༄༅། །«བསྟོད་པ་བཀླགས་པའི་འཆར་སྣང»ཅེས་པའི་སློབ་ཚན་གྱི་དཔེ་མཚོན།
རྩོམ་པ་པོ།:བན་ཤུལ་གདུགས་དཀར་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-09
ཀློག་གྲངས།:
བསྟོད་པ་ཞེས་པའི་མཚན་སྙན་གྱི། །མདུང་ཐུང་སྒྲ་འཛིན་དཀྲུག་འདི་མཚར། །
----«བསྟོད་པ་བཀླགས་པའི་འཆར་སྣང»ཅེས་པའི་སློབ་ཚན་གྱི་དཔེ་མཚོན།
བན་ཤུལ་གདུགས་དཀར་རྒྱལ།
གཅིག སློབ་ཚན་གྱི་དཔེ་མཚོན་རྒྱབ་ལྗོངས།(案例背景)རིག་གནས་གསར་བརྗེ་མཇུག་རྫོགས་ཤིང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་རྗེས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་གཡར་གྱི་མཚོ་མོ་རྒྱས་པ་བཞིན་དར་རྒྱས་སུ་སོང་བ་དང་། རྩོམ་རིག་སྒྱུ་རྩལ་གྱི་ཕྱོགས་ནས་ཀྱང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་དུས་སྐབས་གསར་བ་ཞིག་གི་སྒོ་གླེགས་ཡངས་པོར་བྱས་པ་བསྟུན། དུས་དེབ་དང་ཚགས་པར་སྣ་ཚོགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་བས། རྩོམ་རིག་གསར་རྩོམ་གྱི་སྐྱེད་ཚལ་ཉམས་དགའ་བ་ཞིག་བྱུང་མོད། འོན་ཀྱང་སྐབས་ཤིག་ལ་དུས་དེབ་སོགས་སུ་བཀོད་པའི་རྩོམ་ཡིག་ནི་སྲོལ་རྒྱུན་གྱི་རྩོམ་སྟངས་འབྲི་སྟངས་ལ་བརྟེན་ནས། རི་ཆུ་ལུང་གསུམ་གྱི་ས་བསྟོད་གནས་བསྟོད་དང་། སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་མཛད་བསྟོད་དང་འཁྲུངས་བསྟོད། རིག་གནས་གསར་བརྗེའི་ཤུགས་རྐྱེན་ལས་བྱུང་བའི་ཏང་བསྟོད་དང་རྒྱལ་བསྟོད་སོགས་ཀྱིས་ཁེངས་པའི་རྩོམ་རིག་གི་སྣང་ཚུལ་ཡིད་སྐྱོ་བ་ཞིག་བྱུང་བ་རེད། དེའི་ཕྱིར། རྩོམ་པ་པོས་སྤྱི་ཚོགས་དང་དུས་རབས་ཀྱི་འགན་འཁྲི་བླ་ན་མེད་པ་ཕྲག་ཏུ་བླངས་ནས་གནས་ཚུལ་དེར་དགག་རྒྱག་དང་སུན་འབྱིན་བྱས་ཏེ། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་ལ་འཇུག་མཁན་རྣམས་ལ་ཡང་དག་པའི་རྩོམ་རིག་གི་འཕེལ་ཕྱོགས་སུ་འགྲོ་དགོས་པར་གསལ་འདེབས་བྱས་ཡོད།
གཉིས། སློབ་ཚན་གྱི་དཔེ་མཚོན་ཞིབ་བརྗོད།(案例描述)
