logo

སློབ་ཁང་ནང་གི་དམིགས་བསལ་བྱིས་པར་རྒྱུས་ལོན་ཞིབ་མོ་བྱེད་དགོས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-07-30 ཀློག་གྲངས།:
གཅིག རང་སྡོམ་ནད་ཅན་གྱི་བྱིས་པ།
       སྡེ་ཚན་སྔོན་མའི་ནང་ཀླད་པའི་སྐྱེ་འཚར་བདེ་ཐང་ཡིན་པའི་བྱིས་པའི་ལུས་སེམས་ཀྱི་འཕེལ་རྒྱས་དང་སློབ་སྦྱོང་གི་བྱ་སྤྱོད་ངོ་སྤྲོད་བྱས་པ་ཡིན་མོད། ཡིན་ཡང་། ཅུང་རྒྱུན་ལྡན་མ་ཡིན་པའི་སློབ་མ་སྐོར་ཞིག་ཀྱང་ཡོད་པས། ང་ཚོས་ངེས་པར་སློབ་ཁང་ནང་གི་དམིགས་བསལ་བྱིས་པར་རྒྱུས་ལོན་བྱེད་དགོས།
       རང་སྡོམ་ནད་ནི་ལྟེ་བའི་དབང་རྩའི་མ་ལག་ལ་གནོད་སྐྱོན་ཐེབས་ནས་བསླངས་ཤིང་འཕེལ་རྒྱས་ལ་བཀག་འགོག་ཐེབས་པ་ཞིག་རེད། རྒྱུན་པར་བརྒྱལ་གཟེར་དང་འགུལ་རྒྱུ་མང་བ། ཕྱི་སྣུར། སེམས་ཁམས་འགོག་རྐྱེན་སོགས་ཀྱི་ནད་རྟགས་ཡོད། དུས་རྒྱུན་འཚོ་བའི་ཁྲོད་ཀྱི་དཀའ་ཁག་གཙོ་བོ་ནི་སྤྱི་ཚོགས་འབྲེལ་འདྲིས་དང་བརྗེ་རེས་ཉུང་བ། སྐད་ཆའི་གླེང་མོལ་ནུས་པ་རྒྱུན་ལྡན་མིན་པ། ཨུ་ཚུགས་ཀྱི་བྱ་སྤྱོད་དང་ཚོར་ཤེས་རྒྱུན་ལྡན་མིན་པ་སོགས་ཡིན། རང་སྡོམ་ནད་ཀྱི་འབྱུང་ཚད་ནི་ཕལ་ཆེར་ཁྲི་ཆའི་ལྔ་ཙམ་ཡིན་ལ། སྐྱེས་པར་བྱུང་ཚད་ནི་སྐྱེས་མའི་ལྡབ4ཡིན། སྤྱིར་བཏང་གི་རང་སྡོམ་ནད་ནི་ཚེ་གང་བོར་སངས་དྲག་འབྱུང་ཐབས་མེད། ནད་པ80%ལ་རིག་ནུས་དམའ་བའི་སྣང་ཚུལ་ཡོད་ལ། ཕྲུ་གུའི་དུས་སྐབས་ལ་ནད་རྟགས་མངོན་གསལ་ཡིན་ཞིང་། ན་གཞོན་སྐབས་སུ་ནད་པ་ཁག་ཅིག་གི་ནད་རྟགས་ཅུང་ཇེ་ཡང་དུ་འགྲོ། ཡིན་ནའང་། ནད་པ་མང་ཤས་ལ་རྒྱུན་ལྡན་མ་ཡིན་པའི་བྱ་སྤྱོད་དང་འབྲེལ་འདྲིས་ཀྱི་བཀག་རྒྱ་སྔར་བཞིན་འབྱུང་ངེས།
       རང་སྡོམ་ནད་པར་གཤམ་གྱི་ནད་རྟགས་འགའ་ཡོད།
       (གཅིག) སྐད་ཆའི་འབྲེལ་འདྲིས་ཀྱི་བཀག་རྒྱ།
