སློབ་མ་སྐྱོང་བར་སློབ་མ་ལ་དགའ་ཤེས་དགོས།
རྩོམ་པ་པོ།:གདུགས་དཀར་རྒྱལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-09-11
ཀློག་གྲངས།:
ལས་གང་ལ་དགའ་བར་གྱུར་ན་དེའི་ཕྱེད་ཀ་གྲུབ་པ་ཡིན་ཟེར་བ་བཞིན་དོན་དག་ཅིག་ལེགས་འགྲུབ་འབྱུང་མིན་གྱི་རྩ་བ་ནི་སྤྲོ་བ་ཡོད་མེད་ལ་རག་ལས། དེ་ལ་སློབ་གསོའི་ཆེད་མཁས་པ་ལི་ཀྲིན་ཞི་ཡིས“དགའ་བ་མེད་ན་སློབ་གསོ་མེད”ཅེས་གསུངས་ལ། འདིས་སྤྲོ་བ་ནི་སློབ་གསོ་བསྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཏུ་བསྟན་ཡོད་པ་ལས་དགའ་བ་ཙམ་གྱིས་སློབ་གསོ་ཡག་པོ་འཁྱོངས་པའི་སྡོམ་ཚིག་བཞག་མེད། གསལ་བོར་བཤད་ན། དགའ་བ་ནི་སློབ་གསོའི་མཁོ་ངེས་ཀྱི་ཆ་རྐྱེན་ཡིན་ཡང་འདང་ངེས་ཀྱི་ཆ་རྐྱེན་མ་ཡིན་ནོ། །འོ་མ་མེད་ན་མར་ལོ་ཡོང་ཐབས་མེད་ཅེས་བཤད་ཆོག་ཀྱང་། འོ་མ་ཡོད་པ་ཙམ་གྱིས་མར་ལོ་འབྱུང་ཐབས་མེད་པའི་དཔེ་བཞིན་ཡིན། སློབ་གསོ་ཡང་དེ་བཞིན་ཡིན་ཏེ། དགའ་བ་ལས་གཞན་ཐབས་ཤེས་དང་བསམ་གཞིགས། ཤེས་རབ། ཡོན་ཏན་སོགས་འཛོམས་དགོས།
དགེ་རྒན་ཞིག་ཡིན་ན་སློབ་མར་དགའ་བ་དང་ལྡན་དགོས་པ་མ་ཟད། ཇི་ལྟར་དགའ་བའི་ཚུལ་ཀྱང་གལ་ཆེ། སློབ་མ་བསྐྱང་བར་དགའ་བ་བསྐྱེད་རྒྱུ་ནི་སྐད་ཅིག་མའི་འཆར་སྣང་ཙམ་མ་ཡིན་པར་ཐོག་མར་དགའ་བ་དང་། བར་དུ་དུངས་པ། ཐ་མར་སྤྲོ་བ་གསུམ་འཛོམས་རྒྱུ་ནི་གནད་ཆེ། གལ་སྲིད་དེ་ལས་ལྡོག་སྟེ་ཐོག་མར་དགའ་བ་དང་། བར་དུ་སུན་པ། ཐ་མར་སྡང་བར་གྱུར་ན་སློབ་མ་ལེགས་པོར་བསྐྱང་མི་ནུས་ལ། དགེ་རྒན་གྱི་ལས་རིགས་ལ་དུངས་པའང་ཇེ་ཆུང་དུ་འགྱུར།
དུས་དང་རྣམ་པ་ཀུན་ཏུ་སློབ་མ་ལ་དགའ་བ་དང་ལྡན་ན་རང་ཉིད་ཀྱི་སེམས་ཤུགས་དང་དུས་ཚོད་མང་པོ་ཞིག་སློབ་མའི་ཆེད་དུ་འབུལ་དགོས། སློབ་མ་སྐྱོང་བར་ཡོན་ཏན་འཛོམས་དགོས་པ་བདེན་ཡང་སློབ་མ་དང་སློབ་ཁྲིད་ལ་དགའ་བ་ཡོད་རྒྱུ་ནི་གཞི་རྩ་ཡིན། སློབ་མ་ལ་དགའ་བ་དང་བྲལ་ཞིང་། སློབ་ཁྲིད་ལ་སུན་སྣང་སྐྱེས་པ་ན་རང་རྒྱུད་ཀྱི་ཡོན་ཏན་གྱིས་གཞན་ལ་ཕན་པའི་གནས་མེད་དོ། །
