logo

«སྒྲུང་འགྲེལ་སློབ་ཁྲིད་ཀྱི་སྐོར»གླེང་བ། འབྲོང་བུ་རྡོ་རྗེ་རིན་ཆེན།

རྩོམ་པ་པོ།:འབྲོང་བུ་རྡོ་རྗེ་རིན་ཆེན། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-09-27 ཀློག་གྲངས།:
གཅན་རོང་བསྟན་འཛིན་གྱི«སྒྲུང་འགྲེལ་སློབ་ཁྲིད་ཀྱི་སྐོར»ཞེས་པ་རགས་ཙམ་གླེང་བ།
འབྲོང་བུ་རྡོ་རྗེ་རིན་ཆེན།

       གཅན་རོང་བསྟན་འཛིན་ལགས་ཀྱི་གསུང་རྩོམ་པོད་གསུམ་པ་ནི“སྒྲུང་འགྲེལ་སློབ་ཁྲིད་ཀྱི་སྐོར”ཡིན་ཞིང་། དེའི་ནང་དུ་རིག་བྱེད་གཏམ་རྒྱུད་ཀྱི་སྐོར་དང། སློབ་གསོའི་གཏམ་རྒྱུད་ཀྱི་སྐོར། ལེགས་གྲུབ་གཏམ་རྒྱུད་ཀྱི་སྐོར་བཅས་བརྗོད་གཞི་རིམ་པ་གསུམ་དུ་ཕྱེ་ཡོད་ཅིང་། གཏམ་རྒྱུད་དེ་དག་ནི་དགེ་རྒན་གྱིས་སློབ་ཁྲིད་གོ་རིམ་ཁྲོད་ཀྱི་དཀའ་གནད་དང་གཙོ་གནད། ཡང་ན་གློ་བུར་དུ་བྱུང་བའི་དོན་རྐྱེན་ནམ། དོན་སྙིང་ལྡན་པའི་དཔེ་མཚོན་གྱི་སློབ་ཁྲིད་ཁྲོད་དུ་བྱུང་བའི་དོན་དག་རྣམས་ཐག་བཅད་པའི་གོ་རིམ་དང་བྱེད་ཐབས། བྱེ་བྲག་གི་སློབ་ཁྲིད་ཀྱི་བྱ་སྤྱོད་དག་སྒྱུ་རྩལ་གྱི་སྒོ་ནས་སྤྲོས་བརྗོད་བྱས་པ་དང་། དུས་མཚུངས་སུ་དེ་ལ་དབྱེ་འགྲེལ་དང་ཕྱིར་རྟོག སྤྱི་བསྡོམས་བྱས་པ་ཞིག་ཡིན་པས། སྒྲུང་འགྲེལ་སློབ་གསོའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་རེད།
       སྤྱིར་གསུང་རྩོམ་འདིའི་ནང་དུ་གསལ་པོར་བསྟན་པ་ལྟར། སྒྲུང་འགྲེལ་སློབ་ཁྲིད་ཅེས་པ་ནི་བོད་ལ་གཏན་ནས་དར་མ་མྱོང་བ་ཞིག་མིན་ཏེ། བོད་གནའ་རབས་དཔེ་གཞུང་གི་འཆད་ཉན་གྱི་སྐབས་སུ“ཚིག་འགྲེལ། དོན་འགྲེལ། དཀའ་འགྲེལ། སྒྲུང་འགྲེལ། འབྱེད་འགྲེལ”སོགས་ཀྱི་ཁྲིད་ཐབས་མི་འདྲ་བ་དུ་མ་ཡོད་པར་འདུག་ལ། རྗེ་ས་པཎ་ནས་བཟུང་སྒྲུང་འགྲེལ་དར་ཏེ་ད་བར་དུ་ལོ་ངོ་བརྒྱད་བརྒྱ་འགོར་ཡོད་མོད། འོན་ཀྱང་། ཐབས་འདི་ཨ་རིའི་སློབ་གསོའི་སྟེང་བཀོལ་ནས་ད་ལྟའི་བར་ལ་ལོ་ངོ་གོ་བཞི་ལས་འགོར་མེད་པའི་སྡོམ་ཚིག་འདི་ནི་གཅན་རོང་བསྟན་འཛིན་ལགས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་ཞིང་། ང་ཚོ་སློབ་གསོ་ལས་དོན་གཉེར་མཁན་རྣམས་ལ་གནང་བའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