       སྐད་ཆའི་འཕེལ་རྒྱས་དལ་བ་ནི་རང་སྡོམ་ནད་ཅན་གྱི་བྱིས་པའི་དཔེ་མཚོན་ལྡན་པའི་ཁྱད་ཆོས་ཡིན་པ་དང་། ཁོ་ཚོས་རྒྱུན་པར་སྐད་ཆའི་ནང་དོན་མ་རྟོགས་པས་དྲི་བ་དང་མི་མཐུན་པའི་དྲིས་ལན་འདེབས་པའི་གནས་ཚུལ་འབྱུང་། རང་སྡོམ་ནད་ཅན་གྱི་བྱིས་པའི་ཁྲོད་ཕྱེད་ཀ་ཙམ་ལ་སྐད་ཆའི་འབྲེལ་འདྲིས་ཀྱི་ནུས་པ་ཞན་པ་ཡིན། ཁོ་ཚོས་སྐད་ཆ་སློབ་པའི་གོ་རིམ་ཁྲོད་རྒྱུན་པར་ནེ་ཙོའི་ལད་ཟློས་ལྟ་བུའི་གནས་ཚུལ་འབྱུང་བ་དང་། དྲི་བར་བསྐྱར་ཟློས་ཀྱིས་ལན་འདེབས། དུས་ཚོད་ཕལ་མོ་ཆེ་ལ་རྣ་བས་ཐོས་ཀྱང་མ་ཐོས་པའི་རྣམ་འགྱུར་གྱིས་འདུག་ལ། འདི་ནི་ཁོ་ཚོའི་ཐོས་ཚོར་མ་ལག་གིས་སྐད་ཆའི་བརྡ་རྟགས་ལ་གསལ་འགྲེལ་བྱེད་པའི་ནུས་པས་མ་འདང་བ་དང་། དྲི་བའི་ནང་དོན་ལ་རྒྱུས་ལོན་བྱེད་མ་ཐུབ་པ་རེད། དེ་བས་དྲི་བར་ལན་ཇི་ལྟར་འདེབས་དགོས་པ་མི་ཤེས། ལན་འདེབས་སྐབས་རྒྱུན་པར“ཁྱེད” “ང” “ཁོ་བོ”སོགས་ཀྱི་དབྱེ་བ་གསལ་པོར་འབྱེད་མི་ཤེས།
       ཁོ་ཚོའི་འགྱུར་མེད་དྲན་ཤེས་ཀྱི་ནུས་པ་ཅུང་དྲགས་པ་དང་། ཐོས་མྱོང་བའི་བརྡ་ཁྱབ་ཀྱི་མིང་ཚིག་དང་ཁ་བརྡ། གླུ་དབྱངས་སོགས་བློ་ནས་སྐྱོར་བར་དགའ། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས་སྐད་ཆའི་ནུས་པར་ཡར་རྒྱས་ཅུང་ཙམ་ཡོད་ལ། ཁ་བརྡ་བྱེད་སྐབས་ཀྱང་བློ་ན་ཡོད་པའི་སྐད་ཆར་འགྱུར་བ་མ་བཏང་བར་བཤད་ཐུབ། རང་སྡོམ་ནད་ཅན་གྱི་བྱིས་པའི་གོ་བ་ལེན་པ་དང་བསམ་གཞིགས་གཏོང་བ། རིག་འདེད་ནུས་པ་བཅས་ལ་ཆད་སྐྱོན་མངོན་གསལ་ཡོད། གྲངས་རིག་སློབ་པའི་གོ་རིམ་ཁྲོད་རྒྱུན་པར་དཀའ་ཁག་ལ་འཕྲད་པ་རེད།
       (གཉིས) མི་དང་མིའི་འབྲེལ་འདྲིས་ཀྱི་བཀག་རྒྱ།
       སྐད་ཆའི་བཀག་རྒྱ་ཡི་དབང་གིས་རང་སྡོམ་ནད་ཅན་གྱི་བྱིས་པས་རོགས་པར་དོན་སྙིང་ཅན་གྱི་ཁ་བརྡ་བྱེད་མི་ཐུབ་ལ། མི་གཞན་དང་འབྲེལ་འདྲིས་ཀྱང་འཛུགས་མི་ཐུབ། ཁོ་ཚོས་མིའི་ངོ་གདོང་ངོས་མི་ཟིན་པས་རྒྱུན་པར་མིག་གིས་མི་ལ་མི་བལྟ་བ་དང་། མི་དང་གདོང་གཏད་ནས་བལྟ་མི་ཐུབ། གཞན་གྱིས་ཁ་བརྡ་བྱེད་དུས་མིག་གིས་གནས་གཞན་ལ་བལྟ་བ་རེད། མི་གཞན་གྱིས་ཁ་བརྡ་བྱེད་སྐབས་ཀྱང་ཅི་ཡང་མ་ཐོས་པའི་ཚུལ་གྱིས་འདུག་པ་དང་། སྐབས་ལ་ལར་ལན་ཅི་ཡང་མ་བཏབ་པར་བྲོས་འགྲོ། རང་སྡོམ་ནད་ཅན་གྱི་བྱིས་པ་དང་བྱིས་པ་གཞན་པར་ཐུན་མོང་གི་དོ་སྣང་བྱེད་ཡུལ་ཞིག་གྲུབ་མི་ཐུབ་པས། བྱིས་པ་གཞན་དང་མཉམ་དུ་རྩེད་སྐབས་རང་སྡོམ་ནད་ཅན་གྱི་བྱིས་པ་གཅིག་པུས་རྩེད་མོ་རྩེ་བ་རེད། དེ་བས། དགེ་རྒན་དང་ཁྱིམ་བདག་ལ་བྱིན་པའི་ཚོར་བ་ནི་རང་སྡོམ་ནད་ཅན་གྱི་བྱིས་པར་གྲོགས་པོ་མེད་ལ། ཕན་ཚུན་ལ་རྩེད་རོགས་མི་བྱེད་པར་རང་ཉིད་ཀྱི་འཇིག་རྟེན་ནང་འཚོ་བ་རེད།
       (གསུམ) རྩེད་མོ་དང་བྱ་འགུལ་སྐབས་ཀྱི་ཁྱད་ཆོས།
       རང་སྡོམ་ནད་ཅན་གྱི་བྱིས་པར་བསྐྱར་ཟློས་རང་བཞིན་གྱི་བྱ་སྤྱོད་ཡོད་ལ། རྩེད་མོ་རྩེ་སྐབས་རང་ཉིད་ཀྱི་གཏན་ཆགས་ཡིན་ལ་དམིགས་བསལ་གྱི་རྩེད་སྟངས་ཤིག་ཡོད་པ་དང་། སྒྲིག་སྲོལ་ཅན་གྱི་རྩེད་མོ་རྩེད་ཐབས་མེད། རང་སྡོམ་ནད་ཅན་གྱི་བྱིས་པ་ལ་ལ་འཁོར་རྒྱུག་བྱེད་པའི་དངོས་པོར་སྤྲོ་བ་ཆེན་པོ་ལྡན། དཔེར་ན། འཁོར་ལོ་ལྟ་བུ། ཁོ་ཚོ་འཁོར་ལོ་རྩེ་བ་དང་གློག་གི་རླུང་གཡབ་འཁོར་ལོར་བལྟ་རྒྱུར་དགའ། ཡང་ལ་ལ་གློག་སྐས་ལ་སྤྲོ་བ་ཡོད་པ་དང་། གློག་སྐས་ལ་བསྡད་ནས་ཡར་འགྲོ་མར་འགྲོ་བྱེད། ཡང་ལ་ལ་ལོ་ན་ཆུང་བའི་དུས་སུ་གློག་སྒོ་ཕྱེ་བ་དང་གློག་སྒོ་རྒྱག་པར་དགའ་བ། འཇའ་ཚོན་གློག་སྒྲོན། འཁོར་བཞིན་པའི་དངོས་པོ་དང་ལྡོག་འཕྲོ་ཡོད་པའི་དངོས་པོའི་ངོས་ལ་བལྟ་བར་དགའ་བ་དང་། དངོས་པོར་གསེག་ལྟ་བྱེད་པར་ཡང་དགའ།
       (བཞི) གཏན་ཆགས་ཅན་དང་ཆོ་ག་ཅན་གྱི་སྣང་ཚུལ།
       རང་སྡོམ་ནད་ཅན་གྱི་བྱིས་པ་ལ་ལས་གཏན་ཆགས་ཀྱི་ལམ་ཐིག་ལ་ཨུ་ཚུགས་བྱེད། དཔེར་ན། ངེས་པར་ལམ་ག་གེ་མོ་བརྒྱུད་ནས་ཡུལ་དུ་འགྲོ་དགོས་པ་དང་། ཁྱིམ་གྱི་སྒོ་ཁར་ཐོན་ན་ངེས་པར་གློག་སྐས་ལ་ཐེངས་གཅིག་བལྟས་རྗེས་ད་གཟོད་ཁྱིམ་ལ་འགྲོ། འདི་ལ་གཏན་ཆགས་ཅན་དང་ཆོ་ག་ཅན་གྱི་སྣང་ཚུལ་རབ་དང་རིམ་པ་ཞིག་ཡོད།
       (ལྔ) རང་གིས་རང་ལ་ཟུག་གཟེར་གཏོང་བའི་སྣང་ཚུལ་ཡོད་པ།
       རང་སྡོམ་ནད་ཅན་གྱི་བྱིས་པ་ལ་ལས་ཡང་ནས་བསྐྱར་དུ་དངོས་པོར་ལྡག་པ་དང་སོ་འདེབས་པ། དབྲལ་བ། གཡུག་པ། སྣོམ་པ་དང་། ཡང་ན། དངོས་པོ་ག་གེ་མོར་རེག་པའི་བྱ་སྤྱོད་ཡོད། ཁོ་ཚོས་སློབ་ཁྲིད་སྐབས་སུ་སྐད་སྒྲ་ཆེན་པོ་སྒྲོག་པ་དང་། སློབ་གསེང་སྐབས་སུ་ཐང་ནས་འགྱེལ་རེས་བྱས་ནས་དགེ་རྒན་དང་སློབ་མར་དོ་སྣང་བྱེད་དུ་འཇུག སྣང་ཚུལ་འདི་དག་ཚང་མ་ནི་རང་གིས་རང་ལ་ཟུག་གཟེར་གཏོང་བའི་བྱ་སྤྱོད་ཡིན། བྱ་སྤྱོད་འདི་དག་གི་དབང་གིས་དགེ་རྒན་དང་སློབ་མས་དོ་སྣང་བྱས་ན་ཁོ་ཚོ་སྔར་ལས་དགའ་སྤྲོ་སྐྱེས་ཏེ། མུ་མཐུད་ནས་ཐབས་འདི་བཀོལ་ནས་སྔར་ལས་མང་བའི་དོ་སྣང་ཐོབ་ཏུ་འཇུག དེ་བས། དགེ་རྒན་དང་ཁྱིམ་བདག་གིས་རང་སྡོམ་ནད་ཅན་གྱི་བྱིས་པའི་བྱ་སྤྱོད་འདི་དག་ལ་རྒྱུས་ལོན་བྱས་རྗེས། འོས་མཚམ་གྱིས་བྱིས་པའི་སྤྱོད་ཚུལ་སྣང་མེད་དུ་བཞག་ནས་དོ་ཁུར་བྱེད་མི་རུང་། འདི་ལྟར་བྱས་ན་ཁོ་ཚོས་རང་གིས་རང་ལ་ཟུག་གཟེར་གཏོང་བའི་སྣང་ཚུལ་ཇེ་ཉུང་དུ་འགྲོ་བ་རེད།
གཉིས། རང་སྡོམ་ནད་ཀྱི་རྒྱུན་ཤེས་འགའ།
       (གཅིག) རང་སྡོམ་ནད་ནི་སེམས་ཁམས་ཀྱི་ནད་རིགས་ཤིག་ཡིན་ནམ།
       རང་སྡོམ་ནད་ནི་སེམས་ཁམས་ཀྱི་ནད་རིགས་ཤིག་མིན་མོད། འོན་ཀྱང་། རང་སྡོམ་ནད་ཅན་གྱི་བྱིས་པ་ཕལ་མོ་ཆེ་ལ་སེམས་ཁམས་ཀྱི་གནད་དོན་ཡོད། དཔེར་ན། ཤེས་རྟོགས་དང་སེམས་ཚོར། བྱ་སྤྱོད་སོགས་ཀྱི་གནད་དོན་ལྡན།
       (གཉིས) རང་སྡོམ་ནད་ནི་ནད་རིགས་གང་ལ་གཏོགས་པ་ཡིན།
       2006ལོ་ནས་བཟུང་། རང་རྒྱལ་གྱིས་རང་སྡོམ་ནད་ནི་སྨྱོ་ནད་ཀྱི་ཁོངས་གཏོགས་སུ་བཅུག་ཡོད།
       (གསུམ) རང་སྡོམ་ནད་ནི་ཕ་མས་སྙོར་སྐྱོང་ལ་ཚགས་མ་ཐོན་པས་བྱུང་བ་ཡིན་ནམ།
       ལོ་ངོ་མང་པོའི་སྔོན་ལ། མི་རྣམས་རང་སྡོམ་ནད་ལ་ཆ་རྒྱུས་མེད་པའི་སྐབས་སུ། མི་ལ་ལས་ཕ་མས་བྱིས་པ་སྙོར་སྐྱོང་བྱེད་པའི་ཐབས་ལམ་མ་འགྲིག་པས་རང་སྡོམ་ནད་བྱུང་བར་འདོད་པ་དང་། ལྷག་པར་ཨ་མ་ནི་དོགས་གཞི་ཆེ་ཤོས་སུ་གྱུར་ཡོད།“འཁྱག་སྒམ་ལྟ་བུའི་ཨ་མའི་གཞུང་ལུགས”ཞེས་པའི་བཤད་ཚུལ་ཞིག་བྱུང་བ་དང་། དེའི་དོན་ནི་ཨ་མས་བྱིས་པ་སྣང་མེད་དུ་བསྐྱུར་པའི་གསོ་སྐྱོང་བྱེད་ཐབས་ཀྱིས་རང་སྡོམ་ནད་བྱུང་བར་འདོད་མོད། ཡིན་ཡང་། བཤད་ཚུལ་འདི་ཚན་རིག་དང་དོན་དངོས་ཀྱིས་ནོར་འཁྲུལ་ཡིན་པ་བདེན་དཔང་བྱས་པ་རེད། ཞིབ་འཇུག་གིས་བདེན་དཔང་བྱས་པ་ལྟར་ན། རང་སྡོམ་ནད་ནི་ཀླད་པའི་སྐྱེ་འཚར་རང་བཞིན་ལ་བཀག་རྒྱ་ཐེབས་པའི་ནད་རིགས་ཤིག་ཡིན་པ་ལས། ཕ་མའི་གསོ་སྐྱོང་བྱེད་ཐབས་དང་འབྲེལ་བ་མེད།
       (བཞི) རང་སྡོམ་ནད་ལ་སྨན་འཐུང་ནས་བཅོས་སྐྱོང་བྱེད་ཐབས་ཡོད་དམ།
       མིག་སྔའི་བར་དུ་རང་སྡོམ་ནད་ཀྱི་འབྱུང་རྐྱེན་གསལ་པོར་མི་ཤེས་པས་ཁ་གཏད་རང་བཞིན་གྱི་སྨན་རྫས་མེད། གཙོ་བོ་ཁམས་གསོའི་སྦྱོང་བརྡར་དང་དམིགས་བསལ་སློབ་གསོའི་བྱེད་ཐབས་གཙོ་བོར་འཛིན་པ་དང་། སྨན་རྫས་ཀྱི་སྨན་བཅོས་བྱེད་ཐབས་ཕལ་བར་འཛིན་བཞིན་ཡོད།
       (ལྔ) རང་སྡོམ་ནད་ལ་ནད་དཔྱད་ཐག་གཅོད་གང་ནས་བྱེད་ཐུབ།
       ས་གནས་སོ་སོའི་བྱིས་པའི་སྨན་ཁང་དང་། མ་བུ་བདེ་སྲུང་སྨན་ཁང་། སྣ་འཛོམས་སྨན་ཁང་གི་བྱིས་པའི་ཚན་ཁག་སོགས་ནས་ནད་དཔྱད་ཐག་གཅོད་བྱེད་ཐུབ། ཀུན་གྱིས་ཁས་ལེན་པའི་དབང་གྲགས་ཅན་གྱི་ནད་དཔྱད་ཐག་གཅོད་སྨན་ཁང་ནི། པེ་ཅིན་སློབ་ཆེན་གྱི་སྨན་ཁང་དྲུག་པ་དང་ཀྲུང་ཧྲན་སློབ་ཆེན་གྱི་སྨན་ཁང་གསུམ་པ་ཡིན།
       (དྲུག) རང་སྡོམ་ནད་ཀྱི་ཁམས་གསོའི་སློབ་གསོའི་མི་སྣར་ཆ་རྐྱེན་གང་དག་ལྡན་དགོས།
       ༡ ཚད་མཐོ་བའི་ཀུན་སྤྱོད་ཀྱི་བྱང་ཚད་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་པ།
       ༢ ཚོགས་པའི་མཉམ་ལས་ཀྱི་འདུ་ཤེས་དང་འབྲེལ་འདྲིས་ཀྱི་ནུས་པ་ལེགས་པོ་ལྡན་པ།
       ༣ ཆེད་ལས་ཀྱི་ཤེས་བྱ་དང་རྩལ་ནུས་ངེས་ཅན་ལྡན་པ།
       ༤ ལུས་ཕུང་བདེ་ཐང་ཡིན་དགོས་པ་བཅས་སོ། །
འབྲེལ་ཡོད་འོས་སྦྱོར།