logo

དམའ་འབྲིང་སློབ་མའི་སེམས་ཁམས་བདེ་ཐང་གི་སྐོར་རགས་ཙམ་བཤད་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-04-26 ཀློག་གྲངས།:
གཞི་རིམ་སློབ་གྲྭ་རུ་ལང་ཚོའི་དུས་སྐབས་ཀྱི་སློབ་མ་དང་། ལྷག་པར་ཕ་མ་གམ་ན་མེད་པའི་སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་ནི་ཆེས་རྙོག་འཛིང་དང་། ཆེས་རྒྱུན་མཐོང་གི་གནད་དོན་ཞིག་ཡིན་པས། དམའ་འབྲིང་གི་འཛིན་བདག་ཅིག་ལ་མཚོན་ན། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོར་མཐོང་ཆེན་བགྱིས་ཏེ་བདེ་ཐང་གི་སེམས་ཁམས་ཤིག་བསྐྲུན་རྒྱུ་ནི་ཤིན་ཏུ་གལ་ཆེ།
དང་པོ། སློབ་མའི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ།
       ༡ ཕ་མའི་འབྲེལ་བ་ཇེ་ཞན་གྱིས་བུ་ཕྲུག་ལོག་ལམ་དུ་བསྐྱོད་པ།
       རྒྱུན་དུ་བཟའ་འཁོན་ལངས་པའི་ཕ་མས་རང་གི་བུ་ཕྲུག་ལ་ཁྱིམ་ཚང་སློབ་གསོ་གཏོང་བའི་བྱེད་ཐབས་མ་འདང་ན། བུ་ཕྲུག་གི་གཤིས་ཀ་དང་གོམས་གཤིས་གསོ་སྐྱོང་ཐད་ཆད་ལྷག་དང་འཐུས་ཤོར་མང་པོ་འབྱུང་བར་མ་ཟད། ཕ་མའི་སློབ་སྟོན་ཞན་པའི་འོག་ནས་གོམས་གཤིས་ངན་པའི་རིགས་ཀྱང་རང་བཞིན་དུ་འགོ་སྲིད། ཕ་མ་དང་བུ་ཕྲུག་གི་བར་ལ་འབྲེལ་འདྲིས་ཀྱི་གསེར་ཟམ་དང་ཡིད་ཆེས་ཀྱི་རི་མོ་མེད་ན། ཁྱིམ་ཚང་ནང་འཆམ་མཐུན་ཡོང་མི་སྲིད་ལ། དེར་བསྟུན་སྒོས་བུ་ཕྲུག་གི་སེམས་ཁམས་ལའང་རྨ་ཁ་བཟོ་སྲིད། དེ་སྔོན། ངེད་འཛིན་གྲྭའི་སློབ་བུ་ཞིག་གི་ཕ་མ་གཉིས་ཀ་གཉེན་འཐོར་བྱུང་རྗེས། ཨ་ཕ་རྒྱུན་དུ་ཁྱིམ་དུ་མི་སྡོད་པར་བྱེས་སུ་སོང་ནས་འཚོ་བ་རོལ་བ་རེད། རྐྱེན་དེའི་དབང་གིས་རང་ཤུགས་མེད་པར་བུ་ཕྲུག་གི་གཤིས་རྒྱུད་ཇེ་གྱོང་དང་། སློབ་སྦྱོང་ལ་ཧུར་བརྩོན་བྱེད་པའི་སྙིང་རུས་ཉམས་དམས་སུ་གྱུར་པ་རེད། ད་དུང་སློབ་བུ་ཞིག་གི་ཕ་མ་གཉིས་ཀ་རྒྱུན་དུ་འཁོན་འཛིང་བྱེད་པས་སློབ་གྲྭ་གྲོལ་རྗེས་བུ་ཕྲུག་རང་ཁྱིམ་ལ་འགྲོ་རྒྱུའང་སུན་སྣང་གིས་ཁེངས་ཡོད་པར་མ་ཟད། འཁྱམ་ལྡོམ་བྱེད་པའི་འདོད་བློའང་སྐྱེ་བཞིན་འདུག