«བསྟོད་པ་བཀླགས་པའི་འཆར་སྣང»ཞེས་པའི་སློབ་ཚན་འདིར་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་དུས་མགོར། བོད་ཀྱི་རྩོམ་པ་པོས་རྩོམ་རིག་གསར་རྩོམ་གྱི་ཁ་ཕྱོགས་མ་རྙེད་པར། སྲོལ་རྒྱུན་བསྟོད་རྩོམ་གྱི་རྣམ་པ་ཁོ་ན་དོན་དུ་གཉེར་བའི་སྣང་ཚུལ་ལ་དགག་རྒྱག་དང་སུན་འབྱིན་ཟུར་ཟ་བཅས་བྱས་ཏེ་རྩོམ་རིག་གསར་རྩོམ་བྱེད་ན། རྩོམ་པ་པོའི་རིག་གནས་ཀྱི་ཆུ་ཚད་མཐོ་ཞིང་རྩོམ་རྩལ་རྫོགས་པ་དང་། བརྩམས་ཆོས་ཀྱི་བརྗོད་བྱ་སྤྱི་ཚོགས་འཚོ་བའི་བདེན་གྲུབ་ལ་གཞོལ་བ་ཤ་སྟག་ཡིན་པ། སྒྱུ་རྩལ་མཚོན་སྟངས་སྣ་མང་སོགས་ལ་བརྟེན་ནས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཀྱི་ནུས་པ་ལྡན་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་གསར་རྩོམ་བྱེད་དགོས་པ་བསྟན་ཡོད། དེ་བས་སློབ་མ་རེ་རེ་ནི་རྣམ་དཔྱོད་ཀྱི་རིག་པ་འབར་ཞིང་བློ་གྲོས་ཀྱི་ཉི་འོད་བཀྲ་བའི་གཏིང་རིམ་གྱི་མུན་པ་དྲུང་ནས་ཕྱུང་མཁན་དེ་ཡིན་པས་ན། ཁོ་ཚོའི་བསམ་གཞིག་གི་རིན་ཐང་ནི་གཏིང་དཔག་དཀའ་བ་ཞིག་ཡིན། དེ་དག་གི་བློ་རིག་བག་ལ་མི་ཞ་བའི་སླད་དུ་སློབ་ཚན་འདིའི་ཞིབ་བརྗོད་དབྱེ་ཞིབ་ཁྲོད་ནས་དགེ་སློབ་ཟུང་འབྲེལ་ངང་སློབ་ཁང་སློབ་ཁྲིད་ཀྱི་ཆོས་ཉིད་ལ་གཞི་བཅོལ་ནས་སློབ་མའི་བསམ་གཞིག་གི་སྒོ་མོ་ཡངས་མོར་ཕྱེ་རུ་བཅུག་ནས་སྤྲོ་སྣང་དང་ལག་ལེན་གྱི་ཕྱོགས་ལ་འཇུག་པར་གཅེས་སོ། །
ཀ དགེ་རྒན། བསྟོད་པའི་རྩོམ་གྱི་རྫ་གོག་ཏུ། །སྡོར་ཐལ་ཚྭ་གསུམ་མི་འདེབས་པར། །རོ་བཅུད་རྩི་གསུམ་འདོན་པ་ལ། །ཟྭ་ལ་ཟྭ་ཀ་བཏབ་པས་ཅི། །ཨ་ཁུ་འབྲོང་གི་དབང་བོ་རྣམས། །གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །རི་བོང་བློ་ལྡན་འདི་དག་གི །གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །ཅེས་པའི་ཚིག་དུམ་འདི་རྩོམ་པ་པོའི་སློབ་ཚན་དུ་བཀོད་ཡོད་པས་འདིའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་སུ་ཡིས་ཤེས་སམ།
ཁ། སློབ་མ། དམངས་ཁྲོད་ཀྱི་གནའ་གཏམ་ཞིག་རེད་ཟེར།
ག སློབ་མ། ཨ་མ་དྲེད་མོང་དང་རི་བོང་བར་གྱི་ཀླན་ཀ་ཞིག་རེད་ཟེར།
ང་། སློབ་མ། སྔོན་ཆད་ཨ་མས་བཤད་མྱོང་མོད་གསལ་བོ་ཞིག་མི་དྲན་གི་ཟེར།
ཅ། སློབ་མ། རི་བོང་གིས་ཚོད་མ་བཅོས་པའི་གནའ་གཏམ་བཤད་ཤེས་ཟེར།
ཆ། སློབ་མ་ཡོངས་ཀྱིས་འུར་ཆི་ལེར་རི་བོང་དང་འབྲེལ་བའི་གཏམ་གླེང་སྣ་ཚོགས་བྱུང་།
དགེ་རྒན། ངོ་མ་བཟང་། སྤྱིར་སྐད་ཡིག་སློབ་ཁྲིད་ཞིག་ཡིན་ན་ངེས་པར་དུ་དམངས་ཁྲོད་ཀྱི་གཏམ་རྒྱུད་འདི་ལྟ་བུའི་ཕྱོགས་ལ་དོ་སྣང་དང་ཡིད་འཇོག་བྱེད་དགོས། དེ་ན་ཞོལ་ནས་སློབ་ཚན་དང་འབྲེལ་ནས་གཏམ་རྒྱུད་འདི་ཡང་བསྐྱར་ཅིག་བཤད་ན་འདི་ལྟར་སྟེ། «ཨ་མ་དྲེད་མོང་དང་རི་བོང»ཞེས་པའི་གཏམ་རྒྱུད།
