logo

བོད་ཀྱི་དམངས་ཁྲོད་བྱིས་གླུའི་སློབ་གསོའི་ནུས་པ་རགས་ཙམ་གླེང་བ།

རྩོམ་པ་པོ།:དཀའ་ཐུབ་རྒྱལ། ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2024-08-07 ཀློག་གྲངས།:
       བོད་ཀྱི་དམངས་ཁྲོད་བྱིས་གླུ་ནི་བོད་རིགས་བྱིས་པ་རྣམས་ཀྱི་འཚོ་བ་དང་ཆེས་ཐག་ཉེ་བའི་དམངས་ཁྲོད་ཀྱི་རིག་གནས་བྱེད་སྒོ་ཞིག་ཡིན་པས། དེས་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་ལ། བྱིས་པ་རྣམས་འཚར་ལོངས་འབྱུང་བའི་སློབ་གསོའི་བརྒྱུད་རིམ་ཁྲོད་དུའང་ནུས་པ་བླ་ལྷག་འདོན་གྱིན་ཡོད། དེར་རོལ་རྩེད་ཀྱི་རང་བཞིན་མངོན་པར་གསལ་ཞིང་ཚིག་སྦྱོར་སྤེལ་ཚུལ་བབ་ཆགས་པ། བརྗོད་བྱའི་དོན་ཁ་གསལ་ཞིང་གོ་སླ་བའི་ཁྱད་ཆོས་ལྡན་པས་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་དང་རིག་པའི་ཆུ་ཚད། བསམ་པའི་མོས་འདུན་དང་མཐུན་ལ། རྩེ་དགའི་སྤྲོ་བའི་ཀློང་ནས་བྱིས་པ་དག་གི་སྐད་ཆ་སྦྱོང་བ་དང་། བློ་སྒོ་འབྱེད་པ། ཀུན་སྤྱོད་གསོ་སྦྱོང་བྱེད་པ་སོགས་ལ་ནུས་པ་གལ་ཆེན་འདོན་ཐུབ་གྱིན་ཡོད།
གཅིག སྐད་ཆ་སྦྱོང་བའི་ནུས་པ།
       རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས། བྱིས་གླུས་བྱིས་པ་དག་གི་སྐད་ཆ་དང་བསམ་གཞིག་གཏོང་སྟངས་ལ་མཛུབ་སྟོན་གྱི་ནུས་པ་ཐོན་གྱིན་ཡོད་ལ། བྱིས་པའི་དུས་རྒྱུན་འཚོ་བའི་ཁྲོད་དུ་ཐ་སྙད་བཀོལ་སྤྱོད་དང་། མིང་ཚིག་སྦྱོར་ཀློག་སོགས་ཀྱི་བརྒྱུད་རིམ་ཁྲོད་བྱིས་པའི་ཡིད་ལ་འཛིན་བདེ་བར་མ་ཟད། རིམ་བཞིན་ནར་སོན་པ་དང་ལྷན་དུ་ཕན་ཚུན་གྱི་འབྲེལ་འདྲིས་དང་བྱ་དངོས་སོགས་ཀྱི་མིང་བྱིས་གླུ་ལ་བརྟེན་ནས་བློ་རུ་ཆུད་ཡོད་རྐྱེན། འབྲེལ་འདྲིས་ལ་དེ་འདྲའི་དཀའ་ཚེགས་མེད་པ་དང་སྟ་གོན་བཟང་ཤོས་ཤིག་བྱས་ཡོད། དཔེར་ན་སྨྲ་སྒོ་སྦྱོང་བའི་གླུ་སྟེ།“རྡོ་གྱང་ལ་ཞུས། གྱང་རྡོ་ལ་ཞུས།” ཡང་ན“ཞི་མི་རི་ལེར་འཇིགས། །རི་ལི་ཞི་མིར་འཇིགས། །བྱི་བ་བྱི་ལར་འཇིགས། །བྱི་ལས་བྱི་བར་སྡིར། །”ལྟ་བུའི་བྱིས་གླུའི་ཚེག་བར་མང་ཉུང་དང་ཚིག་གི་སྡེབ་སྟངས་འདྲ་རུང་། སྒྲ་དག་ཅིང་གདངས་གསལ་བའི་སྒོ་ནས་ཀློག་དགོས་ཚེ་རིག་པ་བསྒྲིམས་དགོས། འདི་ལྟ་བུའི་བྱིས་གླུའི་ཁྲོད་དངོས་པོའི་མིང་དང་། བྱ་བའི་མིང་སོགས་བཀོལ་རྒྱ་ཆེ་བས། རིམ་བཞིན་ཐ་སྙད་གསོག་འཇོག་ཇེ་མང་དུ་འགྲོ་བ་དང་བྱིས་པའི་བསམ་གཞིག་གི་ནུས་པར་གཏན་ཚིགས་ལྡན་པར་འགྱུར་ལ། ཡང་དཔེར་ན“སྔོ་རིང་རིང་དེ་ཅི་རེད། སྔོ་ཐུང་ཐུང་དེ་ཅི་རེད། སྐྱ་རིང་རིང་དེ་ཅི་རེད། སྐྱ་ཐུང་ཐུང་དེ་ཅི་རེད། སྔོ་རིང་རིང་དེ་ཆུ་རེད། སྔོ་ཐུང་ཐུང་དེ་གྲི་རེད། སྐྱ་རིང་རིང་དེ་ལམ་རེད། སྐྱ་ཐུང་ཐུང་དེ་ལྭ་རེད”ཅེས་དྲི་བ་དྲིས་ལན་གྱི་རྣམ་པས་བྱ་དངོས་ཕན་ཚུན་བར་གྱི་འབྲེལ་བར་ངེས་ཤེས་གསར་བ་སྐྱེད་ཅིང་དྲི་བ་འདོན་མཁན་དང་། དྲིས་ལན་འདེབས་མཁན་གཉིས་ཀྱིས་གཏན་ཚིགས་ངེས་ཅན་ཡོད་པའི་སྒོ་ནས་ལན་འདེབས་པ་ལས་གང་འདོད་དུ་ལན་བཏབ་པ་མིན་པས། བྱིས་པའི་སྐད་ཆའི་སྦྱོང་བརྡར་དང་བསམ་གཞིག་གཏོང་སྟངས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཐུབ་ལ། གསལ་དག་མགྱོགས་གསུམ་གྱི་སྒོ་ནས་ཡང་དང་བསྐྱར་དུ་ཀློག་འདོན་བྱེད་པའི་སྤྲོ་སྣང་བསྐྱེད་དེ་ཤེས་མེད་ཚོར་མེད་ངང་དབུགས་འབྱིན་རྔུབ་བྱེད་པའི་ཚད་སྙོམས་སྒྲིག་དང་སྦྱོང་བརྡར་བྱས་པས་བྱིས་པའི་སྐད་ཆ་སྦྱོང་བར་རོགས་འདེགས་ཀྱི་ནུས་པ་ཐོན་ཡོད།
གཉིས། བློ་སྒོ་འབྱེད་པའི་ནུས་པ།
       མིའི་རིགས་ཀྱི་རིག་སྟོབས་ནི་བྱིས་པའི་དུས་ནས་སྐྱེད་སྲིང་དང་སྔོག་འདོན་བྱེད་དགོས་པ་ཞིག་ཡིན་ལ། རིག་སྟོབས་དེ་ཇི་ལྟར་སྔོག་འདོན་བྱེད་ཐུབ་ཚེ། བྱིས་པ་དག་གིས་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་སྤྱི་ཚོགས་འཚོ་བ་ཤེས་རྟོགས་བྱེད་པར་དེ་བས་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ། དེ་ཡང་དམངས་ཁྲོད་ཀྱི་བྱིས་གླུ་ལ་ཕྱི་རོལ་གྱི་བྱ་དངོས་དང་ཁ་དོག