logo

“གཏོར་གཟུགས་མཆོད་རྟེན”ཞེས་པའི་སློབ་སྦྱོང་བྱེད་ཐབས་གླེང་བ།

རྩོམ་པ་པོ།:ཆང་གཞོན་ནུས་བསྒྱུར་སྒྲིག་བྱས། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-10-07 ཀློག་གྲངས།:
       སློབ་སྦྱོང་ལ་མྱུར་ལམ་མེད་ཀྱང་ཐབས་ལམ་ནི་ངེས་པར་ཡོད་དེ། གལ་སྲིད་ཡང་དག་པའི་ཐབས་ལམ་སྤྱད་ནས་སློབ་སྦྱོང་གི་འབྲས་བུར་བསྙེག་ཚུལ་རྟོགས་ན། ཤེས་ནུས་འཇོན་གསུམ་གྱི་ནོར་བུ་ལེན་པའི་སློབ་སྦྱོང་གི་མྱུར་ལམ་བརྒྱུད་སྟངས་ནི་དེ་ལས་གཞན་དུ་ཅི། ང་ཚོས་སློབ་སྦྱོང་བྱེད་པར་བརྩོན་པ་བསྐྱེད་དགོས་པ་ཤེས་མོད། འོན་ཀྱང་ཐབས་ལམ་ལེགས་ཤོས་དེ་ཉེ་བར་སྤྱོད་ཐུབ་ན་ལས་ཕྱོད་ཆེ་བར་མ་ཟད་སློབ་སྦྱོང་གི་གྲུབ་འབྲས་ངེས་ཅན་ཞིག་ལོན་ལ། དེ་ལྟར་བྱས་ན་སློབ་སྦྱོང་ལ་ཡང་སྤྲོ་བས་འཇུག་ཐུབ་ངེས། གལ་ཏེ་བྱེད་ཐབས་ཉེས་ཚེ་འབྲས་བུ་མེད་ཅིང་ལྡོག་པའི་ནུས་པ་ཐོན་ཏེ་སློབ་སྦྱོང་ལ་ཡི་མུག་དང་སུན་སྣང་སྐྱེ་སྲིད། དེ་བས་ངེད་ཅག་གིས་ངེས་པར་དུས་དང་མཐུན་ཞིང་ཚན་རིག་གི་རང་བཞིན་ལྡན་པ། ལས་ཕྱོད་ཆེ་བའི་སྔོན་ཐོན་གྱི་སློབ་སྦྱོང་བྱེད་ཐབས་ཤིག་གདམ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ། གཤམ་དུ་ང་ཚོས་འཛམ་གླིང་དུ་གྲགས་པའི་སློབ་སྦྱོང་བྱེད་ཐབས“གཏོར་གཟུགས་མཆོད་རྟེན”ཞེས་པར་ལྷན་དུ་རྒྱུས་ལོན་ཐེངས་ཤིག་བྱ།
དང་པོ། སློབ་སྦྱོང་བྱེད་ཐབས“གཏོར་གཟུགས་མཆོད་རྟེན”ངོ་སྤྲོད་བསྡུས་པ།
       “གཏོར་གཟུགས་མཆོད་རྟེན”སློབ་སྦྱོང་བྱེད་ཐབས་ནི་ཨ་རིའི་མེན་དབྱིན་ཁུལ་གྱི་རྒྱལ་ཁབ་སྦྱོང་བརྡར་ཚོད་ལྟ་ཁང་གི་ཞིབ་འཇུག་གྲུབ་འབྲས་ཤིག་ཡིན། དེས་གྲངས་ཀའི་རྣམ་པའི་སྒོ་ནས་མངོན་པར་བྱ་བ་ནི། སློབ་སྦྱོང་བྱེད་ཐབས་མི་འདྲ་བ་སྤྱད་དེ། སློབ་སྦྱོང་བྱེད་མཁན་གྱིས་གཟའ་འཁོར་གཉིས་ཀྱི་རྗེས་སུ་ད་དུང་ནང་དོན་གྱི(ཆ་སྙོམས་སློབ་སྦྱོང་ཡིད་འཛིན་ནུས་པ)ག་ཚོད་ཡིད་དུ་འཛིན་ཐུབ་མིན་དེ་ཡིན། དེ་ནི་དེང་རབས་སློབ་སྦྱོང་བྱེད་ཐབས་ཀྱི་གཞུང་ལུགས་ཤིག་རེད། ཆེས་ཐོག་མར་ཨ་རིའི་སྐད་གྲགས་ཆེ་བའི་སློབ་སྦྱོང་གི་ཆེད་མཁས་པ་ཨའེ་ཏེ་ཅ·ཏའེ་ཨེར་གྱིས1946ལོར་གསར་རྟོགས་དང་བློ་འདོན་བྱས་པ་རེད།
གཉིས་པ། “གཏོར་གཟུགས་མཆོད་རྟེན”སློབ་སྦྱོང་བྱེད་ཐབས་ལས་ཤེས་བྱ་སྡུད་ལེན་གྱི་གདམས་པ།
       “གཏོར་གཟུགས་མཆོད་རྟེན”སློབ་སྦྱོང་བྱེད་ཐབས་ལ་ཁྱོན་སྡོམ་ཐབས་ལམ་རིམ་པ་བདུན་འདུས་ཤིང་། ཕྱེད་སྔ་མ་གསུམ་པོ་སྟེ། ཁྲིད་ཉན་དང་ཀློག་འདོན། ཉན་ལྟ་བཅས་ནི་སྲོལ་རྒྱུན་གྱི་གཞན་དབང་རང་བཞིན་གྱི་སློབ་སྦྱོང་བྱེད་ཐབས་ཤིག་ཡིན་ལ། ཕྱེད་ཕྱི་མ་བཞི་སྟེ། དཔེ་སྟོན་འཁྲབ་ཁྲིད། ཚན་ཆུང་བགྲོ་གླེང་། དངོས་ཞུགས་འཁྲབ་སྦྱོང་། གཞན་ལ་འཁྲིད་པ་བཅས་ནི་དེང་རབས་ཀྱི་རང་འགུལ་རང་བཞིན་གྱི་སློབ་སྦྱོང་ཐབས་ལམ་སྟེ་བདུན་ནོ། །
གསུམ་པ། ཐབས་ལམ་རིམ་པ་བདུན་པོའི་ནུས་འབྲས།
       ༡ ཁྲིད་ཉན།
       ཁྲིད་ཉན་ནི་ཚང་མས་ཤེས་གསལ་ལྟར། གསལ་པོར་བཤད་ན་དགེ་རྒན་གྱིས་གོང་ནས་བཤད་པ་དང་སློབ་མས་འོག་ནས་ཉན་རྒྱུ་དེ་རེད། འདི་ལྟ་བུ་ལ་མཚོན་ན་ང་ཚོ་ཆ་རྒྱུས་ཆེས་ཆེར་ཡོད་པ་རེད། ཆེས་རྒྱུན་སྤྱོད་ཀྱི་བྱེད་ཐབས་ཤིག་ཡིན་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སློབ་སྦྱོང་བྱེད་ཐབས་ཤིག་རེད། ཡིན་ཡང་ད་ལྟ་ཕན་འབྲས་ཆེས་དམའ་བའི་སློབ་སྦྱོང་བྱེད་ཐབས་ཤིག་རེད། གཟའ་འཁོར་གཉིས་ཀྱི་རྗེས་ནས་སློབ་སྦྱོང་གི་ནང་དོན་བརྒྱ་ཆའི་ལྔ་མ་གཏོགས་སེམས་སུ་འཇོག་མི་ཐུབ་པར་འདུག