སྔོན་རི་ལུང་ནགས་ཚལ་གྱིས་བརྒྱན་པ་ཞིག་ཏུ་དྲེད་མོང་དང་རི་བོང་ཚང་གཉིས་མཉམ་དུ་ཡོད་ལ། ཉིན་ཞིག་ཨ་མ་དྲེད་མོང་དང་རི་བོང་གཉིས་ཡུལ་གཞན་དུ་གྲོ་མ་རྐོ་རུ་སོང་། ཨ་མ་དྲེད་མོང་སྒྱིད་ལུག་གི་དབང་དུ་གྱུར་པས་གྲོ་མ་ཉུང་ཙམ་ལས་རྐོ་མ་ཐུབ། ཨ་མ་རི་བོང་གིས་གྲོ་མ་མང་བོ་རྙེད་པས། ཨ་མ་དྲེད་མོང་གིས་གྲོ་མ་འཕྲོག་པའི་ཆེད་དུ་ཨ་མ་རི་བོང་བསད། ཨ་མ་རི་བོང་གི་ཤ་དང་གྲོ་མ་རྣམས་ཁྱེར་ནས་ཁྱིམ་དུ་ལོག རི་ཕྲུག་གིས་ཨ་མ་དྲེད་མོང་ཡོང་བ་མཐོང་མ་ཐག སྐད་མཐོན་པོས་”ངའི་ཨ་མ་ཡོང་གི་ཨེ་ཡོད་གི”ཞེས་དྲིས་པ་ན། “ཁྱོད་ཀྱི་ཨ་མ་གྲོ་ལམ་གོང་མ་ན་ཡོང་བཞིན་ཡོད།”ཅེས་ལན་བཏབ། དེ་ནས་ཡུད་ཙམ་འགོར་རྗེས། སླར་ཡང་དྲིས་པ་ན། “ཁྱེད་ཀྱི་ཨ་མ་གྲོ་ལམ་བར་མ་ན་ཡོང་བཞིན་ཡོད”ཅེས་བཤད། དེ་ནས་ས་རུབ་ལ་ཉེ་བའི་ཚེ། ཡང་བསྐྱར་དྲིས་པ་ན། “ཁྱེད་ཀྱི་ཨ་མ་གྲོ་ལམ་ཞོལ་མ་ན་ཡོང་བཞི་ཡོད་”ཅེས་བཤད།
ཨ་མ་དྲེད་མོང་གིས་བཤད་པའི་སྐད་ཆ་དེར་རི་ཕྲུག་ཡིད་མ་ཆེས་པས། དྲེད་མོང་ཚང་གི་སྒོ་ཁར་སོང་ནས་ལྐོག་ཉན་བྱས་པ་ན། ཨ་མ་དྲེད་མོང་གིས་དྲེད་ཕྲུག་ལ། “འདི་ནི་རི་བོང་གི་ཨ་མའི་རྐང་བ་རེད། འདི་རི་བོང་ཨ་མའི་ཚང་ར་རེད།”ཅེས་བཤད་བཞིན་པ་ཐོས། དེ་ནས་རི་ཕྲུག་གིས་རང་གི་ཨ་མ་དྲེད་མོང་གིས་བསད་སོང་བ་རྟོགས་ནས་དགྲ་ཤ་ལེན་བསམ་མོད། འོན་ཀྱང་། རང་གི་ལུས་སྟོབས་ཆུང་བས་གནས་སྐབས་སུ་བྱ་ཐབས་བྲལ་ཡང་ཕྱིས་སུ་བློ་རིག་ལ་བརྟེན་ནས་དགྲ་ཤ་ལེན་དགོས་སྙམ།
ཕྱི་ཉིན། རི་ཕྲུག་གིས་དྲེད་ཕྲུག་བོས་ནས་ཕྱི་རོལ་ཏུ་རྩེ་རུ་སོང་། རི་ཕྲུག་གིས་དྲེད་ཕྲུག་ལ། “འུ་གཉིས་ཀྱིས་མདའ་རྩེ་དང་མདུང་རྩེ་བྱས་ན་ཅི་འདྲ་རེད།”ཅེས་དྲིས་པ་ན། དྲེད་ཕྲུག་གིས“ད་ནངས་ཨ་མས་མདའ་རྩེ་མ་བྱེད་གི”ཞེས་བཤད། དེ་ནས་རི་ཕྲུག་གིས། “འུ་གཉིས་ཆུ་རྩེ་བྱས་ན་ཅི་འདྲ་རེད་ཅེས”དྲིས་པ་ན། དྲེད་ཕྲུག་གིས“ད་ནངས་ཨ་མས་ཆུ་རྩེ་མ་བྱེད་ཟེར་གི”ཞེས་བཤད། དེ་ནས་་རི་ཕྲུག་གིས“འོ་ན་འུ་གཉིས་རྡོ་རྩེ་བྱེད”ཅེས་པ་ན། དྲེད་ཕྲུག་གིས“ད་ནངས་ཨ་མས་རྡོ་རྩེ་མ་བྱེད་མི་ཟེར་གི”ཞེས་ཁོ་གཉིས་རྡོ་བྱེད་རྒྱུར་གྲོས་འཆམ་བྱུང་། ཁོ་གཉིས་ཀས་རྡོ་བརྩིགས་ནས། དེའི་འོག་ཏུ་ཕར་གོག་ཚུར་གོག་བྱས་ནས་རྩེ་བཞིན་པའི་སྐབས་ཤིག་ཏུ། རི་ཕྲུག་གིས་རྡོ་འགྱེལ་དུ་བཅུག་ནས་དྲེད་ཕྲུག་རྡོའི་འོག་ཏུ་གཅིར་ནས་བསད་རྗེས། དེ་ནས་མ་བསྡད་པར་མྱུར་དུ་ཡུལ་གཞན་ཞིག་ཏུ་བྲོས།
