logo

མཐོ་འབྲིང་དུས་རིམ་ལ་ཕུལ་བྱུང་འཛིན་གྲྭ་དགར་བའི་དགེ་སྐྱོན་སྐོར་གྱི་བསམ་གཞིག

རྩོམ་པ་པོ།:མགོན་པོ་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-10-19 ཀློག་གྲངས།:
གླེང་གཞི།
       དེ་ཡང་ཇི་སྐད་དུ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས“སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀུན་སྤྱོད་ལེགས་པ་དང་ཤེས་ཡོན་ལྡན་པ་ཞིག་ཡོང་བའི་སློབ་གསོ་བྱེད་དགོས་ན། སློབ་གསོའི་བྱེད་ཐབས་ལ་མཁས་པའི་དགེ་རྒན་དགོས་ཤིང་། དགེ་རྒན་དེ་ཡང་དཔེ་དེབ་ཐོག་ཏུ་འཁོད་པའི་ཚིག་དོན་རྣམས་སློབ་མར་འཆད་ཤེས་པ་ཙམ་གྱིས་མི་འགྲིག་པར་སློབ་གསོ་རིག་པའི་གཞུང་ལུགས་ཆ་ཚང་ཞིང་བརྒྱུད་རིམ་ཡོད་པ་ཞིག་གིས་མཛུབ་སྟོན་བྱེད་དགོས”ཞེས་དགེ་རྒན་ལ་བླང་བྱ་ནན་མོ་བཏོན་ཡོད་པ་བཞིན། སློབ་གསོ་ནི་མིའི་རིགས་ཐུན་མོང་གིས་མཐོང་ཆེན་དང་གཙིགས་འཛིན་བྱེད་པའི་མིའི་བསམ་བློའི་བྱང་ཚད་དང་ཤེས་ཡོན་སོགས་གོང་འཕེལ་གཏོང་བྱེད་ཀྱི་ལག་ཆའི་མཆོག་ཡིན་ལ། སློབ་གསོ་ཞེས་པའི་ཐ་སྙད་འདི་གླེང་དགོས་ན་ཐོག་མར་འདི་ལ་སྤྱིའི་རྣམ་དབྱེ་གསུམ་དུ་འདུ་སྟེ། ཁྱིམ་ཚང་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་གསུམ་ལས་དཔྱད་པའི་ལས་གཙོ་བོ་ནི་སློབ་གྲྭའི་སློབ་གསོ་ལས་མཐོ་འབྲིང་དུས་རིམ་ནང་གི་ཕུལ་བྱུང་འཛིན་གྲྭ་དགར་བའི་དགེ་སྐྱོན་ཐད་ཀྱི་བསམ་གཞིགས་བཏང་བ་ཞིག་ཡིན།
དང་པོ། ཕུལ་བྱུང་འཛིན་གྲྭ་དགར་བའི་ལེགས་ཆ།
       ས་སྐྱ་པཎ་ཆེན་གྱི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་པའི་རབ་བྱེད་དང་པོ་མཁས་པ་བརྟག་པ་ལས“མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །”ཞེས་བཟང་པོར་བཟང་འགྲོགས་བྱས་ན་ཡོན་ཏན་ལྡན་པ་ཆོས་ཉིད་དུ་འགྲོ་བ་ལྟར། ཕུལ་བྱུང་འཛིན་གྲྭ་དགར་ན་སློབ་མ་སློབ་སྦྱོང་ལ་བཟང་པོ་དག་གིས་རང་ཉིད་ལེགས་པའི་གྲས་སུ་གང་ནུས་ཀྱིས་ཚུད་ཐུབ་པ་བྱེད་པར་འབད་པ་བྱེད་ཅིང་། ཕན་ཚུན་གྱི་ནུས་པ་བཟང་པོར་སློབ་སྦྱོང་བྱེད་པའི་འདུན་པ་དང་འགྲན་སེམས་ཆེ་ལ། རང་ཉིད་ཇེ་ལེགས་སུ་གཏོང་བའི་དམིགས་དཔེ་མཐུན་རྐྱེན་དུ་བསྐྲུན་པ་ཞིག་ཡིན། གཞན“མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། །བླུན་པོ་འཇུག་པའི་ལམ་མི་འགྲོ། །ཆར་སྡོད་བྱེའུ་སྐོམ་ན་ཡང་། །ས་ལ་བབས་པའི་ཆུ་མི་འཐུང་། །”ཞེས་པ་ལྟར་ལེགས་སྐྱོང་བྱས་པའི་སློབ་མ་བྱེ་བྲག་པ་ཁོ་ཚོས་མི་རིགས་དང་རྒྱལ་ཁབ། ཐ་ན་ས་གནས་བཅས་ལ་ཕན་པ་མ་བསྐྱེད་ན་གནོད་པ་མི་བཟོ་བ་ཡིན་པས། མ་འོངས་པར་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བའི་རྐང་འཛིན་དུ་རེ་ཆོག་ལ། ཁོང་ཅག་ལེགས་པར་སྐྱོང་བ་ནི་དོན་གྱིས་མ་འོངས་བའི་རེ་བཞག་ལ་རྐང་བརྟན་པའི་རྩ་བ་ཤིག་ཚུགས་པའོ། །
གཉིས་པ། ཕུལ་བྱུང་འཛིན་གྲྭ་དགར་བའི་གནད་དོན།
       ༡ སློབ་མའི་རང་བརྩིའི་སེམས་པ་དང་ཡིད་ཆེས་ཀྱི་སེམས་པར་གནོད་པ།
       སློབ་གསོ་རིག་པ་བ་སྐུ་ཞབས་ཅང་ཀྲི་ཡོན་ལགས་ཀྱིས“བྱང་ཚད་སློབ་གསོའི་རྩ་དོན་ལ་གཞིགས་ན་སློབ་གྲྭ་དང་དགེ་རྒན་གྱིས་སློབ་མའི་ཁྱོན་ཡོངས་ལ་ལྟ་སྟངས་གཅིག་གྱུར་འཛིན་དགོས་ལ། སློབ་མའི་ཕྱོགས་ཡོངས་ཀྱི་དད་མོས་ལ་བརྩི་འཇོག་དང་། ཁོ་ཚོའི་བག་ལ་ཞ་བའི་ནུས་པ་སྐྱེད་སྲིང་དང་སྔོག་འདོན་བྱེད་པའི་ཐད་ལ་མཐོང་ཆེན་རྒྱབ་སྐྱོར་བྱེད་དགོས”ཞེས་གསུངས་ཡོད་པ་སོགས་དྲང་སྙོམས་སློབ་གསོའི་སྐོར་མང་དུ་བཤད་ཡོད་ལ། ཡིག་རྒྱུགས་ཀྱི་སྐར་གྲངས་ཁོ་ན་ལས་སློབ་མའི་ལྷན་སྐྱེས་ཀྱི་ལེགས་ཆ་མང་པོ་ཞིག་མཚོན་ཐུབ་ཀྱིན་མེད་ཅིང་། ཕུལ་བྱུང་འཛིན་གྲྭ་ནི་སློབ་གྲྭ་དེ་གའི་དགེ་རྒན་ཆེས་གཙང་མཁས་གཞན་ལ་ཕན་སེམས་ཡོད་པ། འོས་འགན་ཕྲག་ཏུ་ལེན་པར་ནུས་པ། སློབ་ཁྲིད་སློབ་གསོའི་ནུས་པ་ཆེས་འཕགས་པ་དག་གིས་ཆེས་སྦྱངས་འབྲས་ལེགས་པའི་སློབ་མ་སྐྱོང་བཞིན་ཡོད་པ་དེར་ཟེར་ཞིང་། སློབ་གྲྭ་ཡོངས་ཀྱི་སློབ་གསོའི་སྤུས་ཀ་ཆེས་ལེགས་པ་དང་འགན་སེམས་ཆེས་ལྡན་པ། སློབ་ཁྲིད་ཀྱི་ཆུ་ཚད་ཆེས་མཐོ་བ། ཁྲིད་ཕྱོད་ཆེས་སྤུས་དག་ཅན་ནི་སློབ་མ་ཕུལ་བྱུང་ཅན་འབའ་ཞིག་ལ་མ་གཏོགས། དེ་བྱིངས་སློབ་མ་གཞན་དག་གིས་ཕུལ་བྱུང་གི་སློབ་ཁྲིད་ཐོན་ཁུངས་ལོངས་སུ་སྤྱོད་པའི་བགོ་བསྐལ་མེད་པར་གྱུར་ཡོད། སློབ་གསོ་སློབ་ཁྲིད་བྱེད་སྟངས་ལུགས་འདིའི་རིགས་ཀྱིས་དྲང་སྙོམས་སློབ་གསོ་ལག་བསྟར་བྱ་རྒྱུར་འགོག་རྐྱེན་བཟོས་ཡོད་པར་མ་ཟད། མཐོ་འབྲིང་སློབ་མ་མང་པོ་ཞིག་གི་རང་བརྩིའི་བསམ་པར་ཕོག་ཐུག་བཏང་ཡོད་ཅིང་། ཁོ་རང་ཚོ་སྤྱི་ཚོགས་སྟེང་ལ་ཞུགས་གྲབས་བྱེད་པའི་བསམ་བློའི་ནར་སོན་གྱི་གོ་རིམ་ལ་གནོན་ཤུགས་སྤྲད་འདུག་ལ། སློབ་མའི་ཐད་ནས་བཤད་ན་མཐོ་འབྲིང་སློབ་གྲྭས་འཛིན་གྲྭ་དབྱེ་བའི་ཐོག་མའི་སྐབས་སུ་འཛིན་གྲྭ་ལེགས་པའི་སློབ་མར་ཡིད་ཆེས་དང་སེམས་ཤུགས་ཀྱིས་ཁེངས་པ་ཞིག་ཡིན་ལ། ད་དུང་ཁོ་ཚོའི་གནས་སྐབས་ཀྱི་འཛིན་གྲྭ་ལེགས་པར་ཐོན་པའི་སེམས་བྱུང་ནས་རང་རློམ་ང་རྒྱལ་ཡང་བྱེད་སྲིད། འཛིན་གྲྭ་དགར་བའི་ཐོག་མའི་དུས་རིམ་ནང་ཁོ་ཚོར་ཨ་གསར་གྱི་ཧུར་སེམས་ཐོན་པ་དང་། ཕྱི་ངོས་ནས་བལྟས་ན། འཛིན་གྲྭ་དབྱེ་ཚུལ་དེ་ཡིས་སློབ་མའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་བྱེད་ཐུབ་པར་མཐོང་། འོན་ཀྱང་ཕུལ་བྱུང་འཛིན་གྲྭའི་དགེ་རྒན་གྱི་ངོས་ནས་བཤད་ན། གལ་ཏེ་སློབ་མའི་སྦྱངས་འབྲས་མར་ཆག་ན་རང་སེམས་རྣལ་དུ་ཕབ་ག་ལ་སྲིད། དེར་བརྟེན། སྦྱང་ཚན་མང་པོ་དང་ལས་འགན་ལྗིད་པོ་སྐུལ་ནས་སློབ་མའི་སློབ་སྦྱོང་སྲ་བརྟན་དང་གོང་མཐོར་མི་གཏོང་ག་མེད་ཡིན། དེ་ལྟར་ཉིན་བཞིན་འབྲི་ཀློག་དང་སྐྱོར་སྦྱང་མང་དག་ཅིག་གིས་ཁོ་ཚོར་གནོན་ཤུགས་སྤྲོད་ཀྱིན་ཡོད་པས། དེ་ལྟར་རྒྱུན་བསྲིང་མི་ཐུབ་པར་འགྱུར་གྱི་ཡོད། བཙན་བསྐུལ་གྱི་ཁྲིད་ཐབས་དེ་རིགས་ཀྱིས་ཁོ་ཚོའི་འཕེལ་རྒྱས་ལ་ཕན་པ་ཁྱོན་ནས་མི་འདུག ད་དུང་དགེ་རྒན་གྱི་བསྟོད་བསྔགས་ནི་སློབ་ཆུང་ནས་ཆེས་སྙན་པོར་རྣ་བར་གོམས་པའི་སྐད་ཆ་ཆེས་མཛེས་པ་དེ་ཡིན་སྲིད་པས་མཐོ་འབྲིང་མཐར་ཕྱིན་མ་ཕྱིན་པའི་སློབ་མ་ཞིག་ལ་མཚོན་ནས་བཤད་ན། དེ་ནི་ཧ་ཅང་རྩིས་ཐང་ཆེ་ཞིང་བརྩོན་སྙེག་གི་གནས་ཤིག་ཡིན་པ་སུས་ཀྱང་བསྙོན་དུ་མེད། ཡིན་ཡང་འདི་ལྟར་བརྩོན་སྙེག་ལ་ཇི་ལྟར་འབད་ཀྱང་རྒྱུགས་འབྲས་བཟང་བ་ཁག་ཐེག་ཡིན་པ་ཞིག་དཀོན་པས། སྐབས་རེར་ཡར་ལྡིང་མར་ལྡིང་གི་གནས་ཚུལ་འབྱུང་སྲིད། དེ་ལྟར་ཕུལ་བྱུང་འཛིན་གྲྭར་བཀར་ནས་འཛིན་གྲྭ་ཐ་ཤལ་ནང་དུ་ལྷུང་ན་བསམ་བློའི་ཕོག་ཐུག་ཆེན་པོ་བྱུང་ནས་སློབ་སྦྱོང་གི་སེམས་ཤུགས་ཉམས་པ་དང་། དགེ་རྒན་དང་སློབ་སྦྱོང་ལ་ཡེ་ནས་སྤྲོ་བ་མེད་པ་དང་ཡི་ཐང་ཆད་པ་བྱུང་ནས། རང་འགུལ་གྱི་སློབ་སྦྱོང་གི་སྤྲོ་སྣང་བརླག་པར་གྱུར་ནས། སློབ་མའི་མི་ཚེ་ཧྲིལ་བོའི་ལས་དོན་ཁྲོད་དུ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ་རང་དོན་རང་གཉེར་གྱི་འདུ་ཤེས་ཆུང་ལ་ཧུར་བརྩོན་གྱི་སེམས་ཤུགས་བཅགས་པ། རང་ཉིད་ཀྱིས་བྱ་བ་གང་ཞིག་བསྒྲུབས་ཀྱང་ཡིད་ཆེས་ཡོང་དཀའ་བ་སོགས་བྱས་ཉེས་མི་ལེགས་པ་ཤིན་ཏུ་མང་པོ་བཟོ་སྲིད་པས། མཐོ་འབྲིང་སློབ་གསོའི་དུས་རིམ་ནང་དུ་ཕུལ་བྱུང་འཛིན་གྲྭ་མི་དགར་བར་དྲང་སྙོམས་སློབ་གསོའི་བྱེད་ཕྱོགས་རྒྱུན་འཁྱོངས་ལག་བསྟར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པར་སྙམ་མོ། །
       ༢ སློབ་མའི་ཀུན་སྤྱོད་མི་གཙང་བ་མང་དུ་འབྱུང་བའི་ཉེན་ཁ་ཡོད་པ།
       ཕུལ་བྱུང་འཛིན་གྲྭ་དགར་བའི་རྗེས་ཀྱི་སློབ་མ་དག་གི་སློབ་སྦྱོང་གི་སྦྱངས་འབྲས་ཁྱོན་ཡོངས་ནས་ཅུང་ཞན་པ་དང་། སློབ་སྦྱོང་གི་ཁུར་སེམས་དང་འདོད་བློ། རང་འགུལ་རང་བཞིན་གྱི་སློབ་སྦྱོང་བྱེད་པའི་ནུས་པ་སོགས་ཞན་པ། ཐ་ན་ཁ་ཤས་ཤིག་སློབ་སྦྱོང་ལ་རྦད་དེ་ཞེན་པ་ལོག་པ། དེས་སློབ་མ་ཕན་ཚུན་དབར་སློབ་སྦྱོང་མི་བྱེད་པའི་རྣམ་པའི་ཤུགས་རྐྱེན་ཐེབས་ནས། སྤྱི་ཚོགས་ཁྱོན་ཡོངས་སློབ་སྦྱོང་ལ་མི་དགའ་བ་དང་སློབ་སྦྱོང་མི་བྱེད་པའི་ཤན་ཤུགས་ཐེབས་པ་རེད། སློབ་མ་དེ་ཚོར་མི་ཚེའི་འབད་འཐབ་ཀྱི་ཕུགས་འདུན་མེད་པར་མ་ཟད། དེ་ལས་ལྡོག་སྟེ་སློབ་མ་རེ་ཟུང་གིས་སྤྱི་ཚོགས་ཀྱི་ཁ་གཏད་དུ་ལངས་པའི་བསམ་བློ་ཡོད་པ་དང་། སྤྱི་ཚོགས་ལ་འཁོན་སེམས་འཛིན་པ། ཐ་ན་སློབ་མ་ཁ་ཤས་སློབ་བྱོལ་དུ་ཕྱིན་ནས་མཉམ་དུ་སྤྱི་ཚོགས་ཐོག་གི་ངན་ཚོགས་ནང་ཞུགས་པའམ། རྐུ་བཅོམ་དང་བཙན་གཡེམ་སོགས་ཀྱི་སྤྱི་ཚོགས་ཡར