       ༢ སློབ་མའི་འབྲེལ་བ་ཇེ་ཞན་དུ་འགྲོ་བའི་སྣང་ཚུལ།
       སློབ་མ་ཕན་ཚུན་བར་འགལ་བ་བྱུང་སྟེ་འབྲེལ་བ་ཇེ་ཞན་དུ་སོང་ནས་ཞེ་འགྲས་པའི་སྣང་ཚུལ་ཡོད་ལ། ལྷག་པར་ཕ་མ་གམ་ན་མེད་པའི་སློབ་མས་ཁ་འཛིང་འཁོན་འཛིང་བྱས་ཏེ་དོན་དག་མང་པོ་བཟོ་བའི་སྣང་ཚུལ་ཡང་རྟག་པར་མཐོང་རྒྱུ་ཡོད། བུ་ཕྲུག་དེའི་རིགས་ལ་ཕ་མའི་ཕྱོགས་ཀྱི་གླེང་མོ་བྱས་མ་ཐག་སེམས་ཀྱི་གནོངས་ཆེན་པོ་ཞིག་ཏུ་གྱུར་ཏེ། རང་སེམས་ཚོད་འཛིན་བྱེད་དཀའ་བའི་ཚུལ་དུ་ལྷུང་། ནང་སེམས་ལ་རྨ་ཁ་བཟོས་ཡོད་པས་གཞན་མི་དང་འབྲེལ་འདྲིས་ཀྱི་སྤྲོ་བ་མེད་ཅིང་། རང་སེམས་ཀྱི་སྙིང་གཏམ་མི་གཞན་ལ་གླེང་མི་འདོད་ལ། རང་ཉིད་ཀྱི་འདོད་འདུན་ཡང་གཞན་ལ་བཤད་མི་འདོད། སློབ་མ་འདིའི་རིགས་སློབ་རའི་བརྙས་བཅོས་ཀྱི་དོན་རྐྱེན་ཁྲོད་གནོད་འཚེ་མྱོང་གིན་ཡོད་ལ་མནར་གཅོད་གཏོང་མཁན་དུའང་འགྱུར་བཞིན་ཡོད། གཞི་རིམ་སློབ་གྲྭའི་སློབ་མ་ཕན་ཚུན་ཆ་རྒྱུས་དང་འབྲེལ་འདྲིས་ཅུང་ཟབ་པས་སྤྱིར་ཡིན་ན“གནད་དོན་ཅན”གྱི་སློབ་མར་བྱམས་བརྩེའི་གཟིགས་སྐྱོང་གནང་ན་འོས་མོད། ཡིན་ཡང་སློབ་མ་འདིའི་རིགས་མཚམས་ལན་རེར་གཞན་མིས་འཕྱ་དགོད་དང་བརྙས་བཅོས་བྱ་ཡུལ་དུ་འགྱུར་བས་སློབ་བྱོལ་བྱེད་པའི་སེམས་ཁམས་རྒྱུན་དུ་འབྱུང་གིན་འདུག
       ༣ དགེ་སློབ་བར་འབྲེལ་ཟམ་འཛུགས་པ།
       དགེ་རྒན་གྱིས་རྒྱུན་པར་སློབ་མའི་སེམས་ལ་གནོད་པའི་སྡིགས་མོ་བྱེད་པའམ་ཆད་གཅོད་གནང་ཚེ་དགེ་སློབ་བར་ཞེ་འགྲས་སུ་འགྱུར་བ་ཆོས་ཉིད་རེད། དགེ་རྒན་ཕལ་ཆེ་བས་ཁ་ལེན་ཚིག་བརྩི་བྱེད་པའམ་སྦྱངས་འབྲས་ལེགས་པའི་སློབ་མའི་རིགས་མིག་ལ་རན་ཞིང“ཐུགས་སྲས”སུ་འགྱུར་ངེས། འོན་ཀྱང་། སློབ་མ་རེ་འགའ་ལང་ཚོའི་དུས་སྐབས་ལ་སེམས་ཁམས་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་སྟེ་དགེ་སློབ་བར་གྱི་འབྲེལ་བ་ཇེ་ཞན་དུ་འགྲོ་བའི་གནས་ཚུལ་རེ་འགའ་རྟག་པར་མཐོང་། འཛིན་བདག་གསར་པ་ཞིག་ལ་མཚོན་ན་ཐོག་མའི་མིང་ཐོ་འགོད་པའི་སྐབས་སུ། ཁྱིམ་བདག་ཚོགས་འདུ་དང་། སློབ་མའི་བགྲོ་གླེང་ཚོགས་འདུ་སོགས་ཀྱི་གོ་སྐབས་དང་བསྟུན་ཏེ་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་དབུལ་ཕོངས་ཅན་དང་། ཕ་མ་གམ་ན་མེད་པ་དང་ཕ་མ་གཉེན་འཐོར་བ་སོགས་ཀྱི“གནད་དོན་ཅན”ལོགས་སུ་བགར་ཏེ་ཟིན་ཐོར་བཀོད་རྗེས་སློབ་མ་དེའི་རིགས་ལ་སྒེར་ནས་ཁ་ཏ་སློབ་གསོ་གཏོང་བའམ་འཛིན་གྲྭའི་ཚོགས་འདུ་བསྡུ་བ། ཁ་པར་གྱི་ལམ་ནས་འབྲེལ་གཏུགས་བྱས་ཏེ་སློབ་མའི་ཁྱིམ་ཚང་གི་གནས་བབ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ། འདི་ལྟར་རྒྱུན་དུ་སེམས་ཁུར་གྱི་ཐབས་སྤྱད་ན་སློབ་མ་ཚོའི་སེམས་སུའང་དགེ་རྒན་ནི་ཡིད་རྟོན་རུང་བའི་མི་གཞུང་བཟང་ཞིག་ཡིན་པ་ར་སྤྲོད་འབྱུང་བས་དགེ་སློབ་ཀྱི་འབྲེལ་ཟམ་རང་བཞིན་དུ་ལེགས་པོ་འཁྱོངས་ངེས།
གཉིས་པ། ཐབས་སྣ་མང་སྤྱད་དེ་སློབ་མའི་སེམས་ཁམས་བདེ་ཐང་ལ་སྐུལ་འདེད་གཏོང་བ།
       ༡ སེམས་ཁམས་བདེ་ཐང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ།
       འཛིན་གྲྭ་དཀྱིལ་སྙིང་དུ་བཟུང་སྟེ། ཚན་རྩལ་དང་རིག་རྩལ་གྱི་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱེད་པ་དང་། སེམས་ཁམས་བདེ་ཐང་གི་སློབ་གསོ་བརྗོད་གཞི་ཡིན་པའི་འཛིན་ཚོགས་ཀྱི་བྱེད་སྒོ་སྤེལ་བ། དཔེར་ན། འཛིན་གྲྭའི་བྱ་འགུལ་ཁྲོད་ཕ་མར་སྤྲིངས་པའི་འཕྲིན་ཡིག་ཅེས་པའི་བྱ་འགུལ་ཞིག་བཀོད་སྒྲིག་བྱས་ཏེ་སློབ་མས་རང་ཉིད་ཀྱིས་བཤད་འདོད་པའི་སྙིང་གཏམ་ཕ་མར་བསྒྲོན་པའམ། ཡང་ན་སེམས་ཁོང་གི་ཕུགས་བསམ་དང་རེ་བ་ཕ་མར་བརྗོད་པ་སོགས་ཀྱི་བྱ་འགུལ་གྱི་རྣམ་པས་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་མཐུན་རྐྱེན་བསྐྲུན་པ།