ཨ་མ་དྲེད་མོང་གིས་རང་གི་དྲེད་ཕྲུག་བསད་འདུག་པ་མཐོང་རྗེས། རི་ཕྲུག་ངན་གསོད་བྱེད་དགོས་སྙམ་ནས་དེའི་རྗེས་དེད་ནས་བདའ། རི་ཕྲུག་བྲོས་བྲོས་མཐར་ལུག་རྫི་ཞིག་ལ་འཕྲད་པ་ན། རི་ཕྲུག་གིས་དབུགས་ཧལ་བཞིན་“ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རིས་རང་གིས་བསད་ཐལ། ད་སྦས་ས་ཡོད་ན་སྦས་རན་རེད། སྐུང་ས་ཡོད་ན་་སྐུང་རན་རེད། ཨ་མ་དྲེད་མོང་ཐོན་ལ་ཡོད།”ཅེས་བཤད་པ་ན། ལུག་རྫིས“ཁྱོད་མྱུར་དུ་ངའི་ལུག་གི་རྒྱབ་ཀྱི་བལ་གསེང་ལ་འཛུལ”ཞེས་བཤད། ཨ་མ་དྲེད་མོང་ཐོན་ནས་ལུག་རྫི་ལ། “རྐང་བ་རིང་བོ་ཅན། ལག་པ་ཐུང་ཐུང་ཅན། རྣ་བ་ཀྱོར་ཀྱོར་ཅན་ཞིག་མ་རིག་གམ། མ་རིག་ཟེར་ན་མིག་ཡས་འདོན་ན། མ་གོ་ཟེར་ན་རྣ་ཡས་གཅོད་རྒྱུ།”ཞེས་ཟེར་བ་ན། ལུག་རྫིས“རི་བོང་ཕྲོས་ཤིག”ཅེས་བཤད་མ་ཐག་རི་ཕྲུག་བལ་གསེང་ནས་མཆོངས་ལྡིང་ཞིག་བྱས་ནས་བྲོས་པ་རེད། རི་ཕྲུག་བྲོས་བྲོས་མཐར་རྟ་རྫི་ཞིག་ལ་འཕྲད་པ་ན། “ཕ་ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རིས་རང་གིས་བསད་ཐལ། ད་སྦས་ས་ཡོད་ན་སྦས་རན་རེད། སྐུང་ས་ཡོད་ན་་སྐུང་རན་རེད། ཨ་མ་དྲེད་མོང་ཐོན་ལ་ཡོད།”ཅེས་བཤད་པ་ན། རྟ་རྫིས“ཁྱོད་མྱུར་དུ་ངའི་རྟའི་རྔ་མའི་ནང་དུ་འཛུལ།”ཞེས་བཤད།
ཨ་མ་དྲེད་མོང་ཐོན་ནས་རྟ་རྫི་ལ། “རྐང་བ་རིང་བོ་ཅན། ལག་པ་ཐུང་ཐུང་ཅན། རྣ་བ་ཀྱོར་ཀྱོར་ཅན་ཞིག་མ་རིག་གམ། མ་རིག་ཟེར་ན་མིག་ཡས་འདོན་ན། མ་གོ་ཟེར་ན་རྣ་ཡས་གཅོད་རྒྱུ།”ཞེས་ཟེར་བ་ན།
རྟ་རྫིས“རི་བོང་ཕྲོས་ཤིག”ཅེས་བཤད་མ་ཐག་རི་ཕྲུག་རྟའི་རྔ་མའི་ནང་ནས་མཆོང་ལྡིང་ཞིག་བྱས་ནས་བྲོས།
དེ་ནས་བྲོས་བྲོས་མཐར་འབྲོང་ཞིག་ལ་འཕྲད་པ་ན། “ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རིས་རང་གིས་བསད་ཐལ། ད་སྦས་ས་ཡོད་ན་སྦས་རན་རེད། སྐུང་ས་ཡོད་ན་སྐུང་རན་རེད། ཨ་མ་དྲེད་མོང་ཐོན་ལ་ཡོད།”ཅེས་བཤད་པ་ན། འབྲོང་གིས་ཁྱོད“ངའི་རྣ་ནང་ལ་འཛུལ”ཞེས་བཤད། ཨ་མ་དྲེད་མོང་ཐོན་ནས་འབྲོང་ལ། “རྐང་བ་རིང་བོ་ཅན། ལག་པ་ཐུང་ཐུང་ཅན། རྣ་བ་ཀྱོར་ཀྱོར་ཅན་ཞིག་མ་རིག་གམ། མ་རིག་ཟེར་ན་མིག་ཡས་འདོན་ན། མ་གོ་ཟེར་ན་རྣ་ཡས་གཅོད་རྒྱུ།”ཞེས་ཟེར་བ་ན། འབྲོང་ཁོང་ཁྲོ་ལངས་ནས་རྡུང་ཐེངས་གཅིག་གིས་དྲེད་མོང་རྭ་རྩེར་བླངས་ནས་བསད། དེ་ནས་འབྲོང་གིས“ངས་དྲེད་མོང་བསད་ཟིན། ད་ལྟ་འཇིགས་སྐྲག་ཅི་ཡང་སྐྱེས་མི་དགོས། ཁྱོད་མྱུར་དུ་ཕྱིར་ཤོག”ཅེས་བཤད། རི་ཕྲུག་འབྲོང་གི་རྣ་ནང་ནས་ཕྱིར་བུད་ནས་བལྟས་ཚེ། དྲེད་མོང་བསད་འདུག་པ་མཐོང་ནས་དགའ་སྤྲོ་ཆེན་པོས་ཨ་ཁུ་འབྲོང་ལ། “ཨ་ཁུ་འབྲོང་གི་རྭ་གསེར་རྭ་རེད། ཨ་ཁུ་འབྲོང་གི་ཁ་གསེར་ཁ་རེད། ཨ་ཁུ་འབྲོང་གི་མིག་གསེར་མིག་རེད། ཨ་ཁུ་འབྲོང་གི་སྣ་གསེར་སྣ་རེད། ཨ་ཁུ་འབྲོང་གི་ལྕེ་གསེར་ལྕེ་རེད།”ཅེས་བསྟོད་པ་བྱས་པ་ལ། ཨ་ཁུ་འབྲོང་དགའ་ནས་ད་དུང་བསྟོད་པ་བྱོས་ཟེར་བ་ལ། རི་ཕྲུག་མ་དགའ་བར་བྲག་རྡོ་ཞིག་གི་སྟེང་ལ་བུད་དེ། ངས་ཁྱོད་ལ་དེ་ལས་ལྷག་པའི་བསྟོད་པ་བྱེད་ཅེས། “ཨ་ཁུ་འབྲོང་གི་རྭ་སྐྱག་རྭ་རེད། ཨ་ཁུ་འབྲོང་གི་ཁ་སྐྱག་ཁ་རེད། ཨ་ཁུ་འབྲོང་གི་རྣ་སྐྱག་རྣ་རེད།”ཅེས་འཕྱ་དམོད་བྱས་པ་ན། ཨ་ཁུ་འབྲོང་གིས་ངས་ཁྱོད་ཀྱི་སྲོག་བསྐྱབས་ནའང་དྲིན་ཆེན་ལ་དྲིན་ལོག་བྱེད་དོན་ཅི་ཡིན་ཞེས་ཁོང་ཁྲོ་དང་བཅས་ཏེ་སྟོབས་ཤུགས་ཡོད་རྒུས་རི་ཕྲུག་ལ་བརྡུངས་བ་ན། བདེ་མྱུར་ཅན་གྱི་རི་ཕྲུག་རྡོ་ཐོག་ནས་ཕར་མཆོངས། འབྲོང་གི་ཐོད་པ་བྲག་རྡོ་ལ་ཐོད་གཏུགས་བརྒྱབ་ནས་ཤིའོ། །
སློབ་མ། ད་ནི་གཏམ་རྒྱུད་ཆ་ཚང་བཤད་ཤེས་ལ་སློབ་ཚན་དུ་བཀོད་པའི་རྒྱུ་མཚན་ཀྱང་ཅུང་ཧ་གོ་སོང་ཟེར།
དགེ་རྒན། གཏམ་རྒྱུད་འདི་ལས་མི་དང་བྱ་དངོས་གང་ཡིན་རུང་བསྟོད་པ་བྱེད་ལོས་དགོས་ཀྱང་། བསྟོད་པ་བྱས་ནའང་ཆོག་མོད། ཧ་ཅང་ཐལ་དྲགས་མི་རུང་བའི་གནས་ལུགས་ཤུགས་ནས་བསྟན་ཡོད་པ་རེད། མ་ཟད་མི་ལ་ལས་ཁ་ཡག་ངོ་དགའ་བྱས་ནས་ཉི་མ་འཁྱོལ་ཐབས་བྱེད་པའི་བྱ་སྤྱོད་ལ་ཟུར་ཟ་དང་ཐེར་འདོན་བྱས་ཡོད་པ་རེད།
གསུམ། སློབ་ཚན་གྱི་དཔེ་མཚོན་ཕྱིར་རྟོག(案例反思)
༡ སློབ་མའི་རྩོམ་འབྲི་དང་སློབ་ཚན་ལ་གོ་བ་ལེན་པར་དམངས་ཁྲོད་གཏམ་རྒྱུད་ལས་འཇུག་སླ་བ།
