logo

ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་རྒྱུན་ཤེས་ལྔ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-15 ཀློག་གྲངས།:
གཅིག བྱིས་པར་བརྩི་འཇོག་བྱེད་པ།
       བྱིས་པར་བརྩི་འཇོག་བྱེད་ཅེས་པའི་དོན་ནི་བྱིས་པར་རང་སྣང་གང་ཤར་བྱ་རུ་འཇུག་པ་ལ་མི་ཟེར་བར། བྱིས་པ་ལ་ཡང་ཁོ་རང་ལ་འཚམ་པའི་ངོ་སོ་དང་ལ་རྒྱ་ཡོད་པ་ཤེས་དགོས་པས་མི་ཚད། དེ་ལ་ཕ་མས་བརྩི་འཇོག་བྱེད་པ་ལ་ཟེར། དཔེར་ན། ས་ཆ་མང་པོར་སྣང་ཚུལ་འདི་ལྟ་བུ་ཡོད་དེ། ཕ་མས་གཉེན་ཉེ་འབྲེལ་དང་ཁྱིམ་མཚེས་སོགས་ཀྱི་མདུན་དུ་གཞན་གྱི་བྱིས་པ་དང་བསྡུར་ཏེ། བྱིས་པར་བསམ་གཟས་ནས་གཞན་གྱི་བྱིས་པས་གང་འདྲ་འཇོན་འདུག གང་འདྲ་ཤེས་འདུག་པ་དང་། ཡང་ན། ངའི་བྱིས་པ་འདིས་གང་ཡང་ཤེས་ཀྱིན་མི་འདུག་ལྟ་བུ། བྱིས་པ་ངོ་གནོང་འགྲོ་བའི་སྐད་ཆ་དང་རྣམ་འགྱུར་སོགས་སྟོན་པ་ནི་བྱིས་པའི་སེམས་ཁམས་ལ་རྨ་ཁ་བཟོ་བྱེད་དང་། བྱིས་པ་ཞིག་གི་རང་རྟོན་དང་བརྩོན་སེམས་ཀྱི་མེ་ལྕེ་ཡོངས་སུ་འཇོམས་པའི་རླུང་འཚུབ་ལྟ་བུར་གྱུར་ཡོད། དེ་བས་བྱིས་པར་ཡང་ཁོ་རང་གི་ངོ་སོ་ཡོད་པ་ཤེས་དགོས་ལ་དེར་ཕ་མས་བརྩི་འཇོག་བྱ་འོས། གཞན་ཡང་ནམ་རྒྱུན་བྱིས་པའི་དགའ་ཕྱོགས་དང་གོམས་གཤིས། ལྷན་སྐྱེས་ཤེས་རབ་དང་འཇོན་ནུས་སོགས་ལ་གཟབ་ནན་གྱིས་མཉམ་འཇོག་བྱས་ཏེ། དེ་དག་ལ་གང་ལ་གང་འཚམ་གྱིས་བརྩི་འཇོག་དང་སྔོག་འདོན། རྒྱབ་སྐྱོར། འཕེལ་རྒྱས་གཏོང་བ་བཅས་བྱེད་འོས།
གཉིས། གནད་དོན་གྱི་རྩ་བ་འཚོལ་བ།
       ཕ་མ་མང་པོ་ཞིག་གིས་རང་གི་བྱིས་པས་ཤེས་བྱ་གང་ཞིག་མ་ཤེས་ཚེ། དེའི་རྩ་བའི་གནད་དོན་ལ་བསམ་བློ་མི་གཏོང་བར། ཐད་ཀར་འདྲི་གཞི་དེའི་ངོས་ནས་སྡིགས་པ་དང་གཅར་བ་སོགས་བྱེད་བཞིན་ཡོད། དེས་བྱིས་པ་གང་དེའི་དཀའ་ཁག་སེལ་ཐུབ་ཀྱིན་མེད་ལ། སློབ་སྦྱོང་ལ་ཡར་རྒྱས་དང་སྐུལ་འདེད་ཡོང་བར་དེ་བས་ཕན་ཐོགས་ཀྱིན་མེད། སྤྱིར་ན། བྱིས་པ་ལོ་ན་ཆུང་བ་དག་སེམས་རྩེ་གཅིག་ཏུ་གཏོད་པའི་གོམས་གཤིས་དང་གཟབ་ནན་གྱི་འདུ་ཤེས་ཆགས་ཐུབ་མེད། དེ་བས་ཁོ་ཚོས་ལྷག་ཏུ་ནོར་འཁྲུལ་དང་ལྷོད་གཡེང་བྱེད་བཞིན་ཡོད། དེ་ནི་ཕྱོགས་གཅིག་ནས་བྱིས་པའི་ན་ཚོད་དང་འབྲེལ་བ་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བྱིས་པ་སོ་སོར་དེའི་ཐད་ཀྱི་གནད་དོན་དང་རྒྱུ་རྐྱེན་མི་འདྲ་བ་ཡོད་པ་དེ་ཡང་ཕ་མས་ཤེས་དགོས། དེ་བས་ཕ་མས་བྱིས་པ་གང་དེར་འཕྲད་བཞིན་པའི་གནད་དོན་གྱི་རྩ་བ་དང་ཕུགས་འཚོལ་བ་དང་དེའི་ཐད་ནས་ལེགས་བཅོས་ཐུབ་མིན་ལ་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་ལ། དེའི་ཐད་ནས་བྱིས་པའི་སློབ་གསོར་རྒྱུས་མངའ་ལྡན་པའི་དགེ་རྒན་ལ་བཀའ་འདྲི་ཞུ་འོས།
གསུམ། ཡ་རབས་བཟང་སྤྱོད་སློབ་པ།
       ང་ཚོས་ཤེས་གསལ་ལྟར་ཕ་མས་བྱིས་པར་སློབ་གསོ་གཏོང་སྐབས་བྱིས་པ་མང་པོ་ཞིག་གིས་ཚུར་ལ“ཁྱོད་ཀྱིས་འདི་འདྲ་བྱེད་ཀྱིན་འདུག ངས་མི་ཆོག་པ་ཅི་རེད”ལྟ་བུ། ཡང་ན། “དགེ་རྒན་སུ་དང་སུ། གཅེན་པོ་དང་གཅེན་མོ། བྱིས་པ་གང་ཞིག་གིས་འདི་འདྲ་བྱེད་ཀྱིན་འདུག”ཅེས་ལྡོག་འདྲི་བྱེད་པ་རེད། དེ་བས་ང་ཚོས་ནམ་ཡང་ཤེས་དགོས་པ་ནི་བྱིས་པར་སློབ་གསོ་གཏོང་སྟངས་ཡག་ཤོས་ནི་ཕ་མ་རང་ཉིད་ཀྱིས་དཔེ་སྟོན་ཐུབ་དགོས་པ་དེ་རེད། གལ་སྲིད་ཕ་མ་ཞིག་གིས་ཞོགས་པར་བྱིས་པ་བུ་བཅོལ་ཁང་དུ་སྐྱེལ་སྐབས་ལམ་བར་ནས་གད་སྙིགས་སྙིགས་ཟོམ་དུ་འཕངས་པ་ཡིན་ན། བྱིས་པས་ཀྱང་དེ་འདྲ་བྱེད་པ་རེད། གལ་སྲིད་དེའི་ཞོར་དུ་ཕ་མས་རང་གི་བྱིས་པར། ཁྱོད་ཀྱིས་བལྟས་ན་ཞོགས་པ་སྔ་མོར་ལྷགས་རླུང་ཁྲོད་དུ་སྲང་ལམ་དུ་གད་སྙིགས་སྡུད་མཁན་ཨ་ཅག་འདི་དག་ལ་དཀའ་ངལ་གང་འདྲ་ཡོད་པ་རེད། ཁོ་ཚོ་ལའང་རང་རང་གི་བྱིས་པ་ཡོད་པ་རེད། གལ་ཏེ་ཁྱོད་རང་ཨ་ཅག་འདི་དག་གི་བྱིས་པ་ཡིན་ན། ཁྱོད་ཀྱིས་གད་སྙིགས་གང་བྱུང་དུ་འཕེན་སྲིད་དམ་ཞེས་དྲི་བ་བཏོན་ན་དེ་བས་ལེགས། གཞན་ཡང་ཕ་མས་གང་ཐུབ་ཀྱིས་བྱིས་པ་ཡོད་སར་བཟང་སྤྱོད་སྣ་ཚོགས་སྟོན་པ་ལས་མི་དགེ་བའི་བྱ་སྤྱོད་ལ་འཛེམ་དགོས་པ་རེད། ཕ་མའི་བྱ་སྤྱོད་སྣ་གཅིག་གིས་བྱིས་པ་ཞིག་གི་མི་ཚེ་གང་བོར་ཤུགས་རྐྱེན་ཐེབས་སྲིད་པ་རེད། དེ་བས་ཕ་མས་ནམ་རྒྱུན་བྱིས་པར་རྒན་བཀུར་གཞོན་གཅེས། ཆེ་འོག་ཆུང་འདུག