་ལ། དེར་མ་ཟད། ཁོང་གིས་ལོ་ངོ་བརྒྱད་བརྒྱ་ལྷག་འགོར་བའི་སྲོལ་རྒྱུན་གྱི་སློབ་གསོ་སྤེལ་ཐབས་འདི་ཐོག་དང་པོར་གཏེར་ནས་བཏོན་ཏེ་དེང་རབས་ཀྱི་སློབ་གསོའི་ལོ་རྒྱུས་ཀྱི་ས་སྟེང་དུ་བཀྲམ་པ་ཡིན་པས། ང་ཚོ་དགེ་རྒན་རྣམས་ཀྱིས་ལྷག་ཏུ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་རིན་ཡོད།
དང་པོ། གསུང་རྩོམ་འདིའི་སྒྲིག་གཞིའི་ཁྱད་ཆོས།
       གཅིག རྒྱབ་ལྗོངས།
       སྒྲུང་འགྲེལ་སློབ་གསོའི་རྒྱབ་ལྗོངས་ཟེར་བ་ནི། གཏམ་རྒྱུད་ཀྱི་དུས་ཚོད་དང་ས་གནས། མི་སྣ། དོན་རྐྱེན་གྱི་འབྱུང་གཞི་སོགས་ཀློག་པ་པོ་ལ་ངོ་སྤྲོད་གསལ་པོ་རྒྱག་པ་དེ་ཡིན། སྒྲུང་འགྲེལ་སློབ་ཁྲིད་འདིའི་ནང་དུ་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་ངོ་སྤྲོད་བྱེད་སྐབས། དེའི་གྲུབ་རྐྱེན་མཐའ་དག་ལག་ལ་གང་ཆུད་ལྟར་བྲིས་མེད་པར་གཙོ་བོ་གཏམ་རྒྱུད་ཀྱི་འབྱུང་རྐྱེན་དང་དོན་དག་བྲིས་པ་ནི་རྒྱབ་ལྗོངས་ངོ་སྤྲོད་ཀྱི་ཐབས་ཤེས་གཙོ་བོ་ཞིག་རེད།དཔེར་ན། «སླར་འདྲི་མི་ཕོད་པར་གྱུར་པ»ཞེས་པའི་གཏམ་རྒྱུད་ནང་དགེ་རྒན་ཞིག་གིས«དགེ་རྒན་གྱི་རྣམ་བཤད»ཅེས་པའི་སློབ་ཚན་དེ་འཁྲིད་སྐབས། དེའི་རྩོམ་པ་པོ་ནི་ཐང་སུང་གི་རྩོམ་པ་པོ་གྲགས་ཆེན་བརྒྱད་ནང་གི་གཅིག་རེད་ཅེས་ངོ་སྤྲོད་གནང་བར། སློབ་མས་དགེ་རྒན་ལ་ཐང་སུང་གི་རྩོམ་པ་པོ་གྲགས་ཆེན་བརྒྱད་པོ་གང་དག་ཡིན་ཞེས་སླར་དྲིས་པ་ན། དགེ་རྒན་གྱིས་གཉེར་མ་ཐོད་ལ་བསྡུས་ཏེ་ཁྱོད་ལ་བཤད་རྒྱུ་ཇི་འདྲ་མང་། དེ་ནི་ཁྱོད་ཀྱི་སྦྱང་བྱའི་ཁོངས་སུ་མི་གཏོགས། ཁྱོད་ཀྱིས་ཧན་ཡུས་ནི་རྩོམ་པ་པོ་གྲགས་ཆེན་བརྒྱད་ནང་གི་གཅིག་ཡིན་པ་ཁོ་ན་ཡིད་ལ་ཟུངས་དང་ཆོག་ཅེས་ལན་བཏབ་པའི་སྐད་ཆ་ཚིག་གཅིག་གིས་སློབ་མ་ཚང་མ་ཁ་གདངས་ཤིང་མིག་ཅེར་དུ་བཅུག ཕྱིས་སུ་སློབ་མར་དྲི་གཞི་ཇི་འདྲ་ཞིག་ཡོད་ཀྱང་གཏན་ནས་འདྲི་མི་ཕོད་པར་གྱུར་པ་རེད་ཅེས་བཀོད་དེ། སློབ་མས་དགེ་རྒན་ལ་དྲི་བ་བཏོན་པ་དང་དགེ་རྒན་གྱིས་དེ་ལ་ལན་བཏབ་པའི་གཏམ་རྒྱུད་ལས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་རིག་ལམ་མཐའ་དག་དགེ་རྒན་གྱིས་ཚིག་མདས་བཅོམ་སྟེ་སློབ་ཁང་སློབ་ཁྲིད་ཕམ་ཁའི་ལམ་དུ་བསྐྱལ་བའི་མཇུག་འབྲས་དེ་ཡིག་ཚོགས་ཉུང་ཞིང་དོན་གྱི་གསལ་ཁ་ཐོན་པ། སློབ་གསོའི་དོན་སྙིང་འབུར་དུ་ཐོན་པའི་སྒོ་ནས་བསྟན་པས་སྒྲུང་འགྲེལ་སློབ་ཁྲིད་ཀྱི་ནུས་པ་གསལ་བར་བསྟན་འདུག
       གཉིས། བརྗོད་སྙིང་།
       སྒྲུང་འགྲེལ་སློབ་ཁྲིད་ཀྱི་གཏམ་རྒྱུད་འདི་དག་ཚང་མས་བརྗོད་བྱ་སྣ་ཚོགས་ཤིག་བརྒྱུད་ནས་འདུ་ཤེས་གསར་པ་ཞིག་དང་བསམ་བློ་གསར་པ་ཞིག ལག་ལེན་དང་ཉམས་མྱོང་ཡག་པོ་ཞིག་ངོ་སྤྲོད་གནང་ཡོད་པར་མ་ཟད། རིག་བྱེད་གཏམ་རྒྱུད་ཀྱི་ལྷ་སྒྲུང་གི་ཤེས་བྱ་ལས། རང་བྱུང་ཁམས་དང་མིའི་རིགས་ཀྱི་འབྲེལ་བ་ངོ་སྤྲོད་བྱས་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སློབ་གསོའི་གཏམ་རྒྱུད་ལས་སྔོན་ཐོན་རྒྱལ་ཁབ་ཀྱི་སྔོན་ཐོན་སློབ་གསོའི་མ་ལག་ནང་འདྲེན་བྱས་པའི་དུས་མཚུངས་སུ། སློབ་ཁྲིད་ཀྱི་ནང་དོན་ཆ་ནས་གཙོ་གནད་དང་དཀའ་གནད་ལ་ངེས་འདྲོངས་དང་ཐག་གཅོད་ཡག་པོ་བྱས་ཡོད་ལ། དེ་བཞིན་དུ། སློབ་མའི་ཡིད་ཆེས་འདྲེན་པའི་ནུས་པ། བསམ་གཞིག་གཏོང་བའི་ནུས་པ། གསར་གཏོད་ཀྱི་ནུས་པ། ཡིན་མིན་དབྱེ་འབྱེད་ཀྱི་ནུས་པ་འདྲེན་པ་སོགས་ལ་དགེ་མཚན་མི་དམན་པ་བསྐྱེད་ཡོད་དེ། དཔེར་ན། «བརྩེ་དུང་གི་འོ་ཆུ»དང«ཆུ་བོ་གངྒཱ་མི་ཡུལ་དུ་དྲངས་པའི་གཏམ་རྒྱུད»ལྟ་བུ་རེད།
       གསུམ། བྱུང་རིམ།
       ཐོག་མར་དཔེ་ཞིག་བླངས་ནས་བཤད་ན། གསུང་རྩོམ་འདིའི་ནང་དུ«བྱིའུ་ཞིག་གི་སྐེ་གཅུས་པའི་གཏམ་རྒྱུད»ཟེར་བ་ཞིག་ཡོད། གཏམ་རྒྱུད་དེར་བལྟས་ན། རྩོམ་པ་པོས་གདོད་མའི་རྒྱུ་ཆ་ལ་གདམ་གསེས་བཏང་ཡོད་ལ། གདམ་གསེས་བྱས་པ་དེ་ཡང་བརྗོད་བྱའི་སྙིང་པོ་མཚོན་པའི་དགོས་མཁོ་ལ་གཞིགས་ཏེ་གནད་འགག་ཅན་གྱི་བྱུང་རིམ་གསལ་པོར་བྲིས་ཡོད་པ་དཔེར་ན། “བྱིའུ་ཞིག་དྲ་མའི་ནང་ནས་འཕུར་ཡོང་།” “སློབ་མས་འུར་སྒྲ་སྒྲོག” “ཁྲ་རིག་རིག་རིག་མིག་ཡོད་ཚད་བྱིའུ་ཡི་སྟེང་དུ་ཕྱོགས།” “དགེ་རྒན་གྱིས་ཕྱགས་མ་ཐོགས་ཏེ་བྱིའུ་དེར་བརྒྱབ་པ།” “བྱིའུ་སར་ལྷུང་བ” “དགེ་རྒན་གྱིས་བྱིའུ་བཟུང་ཞིང་སྐེ་བཙིར་ནས་ཤེད་ཀྱིས་གཅུས་པ།” “སློབ་གྲོགས་ཚོས་སྐད་ངན་འབྱིན་པ”སོགས་བྱུང་རིམ་ཆ་ཚང་བ་སྟོན་པའི་བྱ་ཚིག་བསྟུད་མར་སྤེལ་བ་སོགས་ཀྱིས་བརྗོད་བྱ་གཙོ་བོ་གསལ་སྟོན་བྱས་ཡོད་ལ། “སློབ་ཁྲིད་གྲོལ་རྗེས་ཡིག་ཐོག་ནས་ཚོད་རྒྱུགས་བླངས་པ་ལྟར་ན།སློབ་མའི་རྒྱུགས་འཕྲོད་ཚད36%ཙམ་ལས་མེད”ཅེས་བཀོད་པ་དེས་གནད་དོན་བཏོན་པ་དང་གནད་དོན་ཐག་གཅོད་ཀྱི་བྱེད་ཐབས་ཤུགས་སུ་གསལ་པོར་བསྟན་ཡོད་པ་རེད།
       བཞི། མཇུག་འབྲས།
       གསུང་རྩོམ་འདིའི་ནང་དུ་སྒྲུང་གི་གཏམ་རྒྱུད་ལ་བརྟེན་ནས་སློབ་ཁྲིད་ཀྱི་བསམ་གཞིག་གི་འཆར་ལམ་ཕུན་སུམ་ཚོགས་པ་དག་གསལ་བཤད་བྱས་ཡོད་པར་མ་ཟད། སློབ་ཁྲིད་ཀྱི་མཇུག་འབྲས་ཀྱང་གསལ་པོར་བསྟན་ཡོད་པ་རེད། དེ་ཡང་གསལ་པོར་བཤད་ན། སློབ་མའི་ཚུར་སྣང་གང་འདྲ་ཡིན་པ་དང་དགེ་རྒན་གྱི་ཚོར་སྣང་ཇི་ལྟ་བུ་ཡིན་པ།གནད་དོན་གང་དག་ཐག་བཅད་ཡོད་པ་དང་། གང་དག་ཐག་བཅད་མེད་པ་གསལ་པོར་མཐོང་ཐུབ་ལ། དེར་བརྟེན་ནས། ཐབས་ཤེས་དང་ཚོད་ལྟ། ཇུས་འགོད་སོགས་ལས“གནད་དོན”གཙོ་སྐུད་དུ་དྲངས་པ་དང་། འགལ་བ་དང་ཕོག་ཐུག་གི་ཐད་ལ་ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཡངས་པོར་ཞིག་ཕྱེ་འདུག་པ།དཔེར་ན། «གདེང་འཇོག་དང་རྣམ་འགྱུར»ལྟ་བུ་རེད། འདིའི་ནང་དུ་སློབ་སྦྱོང་ལ་ཞན་པའི་སློབ་མ“ང”ལ་དགེ་རྒན་གྱིས“ཕག་འདྲ་བ་ཞིག་རེད”ཅེས་སྡིགས་མོ་བྱས་པས། ཕྱིས་སུ་ཁྲོ་ཐོག་ནས་བརྩོན་པ་བསྐྱེད་པས་མཇུག་རྒྱུགས་ཀྱི་སྐབས་སུ་འཛིན་གྲྭ་ཡོངས་ཀྱི་ཨང་དང་པོའི་སྐར་འབྲས་བླངས་པར། མཇུག་མཐར་དགེ་རྒན་མ་དགའ་བར་ཁྱོད་ཀྱི་མཇུག་འབྲས་འདི་ནི་བརྐུ་བཤུས་ལས་བླངས་པ་རེད་ཅེས་ཟུར་ཟ་བྱས་པ་རེད། སྒྲུང་གཏམ་འདི་ལས་དགེ་སློབ་ཀྱི་འབྲེལ་བ་དང་སློབ་ཐུན་གྱི་སློབ་ཁྲིད་རྣམ་པ། སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་སློབ་སྦྱོང་གི་སྤྲོ་སེམས། ཐ་ན་སློབ་མས་སློབ་གྲྭར་བཟུང་བའི་རྣམ་འགྱུར་དང་མི་ཚེའི་རྣམ་འགྱུར་ཐམས་ཅད་དགེ་རྒན་གྱི་གདེང་འཇོག་བྱེད་སྟངས་ལ་འབྲེལ་བ་དམ་པོ་ཡོད་པ་གསལ་བཤད་བྱས་ཡོད་པ་རེད།
       གཉིས་པ། རྩོམ་སྟངས་ཀྱི་ཁྱད་ཆོས།