སྤྱི་ཚོགས་འཚོ་བ་དང་རྩོམ་གྱི་བརྗོད་བྱ་གྲུབ་ཚུལ། རྩོམ་རིག་གི་འབྱུང་ཁུངས་དངོས་དེ་ཅི་ཡིན་ཞེ་ན། དེ་ནི་སྤྱི་ཚོགས་འཚོ་བ་ཡིན་ཏེ། མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྟར་ན། འཇིག་རྟེན་གྱི་ངོ་བོ་ནི་དངོས་པོ་ཡིན་པས། དངོས་པོའི་འཇིག་རྟེན་ནི་ཨང་དང་པོ་དང་། འདུ་ཤེས་ནི་དངོས་པོའི་ཚུར་སྣང་ཡིན་པས་ཨང་གཉིས་པར་འདོད། དེས་ན། སྤྱི་ཚོགས་གནས་པས་སྤྱི་ཚོགས་ཀྱི་འདུ་ཤེས་ཐག་གཅོད་ཕྱིར། ཕྱི་རོལ་ཡུལ་དུ་གནས་པའི་སྤྱི་ཚོགས་འཚོ་བ་ནི་ཨང་དང་པོ་དང་།འདུ་ཤེས་འཛིན་སྟངས་ཀྱི་ཁོངས་སུ་གཏོགས་པའི་རྩོམ་རིག་ནི་སྒྱུ་རྩལ་ནི་ཨང་གཉིས་པ་སྟེ། དེ་གཉིས་བར་གྱི་འབྲེལ་བ་ནི་ཐག་གིས་གཅོད་བྱེད་དང་གཅད་བྱ། མཚོན་བྱ་དང་མཚོན་བྱེད་བར་གྱི་འབྲེལ་བ་ཡིན་ཏེ། འཚོ་བ་ནི་མཚོན་བྱ་ཡིན་ལ། རྩོམ་རིག་ནི་མཚོན་བྱེད་ཀྱི་རྣམ་པ་ཡིན་པས། མཚོན་བྱ་མེད་ན་མཚོན་བྱེད་མེད་ལ། མཚོན་བྱའི་འཚོ་བ་དང་ཁ་བྲལ་ཚེ་རྩོམ་རིག་ཀྱང་འབྱུང་མི་སྲིད་པས། རྩོམ་རིག་གང་ཞིག་ཡིན་རུང་ཡོངས་རྫོགས་འཚོ་བ་ལས་བྱུང་བ་འདི་ནི་མར་ལེ་རིང་ལུགས་པའི་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བ་རེད།
རྩོམ་རིག་ལོ་རྒྱུས་དངོས་ལ་བལྟས་ན། བརྩམས་ཆོས་མང་ཆེ་བས་འཚོ་བ་དངོས་ཐད་ཀར་དུ་མཚོན་ཞིང་། མི་སྣ་དང་དོན་རྐྱེན་རྣམས་སྤྱི་ཚོགས་འཚོ་བ་ལས་ཐོན་པ་མངོན་གསལ་རེད། སྒོས་སུ་རིག་གནས་གསར་བརྗེའི་སྐབས་སུ་མང་ཚོགས་ཀྱི་ལུས་སེམས་སུ་བརྣག་པར་དཀའ་བའི་སྡུག་བསྔལ་གྱི་རྨ་ཤུལ་བཞག་པ་མཚོན་པའི་རྩོམ་རིག་གཅིག་རྗེས་གཉིས་མཐུད་དུ་བྱུང་། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས། མི་དམངས་ཀྱི་འཚོ་བ་ཇེ་བཟང་དུ་སོང་བའི་དགེ་མཚན་ལ་བསྔགས་བརྗོད་བྱེད་པའི་བརྩམས་ཆོས་ཏེ། དཔེར་ན། «དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ།» «མི་རབས་གསུམ་གྱི་ཕྲུག་ལྭ»སོགས་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་དུ་བྱུང་བ་དང་། བོད་ཀྱི་སྤྱི་ཚོགས་སུ་བསམ་བློ་རྙིང་བའི་ལྟ་བ་རྨང་མཐུག་ཅིང་། གཉེན་དོན་ལ་རང་དབང་མེད་པ། ཆོས་ལུགས་ཀྱི་ཕྱི་གོས་གྱོན་ཏེ་མང་ཚོགས་ལ་མགོ་སྐོར་གཏོང་བ་སོགས་མི་ཉུང་བ་ཞིག་གནས་པ་ལ་བརྟེན་ནས། «སད་ཀྱིས་བཅོམ་པའི་མེ་ཏོག» «སྤྲུལ་སྐུ།» «ལམ་ཕྲན་སྟེང་གི་དོགས་གཞི»སོགས་མུན་པའི་ཕྱོགས་ཐེར་འདོན་བྱེད་པའི་བརྩམས་ཆོས་གང་མང་བྱུང་ཡོད། བརྩམས་ཆོས་འདི་དག་གི་བརྗོད་བྱ་ནི་བོད་ཀྱི་སྤྱི་ཚོགས་སུ་དངོས་སུ་གནས་པའི་དོན་དངོས་ཡིན་ཞིང་། གལ་ཏེ་འདི་ལྟ་བུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་མེད་ན་དེ་ལྟ་བུའི་བརྩམས་ཆོས་འབྱུང་མི་སྲིད། དེ་བས་སློབ་ཚན་འདིའི་ནང་དུ་དྲངས་པའི་གཏམ་རྒྱུད་འདི་དག་ཀྱང་དམངས་ཁྲོད་རྩོམ་རིག་གི་ས་བོན་ཡིན་པས་སློབ་མའི་ཉན་སྤྲོ་ལ་འཇུག་བདེ་བས་འཐུས་སོ། །