གཞན་ལ་བསམ་ཤེས་དང་རོགས་རམ་བྱེད་པ་སོགས་ཁྲིད་དགོས་པ་མ་ཚད། རང་ལུས་ཇི་ལྟར་སྲུང་དགོས་པ། ལམ་ཁར་གང་འདྲ་གཟབ་དགོས་པ། རྐུན་ཇག་ལ་གང་འདྲ་གཡོལ་དགོས་པ། འགན་འཁྲིའི་བྱ་བ་ཇི་ལྟར་སྒྲུབ་དགོས་པ། ཁ་དན་ཚིག་ལ་གནས་དགོས་པ་སོགས་ཁྲིད་རྒྱུ་མང་བ་རེད། འོན་ཀྱང་། དེ་དག་ག་ལེར་ཐབས་མཁས་པོའི་སྒོ་ནས་སློབ་པ་ལས་གླེན་རྟགས་དང་ཨུ་ཚུགས་བྱ་རྒྱུ་མེད་དོ། །
བཞི། ནམ་ཡང་བྱིས་པ་ཞིག་ངོས་ནས་བསམ་བློ་གཏོང་བ།
       ཐབས་ཤེས་ཀྱིས་དབུལ་བའི་ཕ་མ་མང་པོས་ནམ་ཡང་རྒན་རབས་ཀྱི་ཚད་ཐིག་ངོས་ནས་བྱིས་པར་སློབ་གསོ་གཏོང་བ་རེད། འོན་ཀྱང་། དེས་བྱིས་པར་སློབ་གསོ་ཡག་པོ་ཐེབས་ཀྱིན་མེད། བྱིས་པ་ལ་སློབ་གསོ་གཏོང་བའི་ཐོག་མའི་ཆ་རྐྱེན་ནི་བྱིས་པ་དང་ནར་སོན་པའི་མི་ཡི་སེམས་ཁམས་དང་ཐེག་ཚད་མི་འདྲ་བ་ཤེས་དགོས་པ་དང་། གང་ཐུབ་ཀྱིས་བྱིས་པའི་བློ་ཚད་ངོས་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ། བྱིས་པར་ཐབས་ལམ་སློབ་པ། བགྲོ་གླེང་བྱེད་པ། བསམ་ཚུལ་ལ་ཉན་པ། བྱིས་པའི་སྐད་ཆ་དང་བསམ་བློ་སྤྱད་དེ་བྱིས་པར་འཚམ་པའི་སློབ་གསོ་གཏོང་དགོས་པ་རེད། དེ་མིན་བྱིས་པར་རྟག་ཏུ་འཇིག་རྟེན་ཁམས་ཀྱི་གནས་ལུགས་ཆེན་པོ་དང་ཤེས་བྱ་མང་པོ་ཞིག་བཙན་ཤེད་ཀྱིས་བཤད་པ་ནི་བྱིས་པ་དང་ཕ་མ་གཉིས་ཀ་ངལ་བའི་རྒྱུ་ཙམ་དུ་ཟད་ཅིང་། སྟབས་མ་ལེགས་ན་བྱིས་པ་ཤེས་བྱ་དེ་རིགས་ལ་སུན་སྣང་སྐྱེ་བྱེད་འབའ་ཞིག་ཏུ་འགྱུར། དེ་བས་ཐབས་མཁས་ཀྱིས་བྱིས་པ་ཤེས་བྱ་དང་སྐད་ཡིག་དེ་ལ་སྤྲོ་སྣང་འདྲེན་པ་དང་། བྱིས་པ་ཁོ་རང་ལ་གདམ་ཁ་དང་བསམ་གཞིག་གི་བར་སྟོང་འཇོག་པ། གཞན་ལ་མི་གནོད་པའི་ཆ་རྐྱེན་འོག་ཧ་ཅང་ཐལ་བའི་བྱ་སྤྱོད་ཕུད་གང་ཐུབ་ཀྱིས་བྱིས་པའི་ལུས་ངག་ཡིད་གསུམ་ལ་རང་དབང་སྟེར་རྒྱུ་སོགས་གལ་ཆེ་བ་རེད། གལ་སྲིད་བྱིས་པ་ཞིག་གི་བྱ་སྤྱོད་ལ་བཀག་རྒྱ་རྐྱང་རྐྱང་ཐེབས་པ་ཡིན་ན། བྱིས་པ་གང་དེའི་ཤེས་རབ་དང་རྣམ་དཔྱོད། རང་རྟོན། བསམ་གཞིག་གི་ནུས་པ། འཚོལ་སྙེག་གི་བསམ་བློ་སོགས་ཀྱི་རྩ་ལག་རྒྱས་པར་གནོད་པ་དང་ཐ་ན་དེ་དག་ཡོངས་སུ་གཞོམ་ཡང་སྲིད་དོ། །
ལྔ། ལུས་སེམས་བདེ་ཐང་ལ་ཉམས་འཇོག་པ།
       དེང་གི་ཆར་སྤྱི་ཚོགས་ཁྲོད་ཡོད་ཚད་ཀྱིས་བྱིས་པའི་རྒྱུགས་འབྲས་ལ་ཐུགས་སྣང་ཆེ་བཞེས་གནང་བ་ལས། བྱིས་པའི་ལུས་སེམས་ཀྱི་བདེ་ཐང་དང་ལྷག་ཏུ་སེམས་ཁམས་བདེ་ཐང་ལ་ལྷོད་གཡེང་འཆོར་བཞིན་ཡོད་པ་རེད། དྲ་ལམ་ཁག་ནས་བྱིས་པ་བུ་མོ་ལོ་དྲུག་ཅན་ཞིག་གིས་ལོ་བཞི་ལས་མ་སོན་པའི་བྱིས་པ་ཞིག་བཙན་གྱིས་ཆུ་དོང་དུ་འཕངས་པའི་གནས་ཚུལ་ཁྱབ་བཞིན་ཡོད་པར་དྲ་གྲོགས་མང་པོ་ཧང་སངས་ཡོད། གཞན་ཡང་ལོ་ཤས་གོང་དུ་བྱིས་པ་ལོ་བཅོ་ལྔ་ཅན་ཞིག་གིས་ཁོ་རང་གི་ཕ་མ་གཉིས་ཀ་རྟ་རེས་བརྒྱབ་སྟེ་བསད་པའི་གནས་ཚུལ་ཡ་ང་བ་དེ་འདྲ་བྱུང་བ་རེད། དེ་བས་ང་ཚོས་བྱིས་པའི་སློབ་སྦྱོང་ལ་སྣང་ཆེན་བྱེད་ཞོར་བྱིས་པའི་ལུས་སེམས་བདེ་ཐང་ལ་ཡང་མཉམ་འཇོག་དགོས་པར་མ་ཟད། ཐབས་མཁས་སྒོས་བྱིས་པའི་ཉིན་རེའི་སློབ་སྦྱོང་དུས་ཚོད་དང་ངལ་གསོའི་དུས་ཚོད་སྙོམ་སྒྲིག་བྱེད་དགོས། ལྷག་ཏུ་གཟའ་ཉི་མ་སོགས་སུ་རི་མགོར་འཛེགས་པ་དང་ཡང་ན་གླིང་ཁ་གཏོང་བ་སོགས་བྱིས་པར་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་མྱོང་རོལ་བྱ་རུ་འཇུག་དགོས། གཞན་ཡང་ཕ་མས་བྱིས་པའི་བསམ་ཚུལ་ལ་ཉན་པ་དང་གང་ཐུབ་ཀྱིས་བྱིས་པར་འཛུམ་མདངས་སྟོན་པ། སེམས་ཤུགས་སྤྲོད་པ། སྐབས་རེར་ཕ་མ་དང་མཉམ་དུ་ལས་ཀ་ཙག་ཙིག་ལས་རུ་བཅུག་སྟེ་ཕ་མའི་དཀའ་ཁག་ཀྱང་ཤེས་སུ་འཇུག་རྒྱུ་ནི་གལ་ཆེ། མ་གཞི་ནས་ཕ་མའི་འགན་འཁྲི་ནི་ཧ་ཅང་ལྕི་བ་ཡིན་ལ། ཕ་མས་བརྩེ་བ་དང་དཀའ་སྤྱད་ཆེན་པོས་བུ་ཕྲུག་གི་ཆེད་དུ་སློབ་སྦྱོང་བྱེད་པ། དཔེ་ཆ་ཀློག་པ། བྱ་བར་ཧུར་བརྩོན་བྱེད་པ། ཁྱིམ་གྱི་འགན་འཁྲི་སྲ་ཐག་ཐག་འཕྲག་ཏུ་ཁུར་བ་སོགས་ནི་གལ་ཆེན་པོ་ཡིན་འདུག་ལ། དེ་དག་ནི་ངེས་པ་དོན་གྱིས་བྱིས་པར་ཤུགས་རྐྱེན་ཐེབས་ཐུབ་པའི་སློབ་གསོ་ཡང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།