གྲངས་ཀའི་ངོས་འཛིན་སོགས་བྱིས་པའི་མཚར་འཛིན་གྱི་བློ་དང་འཚམ་པའི་བརྗོད་བྱ་ཕུན་སུམ་ཚོགས་ཏེ། དཔེར་ན“ཉི་མ་སེར་པོ་གསེར་གྱི་ཚོས། ཟླ་བ་དཀར་ཆུང་དུང་གི་ཚོས། སྐར་ཚོགས་ཁྲ་མོ་དངུལ་གྱི་ཚོས། གཡུ་འབྲུག་སྔོན་མོ་མཐིང་གི་ཚོས། ཐང་དཀར་རྒོད་པོ་དུང་གི་ཚོས། ངང་བ་སེར་པོ་གསེར་གྱི་ཚོས”ལྟ་བུའི་བྱ་དངོས་སྣ་ཚོགས་ཀྱི་བཀོད་པ་ངོ་སྤྲད་པ་བརྒྱུད་ནས། བློ་སྒོ་ཡངས་པོར་ཕྱེས་ཤིང་དེ་ལ་ཤེས་རྟོགས་ཀྱི་བློ་དྲག་ཏུ་སྐྱེས་ནས་རང་བྱུང་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་ལ་བསམ་བློ་བཏང་བར་བརྟེན། བྱིས་པ་རྣམས་ཆུང་དུས་ནས་བསམ་བློ་གཏོང་རྒྱུར་དགའ་ཞིང་རང་ཉིད་ཀྱི་བསམ་གཞིག་གི་ནུས་པ་སྔོག་འདོན་བྱེད་པར་བརྩོན་པའི་གོམས་གཤིས་ཤིག་ཆགས་སུ་བཅུག་ལ། གཞན་དཔེར་ན“གསུམ་ཚང་། འབེན་དྲུག སྐད་དགུ ཆ་མ་བཅུ་གཉིས། ལྔ་གསུམ་བཅོ་ལྔ། དྲུག་གསུམ་བཅོ་བརྒྱད། བདུན་གསུམ་ཉི་ཤུ་རྩ་གཅིག བརྒྱད་གསུམ་ཉི་ཤུ་རྩ་བཞི། དགུ་གསུམ་ཉི་ཤུ་རྩ་བདུན། བཅུ་གསུམ་སུམ་ཅུ་ཐམ་པ”ཞེས་པ་ལྟ་བུའི་གྲངས་ཀའི་སྡོམ་སྤུངས་རྣམ་པ་ཅན་གྱི་བྱིས་གླུ་འདིས་གྲངས་ཀའི་ལྡབ་གྲངས་རེ་རེ་འཕར་བའི་ཁྱད་ཆོས་དམིགས་བསལ་བ་དང་འབྲེལ་ནས་བྱིས་པའི་གྲངས་ཀའི་སྣོན་ཐབས་བསླབ་ཐུབ་པར་མ་ཟད། གྲངས་ཀ་བསྒྱུར་བགོ་བྱེད་སྟངས་ཀྱི་ཐབས་ཤེས་ལོབས་པའི་ནུས་པའང་ངེས་ཅན་ལྡན་ལ། ངག་ནས་བགྲང་བའི་ཞོར་ལ་ངེས་པར་དུ་ཀླད་པ་འགུལ་དགོས་པས་བྱིས་པའི་བསམ་གཞིག་གི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་སྐྱེད་དེ་རང་རྐྱ་ཐུབ་པའི་ངང་སློབ་ལ་གཞོལ་བའི་བློ་འབྱེད་ཀྱི་ནུས་པ་ལྡན་པའོ། །
གསུམ། ཀུན་སྤྱོད་གསོ་སྐྱོང་གི་ནུས་པ།