       ༢ སེམས་ཁམས་འདྲི་གཅོད་ཀྱི་ཞབས་ཞུ་རྩ་འཛུགས་བྱེད་པ།
       སློབ་གྲྭ་མང་ཆེ་བར་སེམས་ཁམས་སློབ་སྟོན་གྱི་ཆེད་ལས་དགེ་རྒན་ཉུང་བས་འཛིན་གྲྭའི་ནང་དུ་སློབ་མའི་སེམས་ཁམས་བདེ་ཐང་ལ་རམ་འདེགས་ཐོབ་པའི་ཆེད་ལས་ཚགས་པར་དང་དུས་དེབ་མངགས་ཉོ་བྱས་རྗེས་སློབ་མས་རང་རྟོགས་ཀྱིས་ལྟ་ཀློག་བྱེད་པའམ་གནད་དོན་སེལ་ཐབས་འཚོལ་བ། ཡང་ན་སེམས་ཁམས་རྒྱུན་ལྡན་མིན་པའམ་སེམས་ཁམས་ལ་གནོད་པ་ཡོད་པའི་སློབ་མར་རྗེས་འདེད་སྒོས་འབྲེལ་འདྲིས་དང་གླེང་མོ་བྱས་ནས་དཀའ་ཁག་སེལ་རོགས་བྱེད་པའམ་ཡང་ན། ཁྱིམ་བདག་ལ་འབྲེལ་འདྲིས་བྱས་ཏེ་སློབ་མའི་བསམ་བློའི་གནས་བབ་ཇེ་བཟང་དུ་བསྒྱུར་བར་འབད་དགོས།
       ༣ བསླབ་གཞིར་སེམས་ཁམས་བདེ་ཐང་གི་སློབ་གསོ་འདྲེན་པ།
       སློབ་ཁྲིད་སློབ་གསོ་ནི་སྤུས་ཚད་སློབ་གསོའི་སྲོག་ཤིང་ཡིན་ཞིང་། སློབ་མའི་སེམས་ཁམས་སྤུས་ཚད་གསོ་སྐྱོང་གནང་བའི་བྱེད་ཐབས་གཙོ་བོ་ཞིག་ཀྱང་ཡིན། ཕྱོགས་གཅིག་ནས་དགེ་རྒན་གྱིས་སློབ་ཁྲིད་ཁྲོད་སློབ་མའི་སེམས་ཁམས་སྤུས་ཚད་གསོ་སྐྱོང་ལ་ཤུགས་སྣོན་པ་དང་། ལྷག་པར་སློབ་སྦྱོང་གི་ནང་དོན་གཙོ་བོ་སྟེ། སློབ་མའི་རིག་སྟོབས་འཕེལ་བར་སྦྱོང་བརྡར་བྱེད་པ་དང་། སློབ་མའི་ནུས་པ་སྔོག་འདོན། སློབ་ཁྲིད་ཁྲོད་སློབ་མའི་སེམས་ཤུགས་མཐོ་རུ་འདེགས་པ། སློབ་མའི་ཁྱད་ཆོས་གསོ་སྐྱོང་བྱས་ཏེ་སེམས་ཁམས་བདེ་ཐང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱོགས་གཞན་ཞིག་ནས་སློབ་ཁྲིད་བྱེད་སྟངས་བཅོས་བསྒྱུར་བྱས་ནས་སློབ་ཁྲིད་ཀྱི་མཁའ་དབུགས་གསོན་ཤུགས་ཅན་དུ་བཏང་སྟེ། སློབ་མས་སློབ་བདེ་ཞིང་ཧུར་ཐག་སྒོས་རང་རྟོགས་སྐྱེད་སྲིང་བྱས་ནས་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་སློབ་སྦྱོང་ལ་གེགས་བཟོ་བའི་བདེ་ཐང་མིན་པའི་སེམས་ཁམས་གནད་དོན་སེལ་བ་དང་། སློབ་ཁྲིད་ཁྲོད་སྦྱངས་འབྲས་ཞན་པའི་སློབ་མའི་རིགས་ལ་སེམས་ཁམས་བདེ་ཐང་གི་ཕྱོགས་ལ་སྣེ་སྟོན་བྱེད་པ། ལག་ལེན་དང་བརྩེ་བའི་ཁྲོད་ནས་འབྲེལ་ཐག་ཇེ་ཉེར་བཏང་སྟེ་སེམས་ཁམས་སྙོམས་སྒྲིག་དང་བློ་རིག་གི་སྒོ་མོ་འབྱེད་པར་རམ་འདེགས་ཐོབ་དགོས།