་འགྲོ་ལ་གནོད་པའི་བྱ་སྤྱོད་སྣ་ཚོགས་གང་འདོད་དུ་སྤེལ་བ་སོགས་བྱེད་པ་མཐོང་སྲིད་པས། མཐོ་འབྲིང་སློབ་གསོའི་དུས་རིམ་ནང་དུ་ཕུལ་བྱུང་འཛིན་གྲྭ་མི་དགར་བར་འདྲ་མཉམ་དྲང་སྙོམས་ཀྱི་སློབ་གསོ་ལེགས་པོ་ཁྱོན་ཡོངས་ཅན་དུ་བཏང་ན་རྒྱལ་ཁབ་སློབ་གསོའི་ཚད་གཞིའི་དགོངས་པ་དང་མཐུན་ལ་སློབ་གསོ་སྤུས་དག་ཡོང་བར་ཕན་ནོ། །
       མདོར་ན། མཐོ་འབྲིང་སློབ་གསོའི་དུས་རིམ་ནང་དུ་མིའི་བདེ་ཐང་སློབ་གསོ་མྱོང་བའི་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱས་ནས་སྤྱི་ཚོགས་ཀྱི་མི་ཚད་ལྡན་ཅན་ཞིག་གསོ་སྐྱོང་བྱ་རྒྱུ་དང་། སྤྱི་ཚོགས་སུ་ཞུགས་གྲབས་ཡོད་པའི་མཐོ་འབྲིང་སློབ་མར་སློབ་གསོའི་བྱེད་ནུས་ལེགས་ཐོན་ཡོང་བར་སྐུལ་འདེད་ཡོང་བ་བཅས་བྱས་ནས། མཐོ་འབྲིང་དུམ་རིམ་གྱི་སློབ་གསོ་དྲང་སྙོམས་ཡོང་བར་འབད་པ་བྱེད་དགོས་ལ། རྒྱལ་ཁབ་དང་མི་རིགས་ཀྱི་འདུ་ཤེས་ཡོད་པ། མ་མཐའ་སྤྱི་ཚོགས་ལ་དགའ་ཞེན་ཆེ་མཁན་ཞིག་གསོ་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་ལྟར་ཆགས་དགོས་ན་ངེས་པར་མཐོ་འབྲིང་སློབ་གསོའི་དུས་ཀྱི་སློབ་གསོ་འདྲ་མཉམ་དྲང་སྙོམས་ཀྱིས་སྤེལ་རྒྱུ་ནི་ཆེས་རྩ་བར་ཆགས་ཡོད་དོ། །

ཟུར་ལྟའི་དཔྱད་གཞི།
[1] དུང་དཀར་བློ་བཟང་འཕྲིན་ལས། «བོད་ཀྱི་སློབ་གསོ་རིག་པ་གོང་འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང» [J] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2009ལོ།
[2] བཀྲ་ཤིས་ཚེ་རིང་སོགས། «བོད་སྤྱི་བཤད» [M] ལན་ཇུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོ།
[3] རྡོ་དགོན་བསང་བདག་རྡོ་རྗེ། «བོད་ཀྱི་ཡུལ་སྲོལ་རྣམ་བཤད» [M] ལྷ་ས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།
[4] ས་པཎ་ཀུན་དགའ་རྒྱལ་མཚན། «ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ» སྟོད་ཆ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
[5] 成有信主编《教育学原理》[M] 河南教育出版社 1993.8
འབྲེལ་ཡོད་འོས་སྦྱོར།