       ༢ ལྟ་ཀློག
       ང་ཚོས་རང་སྦྱོང་བྱེད་པའི་ཆེས་རྒྱུན་སྤྱོད་ཀྱི་སློབ་སྦྱོང་བྱེད་ཐབས་ཤིག་ནི་རང་ཉིད་ཀྱིས་ལྟ་ཀློག་བྱེད་པ་དེ་ཡིན། ལྟ་ཀློག་བྱེད་པའི་སློབ་སྦྱོང་བྱེད་ཐབས་ལ་བརྟེན་ནས་སྦྱངས་པའི་ཤེས་བྱའི་ནང་དོན་དེ་གཟའ་འཁོར་གཉིས་ཀྱི་རྗེས་སུ་བརྒྱ་ཆའི་བཅུ་ཙམ་ཡིད་དུ་བརྟན་འཇགས་ངང་ཟིན་ཡོད། དོན་གནད་དེ་ཤེས་རྟོགས་བྱུང་ཡོད་དམ། གལ་ཏེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་སུ་དཔེ་ཆའི་ངོས་ལྟར་བཤད་པའི་ཚེ། རང་ཉིད་ཀྱིས་དེ་དང་འགྲོགས་ནས་ཡིག་ནག་འབྲུ་འདེད་ཀྱིས་ཀློག་འདོན་བྱས་ན་ཤིན་ཏུ་ཕན། རྒྱུ་མཚན་ནི་རང་ཉིད་ཀྱིས་ཀློག་འདོན་བྱེད་པའི་སློབ་སྦྱོང་བྱེད་ཐབས་དེ་ཁྲིད་ཉན་བྱེད་པ་ལས་བརྒྱ་ཆའི་ལྔ་ཡིས་མཐོ་བས་སོ། །
       ༣ཉན་ལྟ།
       འདིར་གླེང་བའི་ཉན་ལྟ་ཞེས་པ་ནི་དགེ་རྒན་གྱིས་དཔེ་ཁྲིད་བྱེད་པར་ཉན་པ་དང་མི་འདྲ་ལ། ལྟ་བ་ཡང་གོང་དུ་བཤད་པའི་རང་ཉིད་ཀྱིས་ལྟ་ཀློག་བྱེད་པ་དང་མི་འདྲ། སྒྲ་ཕབ་དང་པར་རིས། འཁྲབ་བཤད། ཟློས་གར། བརྙན་ལམ་བཅས་བརྒྱུད་དེ་ཐོབ་པའི་སྦྱངས་འབྲས་ཡིན། དེའི་རིགས་གཟའ་འཁོར་གཉིས་སོང་རྗེས་ཡིད་ལ་ཟིན་ཚད་བརྒྱ་ཆའི་ཉི་ཤུར་བསླེབ་ཐུབ་ཟེར། དགེ་རྒན་གྱིས་བཤད་པ་ལ་ཉན་ཟིན་ན་ཅིའི་ཕྱིར་ད་དུང་བརྙན་ལམ་ལ་བལྟ་དགོས་པ་སོགས་འདྲི་སྲིད་མོད། སྔ་མ་གཞན་དབང་གི་ཤེད་ཆེ་ཞིང་ཕྱི་མ་རང་འགུལ་གྱི་རང་བཞིན་ལྡན་པས་བག་ཆགས་བློ་དང་རྒྱུད་ལ་འཇོག་ཚུལ་ལས་ཕྱི་མའི་ཕན་འབྲས་མངོན་གསལ་གྱིས་མཐོ་བ་ཡོད་དོ། །
       ༤ དཔེ་སྟོན།
       “དཔེ་སྟོན”བྱེད་པ་དང“འགྲེམ་སྟོན”ལ་ལྟ་བ་ཞེས་པ་ནི་དགེ་རྒན་གྱིས་སློབ་མར་དཔེ་སྟོན་བྱེད་པ་དང་སློབ་མས་དཔེ་སྟོན་དང་འགྲེམ་སྟོན་ལ་ལྟ་བ་དེ་ཡིན། དཔེར་ན། དགེ་རྒན་གྱིས་རྫས་འགྱུར་འགྱུར་འབྱུང་གི་དངོས་བཤེར་སྒྲུབ་ཚུལ་ཇི་བཞིན་དུ་སློབ་མར་དཔེ་སྟོན་བྱེད་པ་ལྟ་བུ་དང་། ཐོན་རྫས་དང་དངོས་པོ་སོགས་འགྲེམ་སྟོན་བྱེད་པ། སློབ་སྦྱོང་བྱེད་སྟངས་དེ་རིགས་སྤྱད་ཚེ་གཟའ་འཁོར་གཉིས་སོང་རྗེས་ཤེས་བྱ་བརྒྱ་ཆའི་སུམ་ཅུ་བློ་རུ་འཇགས་ཐུབ་པར་བཤད། སློབ་སྦྱོང་བྱེད་ཐབས་དེས་སློབ་ཁྲིད་ལ་ལོ་མང་པོའི་རྗེས་ནས་ད་དུང་བག་ཆགས་ཡོད་དུ་འཇུག་ཐུབ་པར་བཤད།
       ༥ ཚན་ཆུང་གྲོས་བསྡུར།
       ཚན་ཆུང་གིས་གྲོས་བསྡུར་བྱས་པ་ལས་ཐོབ་པའི་སློབ་སྦྱོང་གི་ཤེས་བྱ་བརྟན་འཇགས་སྒོས་བློ་རུ་ཟིན་ཚད་ནི་བརྒྱ་ཆའི་ལྔ་བཅུར་ཐོན་ཡོད་དེ། གྲོས་བསྡུར་བྱེད་སྐབས་ངེས་པར་རང་ཉིད་གྲོས་བསྡུར་དུ་ཟབ་ཞུགས་བྱེད་དགོས་པ་དང་། རང་ཉིད་ཀྱི་འདོད་ཚུལ་དང་ལྟ་བ། བསམ་འཆར། ཤེས་རྟོགས། དོགས་གཞི་གང་ཡོད་འདོན་སྤེལ་བྱེད་དགོས་པ་ལས་མི་གཞན་ལ་བལྟས་ནས་རྗེས་འབྲངས་ཀྱི་སྒོ་ནས་གྲོས་བསྡུར་བགྲོ་གླེང་བྱ་མི་རུང་།
       སློབ་ཆུང་དང་སློབ་འབྲིང་ལ་སློབ་ཁྲིད་བྱེད་སྐབས་ཤེས་བྱ་ཧ་ཅང་མང་པོ་འདུས་པའི་སློབ་ཁྲིད་བྱེད་སྟངས་དགེ་རྒན་གྱིས་ཇུས་འགོད་དང་གྲོས་བསྡུར་བྱེད་ཤེས་མོད། འོན་ཀྱང་གལ་ཏེ་ཚན་ཆུང་ལ་སྒྲིག་འཛུགས་དང་དོ་དམ་ཡག་པོ་མ་བྱས་ཚེ། སློབ་མ་རྣམས་རང་མོས་གང་འདོད་ཀྱིས་རྒྱ་ཡན་དུ་སོང་སྟེ་འཆར་གཞི་དང་སློབ་སྦྱོང་གི་དམིགས་ཡུལ་འགྲུབ་མི་ཐུབ་བོ། །
       ༦ དངོས་སྦྱོང་།
       