གསུམ་པ། སློབ་མའི་སེམས་ཁམས་གནད་དོན་ལ་གདོང་གཏོད་པ།
       གཞི་རིམ་སློབ་མའི་སེམས་ཁམས་བདེ་ཐང་ཐད་ནས་དངངས་སྐྲག་དང་སྐྱོ་སྡུག བྲོས་བྱོལ་སོགས་ཀྱི་གནད་དོན་དང་རྒྱུན་པར་འཕྲད་ཀྱིན་པ་སྟེ། དཔེར་ན། དེ་སྔ་འཛིན་གྲྭའི་ནང་གི་སློབ་མ་ཞིག་གི་ཕ་རྒན་གློ་བུར་དུ་འདས་པས་སེམས་སྡུག་གི་རྒྱ་མཚོར་ལྷུང་ནས་སློབ་གྲོགས་གཞན་པ་ཚོ་དང་འབྲེལ་འདྲིས་བྱེད་འདོད་མེད་པའི་ཁར་རྒྱུགས་འབྲས་ཀྱང་གློ་བུར་ཇེ་ཞན་དུ་སོང་། གནས་བབ་དེའི་འོག་ངས་སློབ་མ་དེ་སྒེར་ལ་བོས་ཏེ་སེམས་གསོ་བྱས་ཤིང་སྐྱེ་འཆི་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སྡུག་ལ་བརྗེད་རྒྱུ་མེད་རུང་རྙིང་རྒྱུ་ཡོད་པའི་གནས་ལུགས་བཤད་དེ་སློབ་གྲྭ་ནས་སློབ་སྦྱོང་གི་ཕྱོགས་ལ་ཡིད་སེམས་འཁོར་ཏེ་ཧུར་བརྩོན་བྱེད་རྒྱུ་དང་། རང་ཉིད་ཀྱི་ཨ་མ་ལ་སྲི་ཞུ་ལེགས་པོ་བསྒྲུབ་སྟེ་ཚེ་སྨད་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་དུ་འཇུག་རྒྱུ་ནི་མིག་སྔའི་གནད་དོན་ཡིན་པ་རྟོགས་སུ་བཅུག་ནས་དཀའ་ཁག་ལ་གདོང་གཏོད་པ་དང་དཀའ་ཁག་ལས་རྣམ་པར་རྒྱལ་བའི་སྙིང་སྟོབས་རྒྱུད་ལ་གོམས་སུ་འཇུག་དགོས།
       མདོར་ན། དགེ་རྒན་གྱིས་ངེས་པར་སློབ་མའི་སེམས་ཀྱི་མདུད་པ་དགྲོལ་དགོས་ཤིང་། སེམས་ཁམས་བདེ་ཐང་སློབ་གསོ་ནམ་ཡང་གཙིགས་སུ་འཛིན་དགོས། གལ་ཏེ་ཕ་མ་དང་སློབ་མའི་འབྲེལ་བར་གནད་དོན་བྱུང་ཚེ་སློབ་མས་རང་གི་སེམས་འདུན་ལྷུག་པོར་བརྗོད་པར་སྐུལ་འདེད་དང་། རོགས་སྐྱོར་བྱེད་དགོས་པར་མ་ཟད་སྣེ་ཁྲིད་ཡག་པོ་བྱས་ཏེ་ཁྱིམ་བདག་དང་འབྲེལ་ཟམ་འཛུགས་དགོས། །
འབྲེལ་ཡོད་འོས་སྦྱོར།