logo

«དབང་བོ་ལྔ་ཡི་རྩོད་གླེང»གི་རྩོམ་འབྲིའི་ཁྱད་ཆོས་དང་བློ་བསྐྱེད་སྐོར་གླེང་བ།

རྩོམ་པ་པོ།:ཐུབ་བསྟན་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-03-16 ཀློག་གྲངས།:
དང་པོ། གོ་བསྐོན་བློ་འགུག་གི་རྩོམ་འབྲིའི་མཐུན་ཆོས་ལྡན་པ།
       རྩོམ་པ་པོ་ཟླ་བ་ཕུན་ཚོགས་ལགས་ཀྱིས«དབང་བོ་ལྔ་ཡི་རྩོད་གླེང»ཞེས་པ་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པར་གསར་དུ་བརྩམས་ཤིང་། རྩོམ་ཡིག་འདི་སྔ་རྗེས་སུ1988ལོའི་སྦྲང་ཆར་དེབ་གཉིས་པ་དང་། 1993ལོའི་བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས«ཁ་བའི་རྣམ་ཤེས»སྟེང་བཀོད་པ་དང་། ལྗོངས་ཞིང་ལྔའི་བོད་སྐད་ཡིག་བསླབ་གཞི་རུའང་བདམས་མྱོང་བས། འདི་ལ་ཚིག་དོན་ཉིས་ཆ་ནས་མི་རིགས་རང་གི་ཁྱད་ཆོས་འབུར་ཐོན་དུ་མངོན་པའི་རྨང་གཞིའི་སྟེང་། འབྲི་ཐབས་ཐད་ནས་དེང་རྩོམ་གྱི་ཁྱད་ཆོས་ལྡན་ཞིང་། མི་རིགས་གཞན་གྱི་རྩོམ་རིག་བརྩམས་ཆོས་དང་མཐུན་ཆོས་ལྡན་པ་ནི་རྩོམ་བྱང་ཁོ་ནས་ཀྱང་རྟོགས་སླ་སྟེ། དཔེར་ན། རྒྱ་ཡིག་གི་ལམ་ནས་ཀྱང«དབང་བོ་ལྔ་ཡི་རྩོད་གླེང»(《五官之争》)ཞེས་པ་བརྩམས་ཡོད་ལ། དེ་ཡང་སློབ་ཆུང་ཙམ་མ་ཡིན་པར་སློབ་ལོ་མ་རན་པའི་བྱིས་པའི་བལྟ་བྱའི་དཔེ་ཆའི་གྲས་སུ་བདམས་ཡོད་པས་སློབ་གསོའི་རིན་ཐང་གི་ཆ་ནས་མཐུན་ཆོས་ལྡན་པ་སྨོས་མེད་རེད། གཞན་ཡང“རྩོམ་རིག་གིས་མིའི་བློ་ཁ་ཡར་བསྒྱུར་ནས་ཀློག་པ་པོར་མི་གཞི་བདེ་ཐང་ཅན་ཞིག་བསྐྲུན་པའི་སློབ་གསོའི་དགོས་ཕན་ནི་ནམ་ཡང་ཉམས་མི་སྲིད”ཅེས་པ་ལྟར། བརྩམས་ཆོས་འདིའི་རྩོམ་བྱང་དུ«དབང་བོ་ལྔ་ཡི་རྩོད་གླེང»ཞེས་དབང་བོ་ལྔའི་བར་གྱི་ང་རྒྱལ་དང་། ཕྲག་དོགཧམ་སེམས་བཅས་རྐྱེན་བྱས་ཕན་ཚུན་བར་མི་འདོད་པའི་གཏམ་སྨྲས་པ་དང་། མཐར་ཡིད་ཀྱི་དབང་བོས་བསྡུམས་པ་ལས་ང་རྒྱལ་དང་། ཕྲག་དོག