བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྱད་ཆོས་དང་དོན་སྙིང་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ།:རྟ་མགྲིན་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-05-16
ཀློག་གྲངས།:
དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་བཞེད་དགོངས་ལྟར་ན། “སློབ་གསོ་ནི་དམིགས་ཡུལ་ངེས་ཅན་ཞིག་གི་དགོས་མཁོ་དང་མཐུན་པར་སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་བཅས་ཀྱི་ཐད་ཡར་རྒྱས་འགྲོ་ཐུབ་ངེས་ཀྱི་འཆར་གཞི་ཡོད་པའི་བྱ་འགུལ་ཅིག་ཡིན”ཞེས་གསུངས་ཡོད་ལ། ཡང་། «འཆད་ཉན་གྱི་འཇུག་སྒོ་ཐབས་ཀྱི་ལྡེ་མིག»ཏུ། “སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀུན་སྤྱོད་ལེགས་པོ་དང་ཤེས་ཡོན་ལྡན་པ་ཞིག་ཡོང་བར་སློབ་གསོ་གཏོང་དགོས”ཞེས་པ་སོགས་བྱེ་བྲག་ཏུ་བབས་ན་བཞེད་ཚུལ་ལ་མི་མཐུན་པ་ཕྲན་ཙམ་རེ་ཡོད་སྲིད་ཀྱང་ཕུགས་ཀྱི་རྩ་བ་གཅིག་ཏུ་ངེས། འདིར་བོད་ཀྱི་སྲོལ་རྒྱུན་སློབ་གསོར་ཁྱད་ཆོས་གང་དག་ཡོད་པ་དང་། ཁྱད་ཆོས་དེ་དག་ལྡན་པའི་སློབ་གསོར་དོན་སྙིང་ཇི་འདྲ་ཡོད་པ་བཅས་ཀྱི་ཐད་ལ་རགས་ཙམ་དཔྱད་པར་བྱ།
དང་པོ། སྲོལ་རྒྱུན་སློབ་གསོའི་ཁྱད་ཆོས།
སྤྱིར་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ནི་བདག་ལས་གཞན་གཅེས་ནས་མགོ་བརྩམས་ཤིང་། རྣམ་དཀར་དགེ་བའི་ལས་ལ་འཇུག་པ་ནི་མཐར་ཐུག་གི་དམིགས་ཡུལ་འགངས་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པས། བློ་ཕུགས་རིང་ཞིང་དོན་སྙིང་ལྡན་པའི་སློབ་གསོའི་ལམ་ལུགས་ཤིག་ཆགས་ཡོད། སྲོལ་རྒྱུན་སློབ་གསོའི་ནང་དོན་གྱི་ཆ་ནས་གཙོ་བོ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀྱི་སྐོར་ནས་གླེང་ཆོག
