུང་ཙམ་བགྱིས་ཡོད།
དང་པོ། ལེགས་བཤད་དང་བསླབ་བྱ་གཞན་དག་ལས་སྒོ་གསུམ་གྱི་སྤྱོད་ལམ་སྤྱིར་བསྟན་ཚུལ།
       དེ་ཡང«བོད་ཀྱི་རྩོམ་རིག་ལོ་རྒྱུས»ལས། “ལེགས་བཤད་དང་བསླབ་བྱ་གཉིས་ཀྱི་ཁྱད་པར་ཡང་རྩོམ་རིག་གི་བསྟན་བཅོས་མང་པོར། བསླབ་བྱ་ཡིན་ན་བརྗོད་བྱ་དམ་པའི་ལྷ་ཆོས་ལ་གཞོལ་ཆེ་ཞིང་། ལེགས་བཤད་ཀྱི་བརྗོད་བྱ་སྤྱིར་བཏང་དུ་འཇིག་རྟེན་མི་ཆོས་ལ་གཞོལ་ཤས་ཆེ”ཞེས་བཤད་པ་གཙོ་བོ་མི་ཆོས་ཀྱི་སྤྱོད་ལམ་སྤང་བླང་གི་རྣམ་གཞག་བཤད་པ་ཡིན་ཏེ། རྒྱུད་བླ་མ་ལས“གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །”ཞེས་སྟོན་པ་བཀའ་དྲིན་ཅན་གྱི་གསུང་རབ་དང་དེའི་དགོངས་འགྲེལ་ཡན་ལག་དང་བཅས་པ་ལ་སྔ་མའི་མཁས་པ་རྣམས་ཀྱིས་ལེགས་བཤད་ཅེས་བསྟན་གྱི། བསླབ་བྱ་ཅེས་སྟོན་གྱིན་མེད་པ་དེ་ནི་དོན་གྱིས་བསླབ་བྱ་བསྟན་མེད་པ་མ་ཡིན་ཏེ། བསླབ་བྱ་ཡིན་ན་དམ་པའི་ལྷ་ཆོས་ཀྱི་སྐོར་ཁོ་ན་ཙམ་བསྟན་པ་མིན། དཔལ་མགོན་པོ་ཀླུ་སྒྲུབ་ཀྱིས“མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པར་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་གནས། །”ཞེས་གསུངས་པ་དེ་ཡང་འཇིག་རྟེན་མི་ཆོས་ལ་གཞོལ་བ་ཆེ་བའི་ལུགས་ཀྱི་བསྟན་བཅོས་དག་གི་སྒོ་གསུམ་གྱི་སྤྱོད་ལམ་བསྟན་པའི་དགོས་པ་མཚོན་བྱེད་ཀྱི་རྒྱུ་མཚན་དུ་འགྱུར་རོ། །འབྲོམ་སྟོན་པའི«མི་ཆོས་གནད་ཀྱི་ཕྲེང་བ»ལས་ཀྱང“གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །དེ་ཡི་སྟེང་ནས་འདུན་མ་བཤད་ཀྱི་ཉོན། །ལྷ་ཞི་ཀླུ་ཞིའི་གདམས་པ་བཤད་ཀྱི་ཉོན། །ཆོས་ལ་མི་ཆོས་ཟབ་པ་འདི་ལྟར་ལགས། །སུ་ཡི་དོན་དུ་དཀའ་སྤྱད་བྱེད་ནའང་། །བྱ་བྱེད་ཀོ་ལོང་སྡུག་ཡུས་ཆུང་བར་མཛོད། །ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་། །མཛད་སྤྱོད་ཐམས་ཅད་མི་དང་བསྟུན་པར་མཛོད། །”ཅེས་གསུངས་པའང་མི་ཆོས་སྤྱོད་ལམ་གྱི་བླང་དོར་སྟོན་པའི་ཆ་ལ་དམིགས་པའི་བསླབ་བྱ་དག་གི་དགོངས་པ་གསལ་བོར་བསྟན་ཡོད་དོ། །གཞན་སུམ་པའི་མ་ཤགས་ཆེན་མོ་དང་། འབྲོམ་གྱི་མི་ཆོས་གནད་ཕྲེང་། ས་པཎ་གྱི་ལེགས་བཤད་རིན་པོ་ཆེའི་གཏེར་སོགས་ལས་བསྟན་པའི་མཁས་བླུན་གྱི་ཁྱད་པར་དང་མི་ཆོས་ཀྱི་སྲོལ་བཟང་། ཡ་རབས་དང་མ་རབས་ཀྱི་རབ་དབྱེ་སོགས་ཇི་ལྟར་བཤད་ཀྱང་། དོན་གྱིས་སྒོ་གསུམ་གྱི་སྤྱོད་ལམ་དང་མ་འབྲེལ་བ་གཅིག་ཀྱང་མེད།
གཉིས་པ། བསླབ་བྱ་འདི་ལས་བསྟན་པའི་སྒོ་གསུམ་གྱི་སྤྱོད་ལམ་བཤད་པ།
       «བསླབ་བྱ་ནོར་བུའི་ཕྲེང་བ»ནི་ཚིག་གི་སྙན་ཆ་ཁོ་ན་ལ་བསམ་པའི་སྙན་ངག་ལ་མ་བཅིངས་པ། ཚིག་གི་ཁྱད་ཆོས་དང་རྩལ་གྱི་ལྷག་མས་བཏོན་པའི་མངོན་བརྗོད་མང་པོ་ཡིས་མ་བརྒྱན་པར། ཚིག་གོ་སླ་ཞིང་བརྗོད་བདེ་བ། དོན་གྱི་གནད་མ་ཚང་བ་མེད་པ། ངག་སྙོམས་ལ་འཛིན་བདེ་བའི་སྒོ་ནས་མི་ཆོས་ཀྱི་སྤྱོད་པའམ་སྒོ་གསུམ་གྱི་བྱ་སྤྱོད་ལེགས་པར་བཀྲི་བའི་ཕན་སེམས་ཁོ་ནར་དམིགས་ནས་ཞིབ་རྒྱས་སུ་གདམས་པར་བྱས་ཡོད་དེ། སྤྱིར་སྐད་དུ། “འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་པ། །”ཞེས་པའི་དཔེ་བཞིན་དུ། འཇིག་རྟེན་གྱི་རྒུད་པ་ཐམས་ཅད་ཀྱི་རྩ་བ་ནི་བདག་འཛིན་གྱི་མ་རིག་པ་ཡིན་པས། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལས་ཡིད་ཀྱི་སྤྱོད་ལམ་ནི་གཙོ་ཆེ་ཞིང་སྔོན་དུ་འགྲོ་དགོས་ཚུལ་གལ་ཆེ་བས། མིའི་སེམས་ཀྱི་ཀུན་སློང་གི་ངོ་བོ་དང་དམིགས་པ་མི་འདྲ་བའི་དབང་གིས་རྒྱལ་བའི་ཆོས་ཀྱི་ཐེག་པ་ཆེ་ཆུང་གི་ཁྱད་པར་ཡང་སེམས་བསྐྱེད་ཚུལ་གྱིས་འཇོག་པ། དེའི་སྟབས་ཀྱིས་ལུས་ཀྱི་བྱ་སྤྱོད་དང་ངག་གི་སྨྲ་བརྗོད་དག་གི་འབྱུང་ཁུངས་ནི་ཀུན་སློང་གི་རྩ་བ་ལེགས་མིན་ལ་རག་ལས་པར་བརྗོད་པའང་དེ་ལྟར་ཡིན་པས། མ་དག་པའི་ཀུན་སློང་དང་བྱས་མི་རུང་བ་དང་བྱས་ཚོད་མི་ཤེས་པ། བྱས་མི་རིག་པ་དག་བྱས་པའང་ཡིད་ཀྱི་སྒོ་ཀུན་སློང་གི་མ་རིག་པའི་བྱས་ཉེས་ཡིན་པས། «བསླབ་བྱ་ནོར་