༢ དགེ་སློབ་ཟུང་འབྲེལ་གྱིས་རང་གི་མཐོང་ཐོས་མྱོང་གསུམ་མཉམ་དུ་འཆད་དེ་ལོངས་སུ་སྤྱོད་པ།
རྩོམ་རིག་གསར་རྩོམ་ལ་འཇུག་ན་འཚོ་བའི་རྨང་གཞི་བརྟན་པོ་ཞིག་ཡོད་དགོས་པའི་སྐོར་ལ། གནའ་དེང་ཀྲུང་ཕྱིའི་མཁས་པ་མང་པོ་ཞིག་གིས་གསུང་མྱོང་སྟེ། དགེ་འདུན་ཆོས་འཕེལ་གྱིས། སུམ་རྟགས་ཤེས་ཙམ་དང་། མིང་གི་མངོན་བརྗོད་ཆ་ཚང་ཞིག་བློར་འཛིན་བྱས་ཏེ། སྙན་ངག་ལེའུ་སུམ་ཆར་ཁྲིད་ནའང་། མཐོང་ཐོས་དང་་རང་གི་གཤིས་ལ་མེད་ན། ཇི་ལྟར་བྱས་རུང་ཚིགས་བཅད་རྐང་བ་འགྲིག་པ་ཙམ་ནི་ལོས་ཡོད། འོན་ཀྱང་སྙན་ངག་ལ་དགོས་རྒྱུའི་བྲོ་བ་འདོན་ཐུབ་པ་ཞིག་མི་ཡོང་བར་འདུག་ཅེས་གསུང་འདིར་བཤད་པའི་མཐོང་ཐོས་ཞེས་པ་ནི་འཚོ་བའི་ཉམས་མྱོང་ལ་བསྟན་པ་ཡིན་ཞིང་། གཞན་ཡང་། ཧྥ་རན་སིའི་རྩོམ་མཁན་ཧྥུ་ལོ་པེར་གྱིས། ཇི་ལྟ་བའི་མི་སྣ་ཞིག་གསར་བཟོ་བྱེད་ན། དེ་ལྟ་བུའི་མི་སྣའི་འཚོ་བ་རོལ་དགོས་ཞེས་དང་། ཨུ་རུ་སུའི་སྙན་ངག་པ་གྲགས་ཅན་ཕུ་ཧྲི་ཁེན་གྱིས་ཕུའུ་ཅ་ཅོ་ཧྥུ་ཡི་ཞིང་པའི་འོས་ལངས་ཀྱི་རྒྱུ་ཆ་སྡུད་གསོག་བྱེད་ཆེད། རང་ཉིད་དངོས་སུ་ཁྰ་ཧྲན་དང་ཞིན་པིར་ཟི་ཁེ། ཨོ་ལོན་པོ་སོགས་གྲོང་ཁྱེར་ལ་ཕེབས་ནས་ལྟ་ཞིབ་དང་རྟོག་དཔྱོད་པར་བརྟེན་ནས་ཧྲང་ཝེའུ་བུ་མོཞེས་པའི་སྒྲུང་གཏམ་དེ་སྤེལ་ཐུབ་པ་རེད།དེས་ན། གསར་རྩོམ་ལ་འཇུག་ན། ཐོག་མར་འཚོ་བ་དངོས་ལ་ཟབ་ཞུགས་བྱེད་འདོད་ཀྱི་སྤྲོ་སྣང་ཡོད་དགོས་ཤིང་། གཉིས་ནས་རང་ཉིད་ཀྱིས་བྲི་བར་བྱ་བའི་འཚོ་བའི་ཆ་རྒྱུས་གཏིང་ཟབ་ཅིག་ཡོད་དགོས་པ་དང་། གསུམ་ནས་རང་ཉིད་ཀྱི་མཐོང་རྒྱ་བསྐྱེད་པའི་དུས་མཚུངས་སུ། ཕྱོགས་གཅིག་གཙོ་བོར་བཟུང་ནས་རྟོག་དཔྱོད་ནན་མོ་བྱེད་དགོས། དེའི་ཕྱིར་སློབ་མ་རང་ངོས་ནས་ཆུང་དུས་ཕ་མའི་བཤད་པའི་གཏམ་རྒྱུད་གཞིར་བཅས་རང་གི་འཚོ་བའི་བརྒྱུད་རིམ་ལས་དངོས་སུ་མྱངས་པའི་དོན་དག་རྣམས་སློབ་སྦྱོང་གི་ཤེས་བྱའི་ལག་ཆར་བཀོལ་རྒྱུ་དེ་གལ་འགངས་ཆེའོ། །
༣ སློབ་མའི་རང་རློམ་དང་སྤོབས་པ་ལ་ང་ཚོས་འོས་འཚམ་གྱིས་གདེང་འཇོག་བྱེད་དགོས།