       “སྒྲུང་འགྲེལ་སློབ་ཁྲིད་ནི་དོན་དངོས་ཀྱི་གཏམ་རྒྱུད་ལ་བརྟེན་ནས་གཏམ་རྒྱུད་གཙོ་སྐུད་དང་སློབ་མ་གཙོ་གཞི། དགེ་རྒན་གྱིས་གཙོ་ཁྲིད་བྱེད་པའི་ཟུར་ཚད་ནས་སློབ་དང་ཁྲིད་ཀྱི་གོ་རིམ་ཧྲིལ་པོ་གསོན་ཤུགས་རྒྱས་པར་བྱེད་པའི་སློབ་ཁྲིད་ཀྱི་ཐབས་ལམ་ནུས་ལྡན་ཅན་ཞིག་ཡིན”པས། “གཏམ་རྒྱུད”ཇི་འདྲ་ཞིག་སྤེལ་རྒྱུ་ནི་རྩོམ་པ་པོའམ་དགེ་རྒན་གྱི་རྩོམ་རྩལ་དང་ཤེས་ཡོན་ལ་ཐད་ཀར་རག་ལས་ཡོད་པ་རེད།
       གཅིག སྒྲུང་གི་གཏམ་རྒྱུད་ལ་སྒྲུང་ཐུང་ཡིག་བརྒྱ་མའི་ཁྱད་ཆོས་ལྡན་པ།
       གསུང་རྩོམ་འདིའི་ནང་གི་གཏམ་རྒྱུད་ཁག་ཅིག་ལ་བལྟས་ན། མི་སྣ་ལ་རང་གཤིས་ཁྱད་པར་བ་རེ་འཛོམས་ལ། དོན་གྱི་བྱུང་རིམ་མི་འཁྲུགས་པ། བརྗོད་གཞི་ཅུང་ཟད་རྒྱ་ཆེ་བ། བརྩེ་དུངས་ཀྱི་སྐུད་སྣེ་ཤིན་ཏུ་དམ་པ། ཤུགས་བསྟན་གྱི་བསམ་བློ་ལ་རིན་ཐང་ལྡན་པ་སོགས་ཀྱིས་ཁྱབ་པ་ནི་རྩོམ་པ་པོ་ཁོང་གིས“གཏམ་རྒྱུད”ཀྱི་ཁྱད་ཆོས་ལ་ཐོད་བརྒལ་བཏང་ནས་ཀློག་པ་པོའི་སྤྲོ་སྣང་འདྲེན་པའི་སླད་དུ་དགོས་ངེས་ཀྱི་ཐབས་རྩལ་སྤྱད་པ་ཞིག་རེད་འདོད། དཔེར་ན། «མིག་མཐར་མཆི་མ་འཁོར་བ»དང«ལྷ་དང་ལྷ་མིན་གྱིས་རིན་པོ་ཆེ་འཕྲོག་རྩོད་བྱས་པའི་གཏམ་རྒྱུད»ལྟ་བུ་རེད། ལྷག་པར་གཏམ་རྒྱུད་ཕྱི་མ་འདི་ནི་ཨ་རིའི་སྒྲུང་ཐུང་ཡིག་བརྒྱ་མ་གྲགས་ཅན«སྦྲགས་ཏར་གསུམ»ཞེས་པ་དང་ཤིན་ཏུ་འདྲ། གཏམ་རྒྱུད་འདིའི་ནང་དུ། རྒྱལ་པོ་གསལ་པོ་ཟེར་བ་ལ་ནོར་བུ་ཞིག་ཡོད་པ་ལྷ་ཁྱབ་འཇུག་གིས་བསླངས་པ་མ་བྱིན་པས། གསལ་བ་དང་ཁྱབ་འཇུག་གཡུལ་བཀྱེས་པ་དང་གསལ་བ་ཁྱབ་འཇུག་ལས་རྒྱལ་བར་གྱུར། ནམ་ཞིག་རྒྱལ་པོ་གསལ་བ་རི་དྭགས་གཤོར་དུ་སོང་བ་སེང་གེས་འཆོས་སོ། །དེ་ནས་དྲེད་ཀྱི་བདག་པོ་འཛམ་བུའི་བུ་ཞེས་བྱ་བས་སེང་གེའི་ལྐོག་མར་ནོར་བུ་ཡོད་པ་མཐོང་ནས་སེང་གེ་བསད་དེ་ནོར་བུ་ཁྱེར། རིན་པོ་ཆེའི་དོན་དུ་ཁྱབ་འཇུག་གིས་རྒྱལ་པོ་གསལ་བ་བསད་དོ་ཞེས་བསྒྲགས།ཁྱབ་འཇུག་གིས་དེ་བཙལ་ཕྱིར་ལྷ་ཞིག་བཏང་བ་དང་། དེས་བྲག་ཕུག་ཅིག་ན་གཞོན་ནུ་མ་ཞིག་ངུ་བ་དང་། མ་མས་སྤྲོ་བ་བསང་ཕྱིར་སྨྲས་པ། གསལ་བ་སེང་གེས་བསད་གྱུར་པ། །སེང་གེ་འཛམ་བུའི་བུ་ཡིས་བསད། །ཁྱེད་ཀྱི་ས་མནྟ་ཀ་འདི། །གཞོན་ནུ་བཟང་མོ་མ་ངུ་ཞིག །སོགས་ཟེར་བའི་གཏམ་ཐོས་པ་ལས་ཁྱབ་འཇུག་ལ་ནོར་བུ་ཐོབ་པའི་བྱུང་རིམ་དེ་ནི«སྦྲགས་ཏར་གསུམ»གྱི་ནང་དུ“དབྱི་ལེས་ཝེ་ནའི་ནུ་བོ་ཧྥོ་ལའེ་ཐེ་ཁོ་མོའི་ཁྱོ་ག་པ་པུ་དང་འགྲོགས་ཏེ་ཧྥེ་གླིང་དུ་རི་དྭགས་གཤོར་དུ་སོང་། ཅང་མ་འགོར་བར། ཁོ་མོར་ཁྱིམ་ནས་ནུ་བོས་བསྐུར་བའི་ཏར་ཡིག་ཅིག་འབྱོར། དེའི་ནང་དུ། པ་པུ་སེང་གེ་རྔོན་སྐབས་འདས། —ཧྥོ་ལའེ་ཐེས”ཞེས་བྲིས་འདུག