དངོས་སྦྱོང་ནང་ལག་ལེན་དང་། སྦྱོང་བརྡར། ཚོད་ལྟ་སོགས་ཚུད་ཡོད་པ་དང་། གཟའ་འཁོར་གཉིས་ཀྱི་རྗེས་སུ་ཤེས་བྱ་བརྟན་འཇགས་ངང་ཡིད་ལ་ཟིན་ཚད་བརྒྱ་ཆའི་དོན་ལྔར་ཐོན་ཡོད། དཔེར་ན། རྫས་འགྱུར་རིག་པའི་ཚོད་ལྟ་དངོས་བཤེར་གཅིག་དགེ་རྒན་གྱིས་དཔེ་སྟོན་བྱེད་པ་ལ་བལྟས་ན་ཤེས་བྱ་བརྒྱ་ཆའི་སུམ་ཅུ་ཟིན་ཐུབ་པ་དང་། གལ་ཏེ་རང་གིས་རང་ལག་འགུལ་ནས་ཐེངས་གཅིག་བསྒྲུབས་ཚར་རྗེས་ཤེས་བྱའི་ཟིན་ཚད་བརྒྱ་ཆའི་དོན་ལྔར་སླེབས་ཡོད། ཡང་དཔེར་ན་རླངས་འཁོར་གཏོང་སྟངས་སྦྱོང་བའི་ཚེ་རྩལ་ཁྲིད་པ་ཡག་པོ་གང་འདྲ་ཞིག་ཡོད་རུང་། གལ་ཏེ་རང་ཉིད་ཀྱིས་ལག་པ་མ་འགུལ་ཚེ་རླངས་འཁོར་གཏོང་སྟངས་གཏན་ནས་མི་ཤེས་པ་ལྟ་བུའོ། །
       ༧ གཞན་ལ་འཁྲིད་པ།
       རང་ཉིད་ཀྱིས་ཤེས་རྟོགས་བྱུང་བ་ཡོད་ཚད་དཔེ་མཁྱུད་དང་སྦ་གསང་ཅི་ཡང་མེད་པར་བུམ་པ་གང་བྱོའི་ཚུལ་གྱིས་གཞན་ལ་སློབ་ཁྲིད་བྱ་རྒྱུ་ནི་དཀའ་བའི་གནས་ཤིག་ཏུ་འཁུམས་ཀྱང་། གལ་ཏེ་དེ་ལྟར་བྱེད་ཐུབ་ཚེ་ཁྱོད་ཀྱིས་ཤེས་རྟོགས་བྱུང་བའི་ཤེས་བྱ་ལ་སྔར་བས་རྒྱུས་ལོན་དང་ཁོང་དུ་ཆུད་པར་རམ་འདེགས་བླ་མེད་ཐུབ་སྟེ། རང་ལ་ཤེས་བྱ་གང་ཞིག་ནང་བྱན་ཆུད་མེད་ན་གཞན་ལ་ལེགས་པོ་ཞིག་འཁྲིད་རྒྱུ་དང་དེའི་འཁྲུལ་རྨོངས་སེལ་རྒྱུ་ནི་མི་སྲིད་པས། ཤེས་བྱ་གཞན་རྒྱུད་དུ་བསྟབ་རྒྱུ་དང་འཁྲིད་རྒྱུ་ནི་ཚད་མཐོ་བའི་དཀའ་གནད་ཅན་གྱི་ལས་ཀ་ཞིག་ཅི་ལ་མིན། དེ་ལྟར་བྱེད་པ་ལ་ཐོག་མར་རང་ཉིད་ཤེས་བྱ་གང་དེར་རྒྱུས་ཡོད་བྱང་ཆུབ་ཡིན་དགོས་པར་མ་ཟད། བྱེད་ཐབས་གང་འདྲ་ཞིག་དང་ལག་ཆ་ཅི་འདྲ་ཞིག གོ་རིམ་ག་འདྲ་ཞིག་གི་སྒོ་ནས་གོ་སླ་བ། འཛིན་བདེ་བ། བག་ཆགས་ཟབ་པ་ཞིག་འཁྲིད་རྒྱུ་ནི་དཀའ་གནད་ཅིག་ཡིན། དེ་ལ་སྨྲ་ལྕེ་དང་ཐབས་རྩལ། བཀོད་སྒྲིག འཆར་གཞི། ཇུས་འགོད་སོགས་ཀྱི་ཆ་རྐྱེན་ཡང་བླ་ན་མཐོ་བས་ཐབས་ལམ་འདིས་ཤེས་བྱའི་བརྒྱ་ཆའི་གོ་ལྔའི་ནང་དོན་བློར་འཇགས་ཐུབ་པས་ཆེས་ཕན་འབྲས་ལྡན་པའི་སློབ་སྦྱོང་གི་བྱེད་ཐབས་ཤིག་གོ །
འབྲེལ་ཡོད་འོས་སྦྱོར།