སློབ་ཚན་ཞིག་ཀློག་པའི་དབང་དུ་བཏང་ནའང་སློབ་མ་རེ་རེ་ཡི་ཚོར་འདུ་དང་གོ་བ་ལེན་སྟངས། བསམ་བློའི་འཁོར་ཕྱོགས། རིག་ལམ། དཔྱད་འབྲས། སྒྲིག་གཞིའི་བཀོད་པ་སོགས་འདྲ་མིན་སྣ་ཚོགས་འབྱུང་སྲིད་པ་འཇིག་རྟེན་གཏམ་ལས་ཀྱང་། མི་སུམ་ཅུར་བསམ་པ་སུམ་ཅུ། །མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཟེར་བ་ལྟར། སློབ་མའི་སྨྲ་བརྗོད་དང་རང་དབང་། བསམ་གཞིག་གི་སྒོ་མོ་གཏན་ནས་གཅོད་མི་རུང་བར་དགེ་སློབ་བར་ཤེས་བྱ་མཉམ་སྤྱོད་བྱེད་པའི་ཁོར་ཡུག་བསྐྲུན་དགོས། དེ་ལྟར་བྱས་ན་སློབ་མའི་སློབ་ཚན་སྔོན་སྦྱོང་གི་གོམས་གཤིས་ཆགས་སྲིད་ལ་རིག་པ་འཕེལ་ནས་བསླབ་བྱ་སོ་སོར་སུན་སྣང་མེད་པར་བདེ་བླག་ངང་འཇུག་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་གིས་ཐོན་ཐུབ་པར་གདོན་མི་ཟའོ། །
བཞི། སློབ་ཚན་གྱི་དཔེར་མཚོན་སྤྱི་སྡོམ།(案例总结)
སློབ་ཚན་འདི་ནི་ཚིགས་བཅད་ཀྱི་ལམ་ནས་བྲིས་པའི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན་ལ། བསྟོད་རྩོམ་གྱི་ཉེས་སྐྱོན་ལ་དགག་སྒྲུབ་བྱས་ཤིང་། གསར་རྩོམ་གྱི་གེགས་སུ་གྱུར་བའི་ཉེས་སྐྱོན་རྣམས་སྦ་གསང་མེད་པར་ཐེར་འདོན་བྱས་ཡོད་པ་སྟེ། བསྟོད་རྩོམ་བྲིས་ནས་རྩོམ་པ་པོ་འགྱུར་འདོད་པ་དག་ལ་བསླབ་བྱ་ནན་མོ་གནང་ཡོད། དཔེར་ན། “འདི་དག་བསྟོད་ཚིག་ཡ་གཅིག་གིས། །དབྱངས་ཅན་ཁུགས་པ་དེ་བས་མཚར། །བསྟོད་པའི་རྩོམ་གྱི་རྫ་གོག་ཏུ། །སྡོར་ཐལ་ཚྭ་གསུམ་མི་འདེབས་པར། །རོ་བཅུད་རྩི་གསུམ་འདོན་པ་ལ། །ཟྭ་ལ་ཟྭ་ཀ་བཏབ་པས་ཅི། །ཨ་ཁུ་འབྲོང་གི་དབང་བོ་རྣམས། །གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །རི་བོང་བློ་ལྡན་འདི་དག་གི །གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །”ཅེས་སོགས་ཚིག་བཙན་ཞིང་རྣོ་བ་དང་། ཕྱི་རབས་སློབ་མ་དག་གིས་གོ་སླ་བའི་ཆེད་དུ་དམངས་ཁྲོད་གཏམ་རྒྱུད་ལ་སྦྱར་བའི་སྒོ་ནས་སུན་འབྱིན་དང་ཟུར་ཟ་བྱས་ཡོད། མདོར་ན་འདི་ནི་གནས་ལུགས་རིགས་སྒྲུབ་དང་། དོན་ལ་བདེན་ལུགས་ཀྱིས་ཕྱུག་ཅིང་གནས་ལུགས་ཁུངས་བཙུན་པ། དཔེ་འཇོག་གཟུགས་འགོད་ཀྱི་མཚོན་ཐབས་བརྟེན་པ། གཞན་བསླབ་བྱའི་རང་བཞིན་ལྡན་པ་སྟེ། དགེ་སྐྱོན་གྱི་དབྱེ་བ་ཕྱེས་ནས་སྤང་བླང་གི་ཚུལ་དངོས་ཤུགས་གང་རུང་ནས་བསྟན་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།