བུའི་ཕྲེང་བ»ལས་འདི་ལྟར་བསྟན་ཡོད་དེ། “ཀུན་ལས་ཁྱད་འཕགས་ཚད་མར་འཁུར་ན་ཡང་། །ང་རྒྱལ་ཆེ་ན་རང་གཞན་ཕུང་བྱེད་ཡིན། །”ཞེས་དང་། གཞན“རང་ཉིད་དགེ་བའི་བཤེས་གཉེན་ཡིན་ན་ཡང་། །ཁྱད་གསོད་མང་ན་དགྲ་བོའི་གཡབ་མོ་ཡིན། །”ཞེས་པ་སོགས་སྒོ་གསུམ་གྱི་སྤྱོད་ལམ་གལ་ཆེན་ཡིན་པར་བཤད་པ་དང་། སྒོ་གསུམ་གྱི་སྤྱོད་ལམ་ནི་མི་ཞིག་བྱེད་པའི་རྩ་བའི་ཚད་གཞི་དང་། མི་འདང་ངེས་ཤིག་བྱེད་པའི་རྩ་བའི་གྲུབ་ཆ་ལྟ་བུ་ཡིན་པས། ཀུན་སྤྱོད་ཡག་པོ་ལྡན་པའི་མི་དེ་ནི་ཆེས་ཡིད་དུ་འོང་བའི་མི་ཡིན་པར་ཀུན་གྱིས་ཁས་ལེན་ཐོབ་སྲིད་ལ། ལྷག་དོན་ཤེས་ཡོན་དང་ནུས་པ་ཇི་ཙམ་འཛོམས་ནའང་ཀུན་སྤྱོད་ལེགས་པོ་མེད་པའི་མི་དེ་ནི་རང་གཞན་ཕུང་བར་འགྲོ་བའི་རྒྱུ་རུ་འགྱུར་ཅིང་། ཡུལ་དུས་དང་བྱ་བའི་གནས་སྐབས་ཐམས་ཅད་དུ་རང་ཚུགས་མ་ཉམས་པར་གཞན་དང་བསྟུན་པ་མི་ཆོས་ཀྱི་རྩ་བར་བཟུང་ནས་གཞན་ལ་ཁྱད་གསོད་མི་གཏོང་བ། «བསླབ་བྱ་ནོར་བུའི་ཕྲེང་བ»ལས“ཧ་ཅང་དགའ་བའི་དུས་དང་ཁྲོས་པའི་དུས། །སེམས་ལ་གང་ཡོད་ཁ་ལ་འཆོར་ཉེན་ཡོད། །དེ་ཕྱིར་དྲན་ཤེས་སྔོན་དུ་བསྟེན་བྱས་ནས། །ཁ་འདོན་གྲེ་བར་བསྐྱིལ་དང་བཙུན་པ་ཡིན། །”ཞེས་པ་དང་། “སྐྱོན་མཚང་ངན་པ་ཁ་ནས་གསང་ན་ཡང་། །ཨོང་ལོ་རྗེས་ནས་བུད་ན་ངོ་རེ་ཚ། །དེ་ཕྱིར་ལུས་ངག་བྱ་སྤྱོད་ཀུན་གྱི་སྟེང་། །མཚང་ངན་ཕྱི་ལ་མི་འཆོར་མཁས་པ་ཡིན། །”སོགས་དེང་སྐབས་མིའི་འགྲོགས་འདྲིས་ཁྲོད་ཀྱི་མངོན་སུམ་བྱ་སྤྱོད་མང་པོ་ཐེར་འདོན་བྱས་ནས་སྨྲ་བ་ཉུང་ཞིང་ཕོག་ཐུག་མི་གཏོང་བའི་དགོས་པ། སྐྱོན་མཚང་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའི་སྒོ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལེགས་པོར་སྲུང་དགོས་པ་སོགས་གནད་འདུས་དོན་གསལ་དུ་བཀོད་འདུག “ཞག་གསུམ་ལོན་ན་ཨ་བ་བསད་ཀྱང་བརྗེད། །ནོར་རྫས་བསྟན་ན་ཨ་མའི་སྐེ་ཡང་ལེན། །གལ་ལ་ཐུག་ན་བླ་མའི་དབུ་ཡང་སྐོར། །འདོད་པ་ཡོད་ན་རང་གི་བུ་ཡང་བཙོང་། །དུས་ངན་མི་ངན་སྤྲིན་བར་ཉི་མ་འདྲ། །”འཚོ་བའི་སྣང་བརྙན་མངོན་སུམ་དུ་བྲིས་པའི་བསླབ་བྱ་འདིར་མི་དང་མིའི་བར་གྱི་འབྲེལ་བ་ནི་ཧ་ཅང་ཡིད་རྟོན་མེད་པའི་གནས་སུ་ཆགས་ཤིང་། ཁེ་ཕན་གྱི་ཆེད་དུ་ལས་ངན་པ་ཅི་ཡང་བསྒྲུབ་ཐུབ་པའི་གནས་བབ་ལ་སུན་འབྱིན་བྱས་ཤིང་། སྒོ་གསུམ་བག་དང་ལྡན་པའི་སྤྱོད་པ་བསྐྱང་རྒྱུར་རེ་སྐུལ་བྱས་ཡོད། “མཐོ་ལ་ཕྲག་དོག་མ་བྱེད་སྤྱི་བོས་བཀུར། །དམན་ལ་ཁྱད་གསོད་མ་བྱེད་བྱམས་པས་སྐྱོངས། །མཉམ་ལ་གྲལ་རྩོད་མ་བྱེད་མཉམ་པར་འགྲོགས། །འཕྲལ་དུ་མིག་གིས་མཐོང་རྒྱུ་མ་བྱུང་རུང་། །དཀར་པོ་དགེ་བའི་ལས་ཀྱི་མཐའ་འདི་བཟང་། །”ཞེས་པ་སོགས་མི་ཆོས་ཀུན་སྤྱོད་ཀྱི་སྤྱོད་པ་ལེགས་པར་སྲུང་དགོས་པ་དང་། མི་ཆོས་སྤྱོད་པ་ལེགས་པར་བསྐྱངས་པའི་ཕུགས་ཀྱི་ཡོན་ཏན་བརྗོད་པ་བརྒྱུད་ནས་མི་ཞིག་ཡིན་ཕྱིར་སྒོ་གསུམ་གྱི་སྤྱོད་པ་ཚུལ་ལྡན་ཞིག་བྱེད་དགོས་པའི་བསླབ་བྱ་བཏང་འདུག ཚིག་ཧ་ཅང་གོ་སླ་བའི་བསླབ་བྱ་འདིའི་ནང་དུ་མདོར་ན་སྔོན་གྱི་བསྟན་བཅོས་མདོ་རྒྱན་དང་། ས་རྒྱན་སྦྱོར་ཚུལ་ལ་དཔེ་བླངས། རྒྱ་གར་མཁས་པའི་གཞུང་དང་། གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་གི་རྗེས་སུ་འབྲངས་ཏེ། སྤང་བྱ་དང་བླང་བྱ། སྤྱིར་བཏང་དང་དམིགས་བསལ། སྤྱི་དང་བྱེ་བྲག དཔེ་དང་དོན་སོགས་ཁ་བསྐངས་ཏེ་བྲིས་ཡོད་དོ། །

ཟུར་ལྟའི་ཡིག་ཆ།
༡ ལྷག་པ་ཆོས་འཕེལ། «བོད་ཀྱི་རྩོམ་རིག་ལོ་རྒྱུས» [M] མི་རིགས་དཔེ་སྐྲུན་ཁང་། 2017659.
༢ རྒྱལ་བ་བྱམས་པ་མགོན་པོ། « བྱམས་ཆོས་སྡེ་ལྔ» [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2008 246.
༣ རྒྱ་ཡེ་བཀྲ་བྷོས་བསྒྲིགས། «ལེགས་བཤད་ཟླ་བའི་སྣང་བ» [M] མི་རིགས་དཔེ་སྐྲུན་ཁང་། 2006 504.
༤ རིན་ཆེན་རྡོ་རྗེས་བསྒྲིགས། «བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017264.
འབྲེལ་ཡོད་འོས་སྦྱོར།