སྤྱིར་ཐུན་མོང་གི་ལུགས་སུ་བོད་མི་རིགས་ལྟ་བུར་མཚོན་ན། ནང་བསྟན་རིག་གནས་ལ་ཤིན་ཏུ་དད་ཅིང་བཀུར་བའི་མི་རིགས་ཤིག་ཡིན་ཕྱིར། ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཚུལ་བཞིན་དུ་སྲུང་ཞིང་ཁས་ལེན་པ་ཞིག་ཡིན་ཏེ། གཙོ་བོ་ནང་ཆོས་ཀྱི་འདུ་ཤེས་དང་བག་ཆགས་ཟབ་མོ་རུས་རྐང་དུ་འཐིམས་ཡོད་ཕྱིར། རྣམ་དཀར་དགེ་བའི་ལས་དང་ནག་པོ་སྡིག་སྒྲུབ་ཀྱི་ལས། བདག་ལས་གཞན་གཅེས། བྱམས་དང་སྙིང་རྗེ། འཚེ་མེད་ཞི་བདེ། རྒན་བཀུར་ཆུང་བྱམས་ཀྱི་སེམས་རྒྱུད་ཀྱིས་ཡོངས་སུ་ཕྱུག་པས། བྱ་བ་ཅི་ཞིག་ལ་འཇུག་ཀྱང་ཐོག་མར་གཞན་ལ་འཚེ་བ་མེད་པའི་གཞི་རྩའི་ཐོག་ནས་རང་དོན་ལྷུར་ལེན་པ་ཞིག་སྟེ། དེ་ཡང་ཀུན་གྱི་ཟེར་སྒྲོས་སུ། “བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །”ཞེས་པ་དང་། “བསམ་པ་གཞན་ལ་གནག་ན་སྦྱོར་བ་རང་ལ་འཁོར་ཡོང”ཞེས་རྣམ་པར་སྨིན་པའི་ལས་འབྲས་ཀྱི་གནས་ལུགས་ཟབ་མོ་ཞིག་ཡིད་ལ་འཆང་ཡོད།
འབུ་གྲོག་མ་ཞིག་ཡིན་རུང་མི་གསོད་པར་བྱམས་དང་སྙིང་རྗེའི་སེམས་བསྐྱེད་པ་སྟེ། དཔེར་ན། སྦྲང་མ་སོགས་མི་ལུས་ལ་འཁོར་གྲབས་བྱེད་དུས་ཀྱང་། ཁྱིམ་བདག་དག་གིས་བྱིས་པ་དག་ལ་བཤད་རྒྱུར། མ་ཎི་ཐོན་དང་སོ་འདེབས་མི་སྲིད་ཅེས་བཤད་སྲིད། དོན་གྱིས་དེ་ནི་དགོད་ཁ་སློང་བའམ་བྱིས་པ་དག་ལ་མགོ་སྐོར་བྱེད་ཀྱི་ཚིག་ཅིག་ཏུ་གྲུབ་ཀྱང་། དེའང་སློབ་གསོའི་བྱེད་ཐབས་ཤིག་ལས་མ་འདས་ཏེ། དེའི་བསྟན་དོན་ནི་ཚེ་སྲོག་འདྲ་མཉམ་དང་གཞན་ལ་འཚེ་བ་བྱ་མི་རུང་ཞེས་པའི་དོན་ཅི་ལ་མིན་ཨང་།
རྒྱུ་འབྲས་བརྩི་ཞིང་འདི་ཕྱི་བསླུ་མེད་ཀྱི་འདུ་ཤེས་ཤིག་རྒྱུད་ལ་འབྱོར་བར་སྐུལ་བཞིན། འཇིག་རྟེན་སྟེང་གི་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་འཇུག་དང་སྨོན་ལམ་བསྔོ་བ་དང་། དུས་རྟག་ཏུ་ལས་དགེ་སྡིག་དང་དཀར་ནག་གོ་འབྱེད་ཀྱི་བྱ་བ་གཙིགས་སུ་འཛིན་དགོས་པར་སྐུལ་ཞིང་། དེ་མིན། བདག་ལས་གཞན་གཅེས་དང་། འཚེ་མེད་ཞི་བདེ། སྤྱི་ཚོགས་འཆམ་མཐུན། གཞན་ད་དུང་བླ་རི་དང་སྐྱེས་ལྷ་སོགས་ལ་བཀུར་ཞིང་མཆོད་པ་སྟེ། ལབ་ཙེ་བསྟོད་ཅིང་བླ་མཚོར་མཆོད་པ་དང་། དེའི་ཉེ་འཁོར་གྱི་རི་ཆུ་ནགས་གསུམ་སོགས་ལ་གཏོར་བརླག་བཏང་ཚེ། རང་གི་ཁྱིམ་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་འབྱུང་བར་གླེང་སྲིད་ལ། དེ་ཡང་། གཅིག་ནས་ཁོར་ཡུག་སྲུང་སྐྱོབ་དང་། གཉིས་ནས་མི་དང་སྐྱེ་ཁམས་དོ་མཉམ་གྱི་འདུ་ཤེས་ཤིག་ངང་གིས་གྲུབ་ཡོད་པ་རྟོགས་ཐུབ།