       «ཤིང་གི་བསྟན་བཅོས»ལས“ཀླད་ཆུང་རང་བཞིན་ངན་པ་ལ། །ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། །རྩ་བ་དུག་ཏུ་གནས་པ་ཡི། །མེ་ཏོག་མཛེས་ཀྱང་སུ་ལ་ཕན། །”ཞེས་པ་ལྟར་ཀུན་སྤྱོད་ལེགས་པོ་མིན་ཚེ་ཡོན་ཏན་ཡོད་ཀྱང་མི་གཞན་ལ་ཕན་མི་ཐོགས་པ་དང་། མི་ཞིག་གི་ཀུན་སྤྱོད་གསོ་སྐྱོང་ནི་དམིགས་སུ་འཛིན་དགོས་པའི་གནས་ལྟ་བུ་སྟེ། སྔོན་བྱོན་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་ཀྱང་ཀུན་སྤྱོད་ལ་བརྟག་པ་གཙོ་བོར་འཛིན་གྱིན་ཡོད་དེ། དཔལ་ལྡན་ཨ་ཏི་ཤས་སློབ་མ་ལ་བརྟག་ཚུལ། རྗེ་སྒྲ་སྒྱུར་མར་བས་སློབ་མ་ལ་བརྟག་ཚུལ་སོགས་ཀུན་སྤྱོད་ལེགས་ལམ་དུ་བཀོད་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་འཛིན་བཞིན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས“ང་ཚོའི་སློབ་གསོའི་ལམ་ཕྱོགས་གཙོ་བོ་ནི་སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀྱི་ཀུན་སྤྱོད་དང་། ཤེས་བྱ། གཟུགས་པོའི་བདེ་ཐང་བཅས་ཚང་མ་ཡར་རྒྱས་ཡོང་བ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་ཡོད་པ་དང་། རིག་གནས་ཡོད་པའི་ངལ་རྩོལ་པ་ཞིག་ཏུ་འགྱུར་དགོས”ཞེས་གསུངས་པ་ལྟར། བྱིས་པའི་ཀུན་སྤྱོད་སློབ་གསོའི་འཕེལ་རྒྱས་ལ་ཤུགས་སྣོན་དགོས་ན་བྱིས་གླུ་ནི་མེད་དུ་མི་རུང་ལ། བོད་ཀྱི་གོམས་སྲོལ་དང་འཚོ་བའི་ཁྲོད་ཀྱི་ཀུན་སྤྱོད་བརྗོད་བྱར་གྱུར་བའི་བྱིས་གླུ་ནི་དཔེར་ན་གཞིས་ཀ་རྩེ་ས་ཁུལ་གྱི«རྟུག་དྲི་སུས་བཏང་མ་བཏང»ཞེས་པའི་བྱིས་གླུ་སྟེ།“ཕའེ། ཕའེ། དྲི་མ་ཁྱེར་བྱུང་ཁ་བརྒྱད་པ་ཚོ། སྣ་བརྒྱད་པ་ཚོ། ནང་སྒོ་གླིང་གི་སྒོ་རྩ་ཁོ་ལ། ཕར་ཨ་ལྕེས་བྲོ་ཞིག་འཁྲབ། སང་འགྲོ གནངས་འགྲོ བསོད་ནམས་ལགས་ཀྱིས་པི་ཏིག”ཅེས་པ་ལྟར། མི་ཚོགས་འདུ་ས་དང་འཛོམས་ས་ནས་རྟུག་དྲི་གཏོང་བ་ནི་ངོ་ཚ་དང་མ་རབས་ཀྱི་བྱ་སྤྱོད་ཐ་ཤལ་ཞིག་ཏུ་ངོས་འཛིན་པས། ཆུང་དུས་ནས་ཀུན་སྤྱོད་སློབ་གསོ་དང་སེམས་ཁམས་ཀྱི་བྱང་ཚད་གཙིགས་སུ་འཛིན་བཞིན་པ་འདི་ནི་ཡ་རབས་ཀྱི་གོམས་སྲོལ་བཟང་པོ་ཞིག་དང་། བྱིས་པའི་ཀུན་སྤྱོད་ཚུལ་ལྡན་དུ་གཏོང་རྒྱུ་དེ་བྱིས་གླུའི་ནུས་པ་ལ་བརྟེན་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་མི་འཇོན་ཐང་ཅན་ཞིག་བྱ་རྒྱུ་ལ་སྣེ་སྟོན་གྱི་ནུས་པ་ཐོན་ཡོད། གཞན་ལྷ་སའི་དམངས་ཁྲོད་བྱིས་གླུའི་ཁྲོད་གུས་བཀུར་མཚོན་པའི་ཞེ་ཚིག་མང་པོ་སྦྱར་ཡོད་པ་དཔེར་ན། བྱིས་པ་རྣམས་སྒོར་རྩེ་རུ་སོང་ནས་བག་ལེབ་སློང་དུས་ཀྱི་བྱིས་གླུ“ཨ་ཁུ་ཟླ་དཀར་ལགས། བག་ལེབ་ཅིག་གནང་དང་། ངས་སང་ཉིན་བརྔན་པ་སྟེར་དགོས། ལག་པ་གཙང་མ་མེད་ན། བག་ལེབ་མིན་འདུག་གསུངས་ཀྱིས”ཞེས་པ་ལྟ་བུ་ལས་བྱིས་པ་དང་འཚམས་པའི་ཞེ་ཚིག“གནང” “གསུངས” “ལགས”ལྟ་བུ་བེད་སྤྱད་ནས་བྱིས་པ་རྣམས་ལ་ཆུང་དུས་ནས་ཡ་རབས་ཚུལ་ལྡན་དང་རྒན་བཀུར་ཆུང་བྱམས་ཀྱི་གོམས་གཤིས་བཟང་པོ་ལ་བག་ཆགས་ཟབ་མོ་འཇོག་ཐུབ་གྱིན་ཡོད་ལ།བྱིས་པ་རྣམས་ཀྱི་ཀུན་སྤྱོད་གསོ་སྐྱོང་དང་ཡར་སྐུལ་བྱེད་པར་མི་མངོན་པའི་ནུས་པ་གལ་ཆེན་ཞིག་ཐོན་གྱིན་ཡོད།
       མདོར་ན་དམངས་ཁྲོད་བྱིས་གླུ་ཡིས་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་མ་རབས་ཀྱི་སྤྱོད་པ་དོར་ཏེ། གཤིས་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་པར་སྐུལ་འདེད་དང་། བྱིས་པ་དག་གི་སྐད་ཆའི་སློབ་གསོ་དང་མོས་པ་སྐྱེད་སྲིང་། ཀུན་སྤྱོད་གསོ་སྐྱོང་སོགས་ཕྱོགས་མང་པོའི་ཐད་ནས་ཡར་རྒྱས་འགྲོ་བར་གཞོགས་འདེགས་ཀྱི་ནུས་པ་ཐོན་པར་མ་ཟད། རང་བྱུང་ཁམས་ཀྱི་ཆོས་ཉིད་དང་འཚོ་བའི་རྒྱུན་ཤེས། རིག་གནས་གོམས་སྲོལ་སོགས་བྱིས་པ་དག་ལ་བརྒྱུད་སྤྲོད་བྱས་ཏེ། འཇོན་ཐང་ལྡན་པའི་མི་སྣར་སྐྱེད་སྲིང་བྱེད་པར་ནུས་པ་མི་དམན་པ་ཐོན་ཐུབ་ལ། མིང་དོན་གཉིས་མཚུངས་ཀྱི་སྒོ་ནས་སྲོལ་རྒྱུན་རིག་གནས་དུས་མཐུན་འཕེལ་རྒྱས་དང་རྒྱུན་འཛིན། དར་སྤེལ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་སྐོར་ལ་བཏོན་པའི་བླང་བྱ་དག་མངོན་འགྱུར་ཡོང་བར་རོགས་འདེགས་བྱེད་ཐུབ་པ་ཡིན། །
འབྲེལ་ཡོད་འོས་སྦྱོར།