       དབྱི་ལིས་ཝེ་ནས་སེམས་སྡུག་ཚད་མེད་ངང་ནུ་བོ་ལ“ཁོའི་བེམ་པོ་སྐུར་ཤོག”ཅེས་ཡིག་ལན་སྤྲིངས་འོངས། ཟླ་ཕྱེད་ལྷག་འདས་རྗེས་ཧྥེ་གླིང་ནས་འབོག་སྒྲིལ་ཆེན་པོ་ཞིག་བསྐུར་ཡོང་ལ། ནང་དུ་སེང་གེའི་བེམ་པོ་ཞིག་འདུག ཁོ་མོ་སེམས་རབ་ཏུ་འཚབ་ནས“སེང་གེ་འབྱོར། ནུ་བོ་འཆུགས། པ་པུའི་བེམ་པོ་སྐུར་ཤོག”ཅེས་ཏར་ཡིག་སྤྲིངས།
       ཅུང་མ་འགོར་བར། ཧྥེ་གླིང་ནས་ཏར་ཡིག་འབྱོར་བར“འཆུགས་མེད། པ་པུ་སེང་གེའི་ཁོག་ན་ཡོད། —ཧྥོ་ལའེ་ཐེས”ཞེས་བྲིས་འདུག་ཅེས་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་ཤིན་ཏུ་འདྲ་བས། སྒྲུང་ཐུང་ཡིག་བརྒྱ་མའི་ཁྱད་ཆོས་ཤིན་ཏུ་འཛོམས་པ་ལྟ་བུ་རེད།
       གཉིས། དགག་སྒྲུབ་རྩོམ་ཡིག་དང་ཆ་འདྲ་ཡང་ཁྱད་པར་ཆེ་བ།
       གསུང་རྩོམ་འདིའི་རྩོམ་ཡིག་མི་ཉུང་བ་ཞིག་དགག་སྒྲུབ་རྩོམ་ཡིག་དང་འདྲ་བར་ཕ་རོལ་བའི་ལྟ་བར་སུན་འབྱིན་མཛད་དེ་རང་ལུགས་འཐད་ལྡན་དུ་སྒྲུབ་པ་འདྲ་མོད། འོན་ཀྱང་ཞིབ་ཏུ་བསམ་ན། ཚིག་གི་བབ་ལྕི་བ་དང་རང་གི་བསམ་ཚུལ་དང་བསམ་བློ་མངོན་སུམ་དུ་སྤེལ་ཡོད་པ་མ་གཏོགས།རྩོམ་སྟངས་ཀྱི་ཐད་ནས། རྣམ་འབྱེད་དང་རྒྱས་འགྲེལ་གྱི་བསམ་གཞིག་ལ་བརྟེན་ནས་སྤྱི་ནས་བྱེ་བྲག་ལ་བབས་མེད་པར། དེ་ལས་ལྡོག་སྟེ་ཕྱོགས་བསྡུས་ཀྱི་བསམ་གཞིག་ལ་བརྟེན་ནས་བྱེ་བྲག་ནས་སྤྱི་ལ་འཇུག་པའི་རྩོམ་ཐབས་སྤྱད་ཡོད་པས་རྟོག་འཕྲོ་རང་བཞིན་དང་ཁྱབ་རྒྱའི་རང་བཞིན་ཤིན་ཏུ་ཆེའོ། །
       གསུམ། ལྷུག་རྩོམ་དང་འདྲ་ཡང་ཁྱད་པར་ཆེ་བ།
       གསུང་རྩོམ་འདིའི་ནང་གི་གཏམ་རྒྱུད་ཀྱི་སྐད་ཆ་མཐའ་དག་ཚིག་སྦྱོར་བདེ་ཞིང་སྙན་ཆ་ཐོན་ལ། སྒྲིག་གཞི་ཚགས་དམ་པ་ལས་གཞན། སྐད་ཆའི་སྒྱུ་རྩལ་ལ་རྩོམ་རིག་གི་སྣང་བརྙན་ལྡན་ཞིང་མཚོན་ཤུགས་རང་བཞིན་དང་རང་དབང་རང་བཞིན་ཤིན་ཏུ་དྲག་པས་ཆ་མང་པོ་ནས་བལྟས་ན་ལྷུག་རྩོམ་གྱི་བྲོ་བ་ཡོད་མོད། འོན་ཀྱང་། ལྷུག་རྩོམ་ལྟར་རྣམ་པ་ཐོར་ལ་བརྗོད་སྙིང་མི་ཐོར་བ་ལྟ་བུ་ཞིག་མིན་པར་ཚིག་ཉུང་ལ་དོན་འདུས་པ་དང་བརྗོད་དོན་ལ་གབ་སྦས་ཆེན་པོ་མེད་པ་ནི་དགེ་སློབ་སུས་བཀླགས་ཀྱང་བདེ་བླག་གིས་གོ་བ་བརྙེད་ཐུབ་པ་ཞིག་རེད།
       གོང་གསལ་གྱི་མཚན་གཞི་དེ་དག་གི་སྟེང་ནས། གཞུང་འདིའི་བྱེད་པོ་གཅན་རོང་བསྟན་འཛིན་ལགས་ནི། སློབ་གསོ་རིག་པ་དང་སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ། མཚན་ཉིད་རིག་པ། ལོ་རྒྱུས་རིག་པ། ལྷ་སྒྲུང་རིག་པ་སོགས་ལ་བྱང་ཆ་ཤིན་ཏུ་ཆེ་བ་རྟོགས་ཐུབ་པར་མ་ཟད། རྩོམ་རིག་གི་སྒྱུ་རྩལ་དང་བརྡ་སྤྲོད་ལ་རྨོངས་པ་མི་མངའ་བའི་རིག་པའི་འཇོན་རྩལ་ལྡན་པ་ཞིག་ཡིན་པའང་གསལ་ལེར་རྟོགས་ཐུབ་པ་རེད།
       འོན་ཀྱང་། རྒྱ་ནག་གི་སློབ་གསོ་པ་ཞིག་གིས“སྒྲུང་འགྲེལ་སློབ་ཁྲིད་ལེགས་པོ་ཞིག་ཡིན་ན། ཡིད་འགུལ་ཐེབས་པ་དང་དངོས་དོན་གྱི་གཏམ་རྒྱུད་ལ་ངོ་མཚར་བའི་དཔྱད་བརྗོད་ཀྱི་རྒྱན་ཆ་ལེགས་པོ་སྤྲས་ཡོད་པ་ཡིན”ཞེས་གསུངས་ཡོད་མོད། གསུང་རྩོམ་འདིའི་ནང་གི་གཏམ་རྒྱུད་མི་ཉུང་བ་ཞིག་ལ་རྩོམ་པ་པོ་རང་ངོས་ནས་དཔྱད་བརྗོད་སྤེལ་མེད་པ་ནི་ཤིན་ཏུ་ཕངས་པའི་རྒྱུ་རུ་འདུག་ལ། གལ་ཏེ་དེ་དག་ཀྱང་དཔྱད་འཇོག་གནང་ཡོད་པའི་གཏམ་རྒྱུད་རེ་ཡིན་ན་དེབ་འདིའི་གཟི་བྱིན་ནི་དེ་བས་ཀྱང་འོད་སྟོང་འབར་བ་ཞིག་རེད། གང་ལྟར་སྐུ་ཞབས་ལུའུ་ཞུན་གྱིས་གསུངས་པ་ལྟར། “དཔྱད་འཇོག་ཐོབ་པའི་མཁས་པ་ཞིག་ཡིན་ན། དེས་བྲིས་པའི་རྩོམ་ཡིག་ལས་རྩོམ་ཡིག་ཇི་ལྟར་འབྲི་དགོས་པ་གསལ་བཤད་བྱས་ཡོད”ཅེས་བསྟན་པ་ལྟར། གཅན་རོང་བསྟན་འཛིན་གྱི་སྒྲུང་འགྲེལ་སློབ་ཁྲིད་ཀྱི་བརྩམས་ཆོས་དག་བཀླགས་ཚེ་སྒྲུང་འགྲེལ་སློབ་ཁྲིད་ཇི་ལྟར་སྤེལ་དགོས་པའི་མན་ངག་ཅུང་ཟད་བློ་ལ་ངེས་པར་ནུས་སོ། །
       མདོར་ན། གསུང་རྩོམ་འདིར་བསྡུས་པའི་རིག་བྱེད་གཏམ་རྒྱུད་ཀྱི་སྐོར་མ་གཏོགས། གཞན་དག་ཡོངས་རྫོགས་སློབ་གསོའི་ལག་ལེན་དངོས་ནས་བྱུང་བ་ཡིན་ལ། སློབ་གསོའི་ལག་ལེན་དག་གི་ཉམས་མྱོང་གི་ཞུན་ཐིགས་ཀྱང་རེད། ཉམས་མྱོང་འདི་བརྒྱུད་པའི་ཕན་ནུས་ལྡན་པའི་སློབ་གསོའི་བསམ་བློ་དང་ཐབས་ཤེས་སྐོར་ཞིག་ནི་ནུབ་ཕྱོགས་དང་ཡང་ན་རྒྱ་ནག་ནས་བྱུང་བའི་དཔེ་མཚོན་ཅན་ཡིན་ན་ཡང་། དེང་རབས་སློབ་གསོའི་ངོས་ནས་བཤད་ན། ཐུན་མོང་མ་ཡིན་པའི་སློབ་ཁྲིད་ཀྱི་སྒྱུ་རྩལ་དང་བྱེད་ཐབས་སྣ་མང་ཞིག་ནི་བོད་རང་གི་སློབ་གསོའི་ཁྱབ་ཁོངས་སུ་སྤྱད་ན་ཕ་ངོ་བུ་ངོ་འཕྲོད་པ་ལྟ་བུ་ཞིག་ཏུ་འདུག་པས། དགེ་མཚན་བསམ་གྱིས་མི་ཁྱབ་པ་ཞིག་མངོན་ཡོད་པ་ནི་མིག་མཐོང་ལག་ཟིན་རེད།
       ཡང་གཅིག་བཤད་ན། གསུང་རྩོམ་འདིས་གཅན་རོང་བསྟན་འཛིན་ལགས་ཀྱི་སློབ་གསོ་པའི་གསར་གཏོད་རང་བཞིན་མཚོན་ཡོད་པ་དང་། ད་དུང་དེ་ལས་ཁོང་གི་སློབ་གསོའི་ལས་དོན་ལ་གཞོལ་བའི་དཀའ་ཚེགས་དང་འབྲས་བུ་མཐོང་ཐུབ་པར་མ་ཟད། ཁོང་གིས་བྱ་བ་དང་རྩོམ་འབྲིའི་གོ་རིམ་ཁྲོད་ནུས་ཤུགས་གང་ཡོད་ཀྱིས་དེང་རབས་སློབ་གསོའི་གཞུང་ལུགས་མཛུབ་སྟོན་དུ་བཟུང་བ་དང་།སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་གནང་བ། སློབ་གསོ་བཅོས་བསྒྱུར་གྱི་ལག་ལེན་དང་དམ་པོར་འབྲེལ་ནས་སློབ་གསོའི་བསམ་བློ་མངོན་པར་བསྒྲགས་པ་ནི་གཞན་གང་དང་ཅི་ཡིས་ཀྱང་ཚབ་བྱེད་ཐུབ་པ་ཞིག་མ་རེད།
       དེ་བས། སློབ་གསོའི་ལས་དོན་ལ་འཇུག་མཁན་རྣམས་ཀྱིས་ཁོང་གིས་དེབ་འདིའི་མགོ་ན་རེ་བ་བཏོན་ཡོད་པ་ལྟར། “རང་ཅག་གིས་ཐབས་ལམ་འདི་དག་སློབ་དང་ཁྲིད་ཀྱི་བླ་སྲོག་དང་ནུས་པ་ཞིག་ཏུ་གྱུར་ཅིང་། དེ་ནས་སློབ་མའི་ཤེས་ནུས་སྤྱོད་གསུམ་གྱི་སྤུས་ཚད་ངོ་མ་ཞིག་ཏུ་འགྱུར་རྒྱུ་གལ་ཆེ་བས།དགེ་སློབ་དང་སློབ་དཔྱོད་པ། སློབ་སྐུལ་བ་རྣམས་ཀྱིས་གཟིགས་ཞིབ་གནང་བའི་རྨང་གཞིའི་སྟེང་། ཕུལ་དུ་བྱུང་བའི་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་འདི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཁྲིད་ལག་ལེན་ཁྲོད་དུ་ཕྱིན་ཏེ། མཐོ་སྒང་རོང་འབྲོག་ས་ཆའི་སློབ་གསོ་ལ་གསོན་ཤུགས་གསར་པ་རྒྱས་ཤིང་། སྔར་ལས་ལྷག་པར་ཕྱི་རབས་པའི་ཤེས་ནུས་སྤྱོད་གསུམ་གྱི་མྱུ་གུ་རྒྱས་ལ་ལོ་འདབ་དང་མེ་ཏོག་བཞད་ཅིང་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་པར་རེ་སྨོན་ཞུས”འདུག་པ་དེ་ཡིད་ལ་གཅགས་པར་རིགས་སོ། །
འབྲེལ་ཡོད་འོས་སྦྱོར།