དེ་བཞིན་དུ་འཇིག་རྟེན་མི་ཆོས་ཀྱི་ཐད་ནས་བཤད་ནའང་། གནའ་ནས་ད་བར་དུ་བརྒྱུད་ཅིང་སྤེལ་བཞིན་པའི་ཉམས་མྱོང་རྒན་པོའི་འབེལ་གཏམ། གཏམ་དཔེ་དང་ལེགས་བཤད་བསྟན་བཅོས་སོགས་ལ་གཞིགས་ནའང་གསལ་པོར་རྟོགས་ཐུབ་པ་ནི། “བཟང་ལ་ལན་ཡོད་བཟང་པོ་སྟེ། །དྲིན་གཟོ་མེད་པ་ངན་པ་ཡིན། །”ཞེས་པ་ལྟར། དྲིན་ཆེན་ལ་དྲིན་ལོག་དང་གཡང་ལ་རྡོ་ཁ་མི་བྱེད་པར། རང་ལ་ཕན་འདོགས་མཁན་གྱི་མིའི་བཀའ་དྲིན་རྗེས་སུ་དྲན་ཅིང་དྲིན་གཟོ་བར་བརྩོན་པ། དེ་མིན། “ཀ་བ་བཞིན་དུ་དྲང་དགོས། །ཀ་རྡོ་བཞིན་དུ་བརྟན་དགོས། །”ཞེས་པ་ལས། མི་ཞིག་ཡིན་ན་གྱང་ཁའི་རྩྭ་ལྟ་བུ་ཞིག་མ་ཡིན་པར་གྱང་རྟིང་གི་རྡོ་བཞིན་དུ་རང་ཚུགས་བརྟན་དགོས་པར་མ་ཟད། ཀ་བ་བཞིན་དུ་མི་གཤིས་དྲང་དགོས་པའི་སློབ་གསོའི་བག་ཆགས་ཤིན་ཏུ་ཟབ། དེ་བཞིན། “མིར་ངོ་ཚ་མེད་ན་ཁྱི། །ཁྱིར་རྔ་མ་མེད་ན་འདྲེ། །”ཞེས་པར། མི་ཞིག་ཡིན་ན་ངོ་ཚ་ཁྲེལ་ཡོད་ཅིག་ཡིན་པ་ལས་མི་བྱེད་དགུ་བྱེད་དང་། མི་ལས་དགུ་ལས་བྱེད་མཁན་གྱི་མི་ཞིག་མི་བྱ་བར། རང་བློ་རང་གིས་གཅུན་བཞིན་རང་ཚུགས་མི་ཤོར་ཞིང་གཞན་སེམས་མི་དཀྲུགས་པར་བྱ་དགོས་པ་བསྟན་ཡོད། འདི་ལྟ་བུའི་མི་ཆོས་སློབ་གསོའི་སྐོར་གྱི་ལེགས་བཤད་དང་གཏམ་དཔེ་སོགས་བགྲང་གིས་མི་ལངས།
གཉིས་པ། སྲོལ་རྒྱུན་སློབ་གསོའི་དོན་སྙིང་།
སྤྱིར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན་ཞིག་ཐོབ་པ་ཡིན་ན། འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། མི་ཚེའི་ལྟ་ཚུལ་བཅས་ཡང་དག་ཅིག་རྒྱུད་ལ་འབྱོར་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ། དེ་ཡང་། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད། མི་བཟང་པོ་ཞིག་བྱེད་རྒྱུ་ནི་ཆེས་ཐོག་མའི་ཆ་རྐྱེན་དང་གཞི་རྩ་དེ་རེད། དེར་བརྟེན། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་རྩ་བའི་དམིགས་ཡུལ་ནི་མི་གཤིས་བཟང་བའི་འཇོན་མི་གསོ་སྐྱོང་བྱ་རྒྱུ་དེ་ཡིན། རྒྱུ་མཚན། མི་གཤིས་ཀུན་སྤྱོད་བཟང་བའི་མི་སྣ་ཞིག་གསོ་སྐྱོང་བྱེད་ཐུབ་ཚེ། དེས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་མ་ཐུབ་ཀྱང་། མ་མཐར་ཡང་སྤྱི་ཚོགས་ལ་གཏོར་བཤིག་གཏོང་མི་སྲིད། གལ་ཏེ། མི་གཤིས་བཟང་བར་མ་ཟད་རིག་གནས་ཡོན་ཏན་གྱི་ཆུ་ཚད་མཐོ་བའི་མི་ཞིག་བྱུང་ཚེ། སྤྱི་ཚོགས་ལ་ཕན་བདེའམ་བྱས་རྗེས་འཇོག་པའི་ཆ་རྐྱེན་འཛོམས་པ་ཡིན།
གལ་སྲིད། མི་གཤིས་དང་ཀུན་སློང་མ་གཙང་བ་ཡིན་ན། “རྩ་བ་དུག་ཏུ་གནས་པ་ཡི། །མེ་ཏོག་མཛེས་ཀྱང་སུ་ལ་མཁོ། །”ཞེས་པ་བཞིན། ནང་སེམས་ཀྱི་ཀུན་སློང་མ་བཟང་ན་ཕྱི་ལུས་ཀྱི་མཛེས་པ་ཁོ་ནས་ཅི་ཞིག་བྱ། དེ་ལྟ་བུའི་མི་ལ་རིག་གནས་ཆུ་ཚད་ཅི་ཙམ་མཐོ་ན་གཞན་ལ་གནོད་ཅིང་འཚེ་བའི་ཤན་ཤུགས་དེ་ཙམ་ཆེ་བ་རེད། དེར་བརྟེན། མི་གཤིས་ཀུན་སྤྱོད་ནི་མི་ཞིག་ལ་གདེང་འཇོག་བྱེད་པའི་ཆེས་རྩ་བའི་གནད་དེ་ཡིན་ལ། མི་དང་མིའི་བར་གྱི་འབྲེལ་འདྲིས་དང་། བྱ་བ་གང་དང་ཅི་ལ་འཇུག་ཀྱང་ཡར་སེམས་བསྐྱེད་ཅིང་རྣམ་འགྱུར་ལེགས་པའི་མི་གཤིས་ཀྱི་སྒོ་ནས་འཇུག་ཚེ། ལས་དོན་ཐམས་ཅད་བདེ་ལེགས་སུ་འགྲུབ་པར་མ་ཟད་ཀུན་གྱིས་མཐོང་ཆེན་དང་བརྩི་བཀུར། ཁས་ལེན་ཡང་ཐོབ་སྲིད་པས་དེ་ནི་ཕུན་སུམ་ཚོགས་པའི་ཡན་ལག་རེད།
སྤྱི་ཚོགས་འཆམ་མཐུན་ནི་མིའི་རིགས་ཐུན་མོང་གི་ཆེས་ཆེ་བའི་ཕུགས་བསམ་ཞིག་ཡིན་ལ། སྤྱི་ཚོགས་འཆམ་མཐུན་འབྱུང་བ་ནི་མིའི་རིགས་ཀྱིས་བདེ་འཇགས་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། དེ་ཡང་། ཕུགས་བསམ་དེ་མངོན་འགྱུར་འབྱུང་དགོས་ན་ཐད་ཀར་མི་རེ་རེའི་བྱ་སྤྱོད་ལ་རག་ལས་ཏེ། མི་སོ་སོར་ཐུན་མོང་གི་འདུ་ཤེས་སམ་སྤྱི་སེམས་ལྡན་ཚེ། ད་གཟོད་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་ཐུབ། དེ་མ་གཏོགས་མི་སྒེར་མང་པོ་ཞིག་གི་མི་གཤིས་ཀུན་སྤྱོད་ལ་གནད་དོན་བྱུང་ཚེ། མཐར་སྤྱི་ཚོགས་ཕུང་བའི་རྒྱུ་ཉག་གཅིག་ཏུ་འགྱུར་སྲིད། དེར་བརྟེན། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་སྤྱི་ཚོགས་འཆམ་མཐུན་ཐད་ཀྱི་དོན་སྙིང་གཙོ་ཤོས་དེའང་མི་སྒེར་སོ་སོའི་མི་གཤིས་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ་ལ་འབད་པ་སྟེ། བཟང་ངན་དང་ལེགས་ཉེས། དགེ་སྡིག་གི་དབྱེ་བ་གསལ་པོར་ཕྱེ་ནས་བདག་གཞན་ལ་གནོད་པའི་ལས་ལ་མི་འཇུག་རྒྱུ་ནི་རྩ་བ་ཡིན།
དེ་ཡང་། སྲོང་བཙན་སྒམ་པོའི་སྐབས་སུ། དངོས་སུ་མི་ཆོས་གཙང་མ་བཅུ་དྲུག་དང་མི་དགེ་བ་བཅུའི་ཁྲིམས་སྲོལ་གཏན་ལ་ཕབ་ཅིང་ལག་ཏུ་བསྟར་བ་ནས་བཟུང་། ཁྲིམས་སྲོལ་ལྟར་དུ་མི་ཚང་མ་ལ་འདྲ་མཉམ་སྒོས་ཁྲིམས་ཀྱིས་སྲུང་ཞིང་ཁྲིམས་ལ་སྦྱོར་བ་སོགས་ལག་བསྟར་ནན་མོ་བྱས་པ་རེད། དེ་བཞིན་དུ། ཕྱིས་སུ་ཡང་ཡུལ་གྲུ་སོ་སོ་དང་ཚོ་ཤོག་སོ་སོ། ཐ་ན་སྡེ་བ་སོ་སོ་ལའང་སྤྱི་ཚོགས་འཆམ་མཐུན་གྱི་ཕྱོགས་སུ་ནུས་པ་བླ་ལྷག་ཐོན་པའི་སྒྲིག་སྲོལ་དང་སྒྲིག་ལམ་མི་འདྲ་བ་མང་པོ་ཡོད་པ་ད་ལྟའང་གོ་ཐོས་སུ་ཡོད། དེ་ནི་མི་སོ་སོའི་ངོས་ཐད་ནས་བརྩི་སྲུང་དང་དང་ལེན་བྱེད་ཚེ། ཐུན་མོང་གི་འཚོ་བ་ལ་བདེ་འཇགས་ཀྱི་འགན་སྲུང་ཐོབ་སྲིད། དེར་བརྟེན། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་སྤྱི་ཚོགས་འཆམ་མཐུན་ཐད་ཀྱི་དོན་སྙིང་ནི་ཀུན་གྱིས་ཡི་རངས་བྱ་འོས་པའི་དོན་དག་ཅིག་ཏུ་རློམ་ཆོག་སྙམ།
མིའི་རིགས་སྤྱིའི་སློབ་གསོའི་བརྒྱུད་རིམ་གྱི་ངོས་ཐད་ནས་གཞིགས་ཚེ། “མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན”ཞེས་པ་བཞིན། ཨ་མ་གཙོས་པའི་ཁྱིམ་ཚང་གི་སློབ་གསོ་ནི་ཆེས་གལ་འགངས་ཆེ་བའི་གནད་ཅིག་ཡིན་ཏེ། རྒྱུ་མཚན། མིའི་རིགས་འཚར་ལོངས་ཀྱི་བརྒྱུད་རིམ་ནི་སློབ་གསོ་མྱོང་བའི་བརྒྱུད་རིམ་ཞིག་ཏུ་འདོད་ཚེ། ཆུང་དུས་ནས་བཟུང་སློབ་གསོ་ཡག་པོ་ཞིག་བཏང་ན་ནར་སོན་རྗེས་གོམས་གཤིས་སུ་ཆགས་པར་འགྱུར་བས། ཆུང་དུས་ཀྱི་སློབ་གསོ་ནི་ཆེས་གནད་འགག་དང་མིའི་བག་ཆགས་ཟབ་ཤོས་ཀྱི་དུས་དེ་ཡིན། མདོར་ན། བོད་ཀྱི་ཕ་མ་ཚོས་རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་སློབ་གསོའི་རྩ་བ་མ་དོར་བའི་ངང་ནས་བུ་ཕྲུག་རྣམས་གསོ་སྐྱོང་ཡག་པོ་བྱས་ཚེ། ཁྱེད་ཀྱི་བུ་ཕྲུག་ནི་གཞན་ལ་ཕན་བདེ་སྐྲུན་མཁན་གྱི་མི་ཞིག་ཏུ་འགྱུར་ཐུབ་ངེས་སོ། །

འབྲེལ་ཡོད་འོས་སྦྱོར།