དགེ་རྒན་སློབ་མ་ལ་དགའ་བ་ཚུལ་ནི་ཕ་མ་བུ་ཕྲུག་ལ་དགའ་བ་དང་ཁྱད་པར་ཡོད་དེ། དགེ་རྒན་གྱིས་ཕ་མ་ལྟར་སློབ་མ་རྣམས་ལ་གསེར་དངུལ་གྱི་རྒྱན་ཆ་ཉོ་མི་དགོས་ལ། མངར་ཆེན་གྱི་ཁ་ཟས་བསྒྲིགས་མི་དགོས། དུས་རྟག་ཏུ་སློབ་མ་སོ་སོའི་ཤེས་བྱའི་ཆུ་ཚད་དང་མི་གཤིས་ཀུན་སྤྱོད་ལ་རྒྱུས་ཟབ་མོ་བླངས་ཏེ་ཁོ་ཚོའི་མི་ཚེའི་འདུན་མ་མི་ནོར་བའི་སླད་དུ་རང་ཉིད་ཀྱི་སེམས་ཤུགས་མཐའ་དག་སློབ་མར་འབུལ་ཐུབ་དགོས། དེར་མ་ཟད། སློབ་མའི་སེམས་ཁམས་ལ་རྟོག་ཞིབ་བགྱིས་ཏེ་གང་ལ་གང་འོས་དང་དེ་ལ་དེ་བསྟུན་བྱེད་ཐུབ་ན་དེ་ནི་སློབ་མ་ལ་དགའ་བའི་རྟགས་འཁྲུལ་མེད་ཡིན། དུས་རབས་ཀྱི་དགོས་མཁོ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་བློ་ཁ་ཕྱོགས་པའི་སློབ་མ་ཞིག་བསྐྱང་རྒྱུ་ནི་དགེ་རྒན་གྱི་འགན་འཁྲི་ཡིན་པ་ཡིད་ལ་དམ་པོར་འཛིན་པ་དང་། སློབ་མའི་རྒྱུད་ཚོད་དང་བསྟུན་ནས་སློབ་ཁྲིད་བྱེད་པ། སློབ་མ་དཀའ་ཁག་ལ་འཕྲད་དུས་གང་ལའང་མི་ཞུམ་པའི་སྙིང་སྟོབས་ཤིག་སྩོལ་དགོས། སློབ་མ་ལ་དགའ་བ་རྣལ་དག་ཅིག་བྱུང་བ་ནི་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། དེ་ནི་གདོང་གིས་འཛུམ་ཙམ་སྟོན་པ་མིན་ལ་ཁ་ཡག་ཚིག་གིས་བསྟོད་པ་ཙམ་ཀྱང་མིན་པར་དགེ་སློབ་ཟུང་གི་ཡིད་སེམས་གཅིག་ཏུ་འདྲེས་རྒྱུ་དེ་ཡིན།
སློབ་མའི་མི་གཞི་ལ་བརྩི་འཇོག་དང་ཁོ་ཚོར་དབང་བའི་དུས་ཚོད་ཁོ་ཚོ་ལ་སྤྲོད་པའང་སློབ་མ་ལ་དགའ་བ་དང་ལྡན་པའི་མངོན་ཚུལ་གཞན་ཞིག་ཡིན། སྐྱོན་ཇི་སྙེད་ལ་འཇུག་པ་དང་སྦྱང་འབྲས་ཞན་ཙམ་ཡིན་པའི་སློབ་མ་རྣམས་ཀྱང་སྐྱོན་གྱི་ཆ་སྤངས་ཏེ་ལེགས་པའི་ལམ་ལ་བགྲོད་པར་བསྐུལ་ན་ཤིན་ཏུ་འཚམས། དེ་ལས་ལྡོག་སྟེ་སྐྱོན་ལ་བསམས་ནས་དམའ་འབེབས་དང་འཕྱ་སྨོད། ཟུར་ཟ་སོགས་བྱས་ན་དགེ་སློབ་ཀྱི་མཛའ་བརྩེ་ལ་གནོད་པར་འགྱུར། སློབ་མར་དབང་བའི་རང་སྦྱོང་གི་དུས་ཚོད་སློབ་མར་སྤྲད་དེ་བཅིངས་པ་གསུམ་ལས་གྲོལ་བར་བྱ་དགོས་ཏེ། ཀླད་པ་བཅིངས་པ་ལས་གྲོལ་ནས་བསམ་གཞིགས་གཏོང་ཤེས་པ་དང་། ལག་པ་བཅིངས་པ་ལས་གྲོལ་ནས་རྩོམ་ཡིག་འབྲི་ཤེས་པ། ངག་སྒོ་བཅིངས་པ་ལས་གྲོལ་ནས་སྐད་ཆ་བཤད་ཤེས་པ་ཞིག་དགོས་སོ། །འདི་ལྟར་སློབ་མའི་སེམས་ཁམས་ལ་གནོད་པ་མི་བྱེད་པ་དང་དུས་ཚོད་འཕྲོག་རྩོད་མ་བརྒྱབ་ན། སློབ་མ་དགེ་རྒན་ལ་དགའ་བ་དང་དགེ་རྒན་སློབ་མ་ལ་དགའ་བའི་རྣམ་པ་འབྱུང་ཐུབ།
ཤེས་ནུས་རྩལ་གསུམ་འཛོམས་པའི་སློབ་མ་ཞིག་སྐྱེད་བསྲིང་བྱེད་པ་ལ་དགའ་བ་ཁོ་ནས་ཅི་ཡང་མི་ནུས་ཏེ། ཀུན་ལ་འཚམས་པའི་ཐབས་དང་། བདེན་པར་ཕྱོགས་པའི་ལམ། བཅོས་མ་མིན་པའི་བསམ་པ་བཅས་ངེས་པར་དགོས་སོ། །

འབྲེལ་ཡོད་འོས་སྦྱོར།