ཧམ་སེམས། རྫུན་ཚིག་སོགས་བྱ་སྤྱོད་ངན་པ་ཀུན་སྤངས་ཏེ་ཕན་ཚུན་མཐུན་སྒྲིལ་གྱི་སྒོ་ནས་ཐུན་མོང་གི་བྱ་བཞག་ཅིག་ལ་འབད་པ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པའི་གནས་ལུགས་བསྟན་འདུག་པས་མཚོན་ནོ། །ཡང“རྩོམ་རིག་གིས་སྤྱི་ཚོགས་ཀུན་སྤྱོད་བསྐྱར་འཛུགས་བྱས་ན། མིའི་རིགས་ཀྱི་བསམ་བློའི་བྱང་ཚད་ཇེ་མཐོར་གཏང་ཐུབ་པར་མ་ཟད། རྩོམ་རིག་ནི་མིའི་རིགས་ཀྱི་བསམ་བློའི་རྒྱགས་ཕྱེ་རུ་གྱུར་པར་ཡང་དགེ་མཚན་ཆེན་པོ་ལྡན”ཞེས་པ་ལྟར། བརྩམས་ཆོས་འདིར་མཚོན་ནའང་མི་ཆོས་ཀུན་སྤྱོད་ཀྱི་ཆར་དང་དོད་བྱས་པ་ནི་དེ་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱས་པའི་ལས་ཤིག་ཡིན་པར་འདོད། སྒོས་སུ་སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་ཁྲོད་དུ་བདམས་ཡོད་པའི་བརྩམས་ཆོས་དང་སློབ་ཕྱིའི་བལྟ་ཀློག་དཔེ་དེབ་གང་ལ་མཚོན་ནའང་བརྩམས་ཆོས་ཀྱིས་མཚོན་པའི་དོན་གྱི་སྙིང་བོ་དང་། ཚིག་གི་སྦྱོར་བ། འབྲི་ཐབས་སོགས་གང་ཐད་ནས་དང་དོད་བྱས་ཏེ་སློབ་གསོའི་ཆོས་ཉིད་དང་བསྟུན་ཞིང་། ལོ་ཆུང་གཞོན་ནུའི་བློ་ཁ་དང་འཚམ་པ། གོ་བསྐོན་བློ་འགུག་གི་ནུས་པ་ལྡན་པར་བྱས་ཏེ་བྱིས་པའི་ཀུན་སྤྱོད་བྱང་ཚད་སྐྱེད་སྲིང་བྱ་བར་ཕན་ནུས་ལྡན་པ་བསྙོན་དུ་མེད།
གཉིས་པ། སྒྱུ་རྩལ་རོལ་མྱོང་དང་བློ་བསྐྱེད་ནུས་པ།
       གཅིག སྣང་བརྙན་མངོན་སུམ་ལྟར་བསྐྲུན་པས་ཀློག་འདོད་ཀྱི་སྤྲོ་བ་སློང་ཐུབ་པ།
       རྩོམ་རིག་བརྩམས་ཆོས་ཀྱིས་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱེད་པ་ཡིན་ཏེ། “རྩོམ་རིག་གི་སྐད་ཆ་ནི་སྒྱུ་རྩལ་གྱི་སྐད་ཆ་ཡིན་པས་ཐོག་མར་སྣང་བརྙན་གྱི་ཁྱད་ཆོས་ལྡན་དགོས། སྣང་བརྙན་གྱི་ཁྱད་ཆོས་ལ་རི་མོའི་རང་བཞིན་ཡང་ཟེར་ཏེ། བརྗོད་བྱའི་དངོས་པོ་གང་ཞིག་རྗོད་བྱེད་ཚིག་གིས་གསོན་ཉམས་ལྡན་པར་བྲིས་ཏེ་དབང་བོར་མངོན་སུམ་དུ་སྣང་བར་བྱེད་པ་ལྟ་བུའི་ཁྱད་ཆོས་ལྡན་པ་ཞིག་ལ་ཟེར། འདི་ལྟ་བུའི་ཁྱད་ཆོས་ལྡན་དགོས་ན་ངེས་པར་བྱ་ཚིག་རེ་རེ་དང་ཐ་སྙད་རེ་རེའི་བཀོལ་སྤྱོད་ལ་མཐོང་ཆེན་བྱེད་དགོས”ཞེས་པ་ལྟར། «དབང་བོ་ལྔ་ཡི་རྩོད་གླེང»གི་ནང་དུ་དབང་བོ་རེ་རེའི་གཏམ་གླེང་ཁྲོད་ནས་སྣང་བརྙན་བཞེངས་སྐྲུན་དང་སྐད་ཆའི་སྒྱུ་རྩལ་གྱི་ཉམས་འདོན་སྟངས་ལ་བལྟས་ན་ཤེས་ནུས་ཏེ། རོ་འཛིན་ལྕེ་ཡི་དབང་བོས། “སྐྱ་རེངས་སྐྱ་མདའ་མ་ཤར་གོང་། །འུ་ཅག་ཤར་ལ་འགྲོ་བའི་དུས། །མ་ལེགས་རོ་སྣ་འདྲ་མིན་དྲུག །དཔུང་བ་བསྒྲིགས་ནས་གཞུང་ལམ་བཀག །དུས་དེར་ཁྱོད་ཚོ་འདར་སིག་སིག །མགོ་རྐུབ་མེད་པར་ཕྱི་ལ་བྲོས། །ང་ཡིས་ཐེ་ཚོམ་མེད་པའི་ངང་། །རྣམ་འབྱེད་རལ་གྲི་དགུང་ལ་འཕྱར། །མ་ཕམ་གཡུལ་འགྱེད་འདི་ལྟར་བྱས། །འོ་མ་འདྲ་བའི་རོ་ལྡན་དེ། །མངར་བ་ཟེར་ནས་ཟས་བཅུད་བྱས། །སྐྱུ་རུ་ར་ཡི་རོ་འདྲ་དེ། །སྐྱུར་བ་ཟེར་ནས་ས་ལ་འཕངས། །……དེ་ནས་གཞི་ལམ་བདེ་གྱུར་པས། །ཁྱེད་ཚོས་པུས་མོ་སར་བཙུགས་ནས། །ང་ལ་སྐུ་དྲིན་ཆེ་ཞེས་ཞུས། །ད་ལྟ་དྲན་ན་དགོད་རེ་འཆོར། །མང་པོ་བཤད་ན་ངོ་རེ་ཚ། །”ཞེས་པ་ལས“གཞུང་ལམ་བཀག” “དགུང་ལ་འཕྱར” “པུས་མོ་སར་བཙུགས”ལྟ་བུའི་བྱ་བའི་མིང་དང་ཐ་སྙད་བདམས་གསེས་ལེགས་པོ་བྱས་པས་མཚོན་ཞིང་། གཞན“འདར་སིག་སིག”ལྟ་བུའི་ངང་ཚུལ་སྟོན་པའི་ཚིག་ཀྱང་སྤྱད་ཡོད་པས་ཀློག་པའི་ཚེ་ན་ཕྱི་དོན་མངོན་སུམ་དུ་སྣང་བའི་ཚོར་བ་སྟེར་ཐུབ་ཅིང་བྱིས་པར་ཀློག་འདོད་ཀྱི་སྤྲོ་བ་སློང་ནུས་པ་ཞིག་གོ །ཡང་། ལུས་ཀྱི་དབང་བོས། “གྲགས་ཅན་ས་ཆུ་མེ་ལོང་བཞི། །རྒྱལ་ཆེན་སྡེ་བཞིས་ཕྱོགས་བཞིར་སྤུངས། །འཇམ་རྩུབ་ལྕི་ཡང་བཀྲེས་སྐོམ་གྲང་། །དཔའ་རྟུལ་བདུན་གྱིས་མཐའ་ནས་བསྐོར། །”ཞེས་པ་ལས“སྤུངས”དང“བསྐོར”ལྟ་བུའི་བྱ་ཚིག་བཀོལ་སྤྱོད་བྱས་པའང་དོན་ལ་འབྱོར་བ་ཞིག་ཡིན། གཞན་དབང་བོ་ལྔས་ཕན་ཚུན་བར་མི་མཐུན་པའི་གཏམ་གླེང་སྤེལ་སྐབས་སྐད་གདངས་དང་རྣམ་འགྱུར་དངོས་སུ་ཚོར་ཐུབ་པ་ལྟ་བུའི་སྣང་བ་སྟེར་ཏེ། “ཡ་ཝ་ཡེ་ཉམ་ཆུང་དབང་བོ་བཞི། །བློ་རྣམ་ཤེས་བསྒྲིམས་ཏེ་ཚུར་ལ་ཉོན། །ངས་མངོན་བརྗོད་བརྡ་རྙིང་མ་བསྲེས་པའི། །ཤ་ཚ་བའི་གཏམ་ཞིག་ཁྱོད་ཚོར་བརྗོད། །”ཞེས་དང་། “ཨ་ཧམ་སེམས་ཆེན་པོས་སྐྱོང་བའི་བུ། །ཁྱོད་མི་བསམ་དགུ་བསམ་སྣ་ཚོགས་བསམས། །ངའི་གོང་དུ་འབུད་པའི་བསམ་ངན་བཅངས། །དེ་ཉིན་དཀར་རྨི་ལམ་མ་ཡིན་ནམ། །”ཞེས“ཡ་་་ཝ་ཡེ”དང“ཨ”ལྟ་བུ་ཚིག་མགོར་སྦྱར་བས་མི་སྣའི་ཁ་བརྡ་བྱེད་སྐབས་ཀྱི་རྣམ་འགྱུར་ཐོན་ལ་སྐད་གདངས་མཐོ་བ་ལྟ་བུ་དངོས་སུ་ཚོར་ཐུབ་པའི་སྣང་བ་སྟེར་རོ། །མཐའ་མར་ཡིད་ཀྱི་དབང་བོས། “ང་ཡི་སྙིང་ལྟར་གཅེས་པའི་བུ་ཕྲུག་ལྔ། །ང་མཆོག་ཁོ་དམན་ཟེར་བ་བཤད་མི་ཉན། །ང་དང་མཉམ་དུ་ལོ་མང་གནས་པའི་རྐྱེན། །ང་ཡིས་བལྟས་ན་ཁྱེད་ཚོ་འདྲ་འདྲ་རེད། །”ཅེས་པ་ལྟ་བུས་བག་བྲོ་ཞིང་ཡིད་དུ་འོང་བའི་བརྗོད་བྱའི་ཉམས་དང་བསྟུན་ནས་མི་སྣའི་སྐད་ཆ་བཀོད་སྒྲིག་བྱས་ཡོད་ལ། མི་སྣའི་རྣམ་འགྱུར་དང་སྐད་གདངས་ཇེ་འཇམ་དུ་སོང་བའི་སྣང་བའང་སྟེར་ཐུབ་པས་ཀློག་འདོད་ཀྱི་སྤྲོ་བ་ཆེས་ཆེར་བསླངས་ཐུབ་བོ། །
       གཉིས། ཚིག་གི་སྡེབ་སྦྱོར་ལེགས་པས་ཀློག་བདེ་ཞིང་རྣ་བར་འཇེབས་པ།
       བརྩམས་ཆོས་ཀྱི་ཚིག་གི་སྡེབ་སྦྱོར་ལ་སྒྲ་གདངས་ཀྱི་ཉམས་ཐོན་པར་སྦྱར་ཏེ་ཀློག་པ་པོའི་ངག་ཏུ་བདེ་ཞིང་རྣ་བར་སྙན་པས། ཡིད་སེམས་འགུགས་ཤིང་མཛེས་སྣང་སྐྱེད་ནུས་པ་ཞིག་ལ་ཚིག་སྦྱོར་གྱི་དབྱངས་ཀྱི་མཛེས་པ་ཟེར་འོས་ཏེ། “དབྱངས་ཀྱི་ཁྱད་ཆོས་ཞེས་པ་ནི། མཚོན་བྱའི་དོན་ལ་དགོངས་ནས་ཚིག་སྦྱོར་གྱི་འཇམ་རྩུབ་དང་གྲིམ་ལྷོད། གཅོད་མཚམས། ཆ་ཡའི་སྡེབ་ལུགས། སྒྲའི་མཐོ་དམན་དྲག་ཞན་རིང་ཐུང་གི་ཁྱད་པར་སོགས་ལེགས་པར་བསྡེབས་པ་ལས་ཐོན་པའི་དབྱངས་ཀྱི་འགྱུར་ཁུགས་རོལ་མོ་ལྟར་སྙན་ཞིང་འཇེབས་པ་ཞིག་ལ་གོ་དགོས།”ཞེས་པས་ཤེས་ནུས་པ་བཞིན། «དབང་བོ་ལྔ་ཡི་རྩོད་གླེང»ཞེས་པར་དབང་བོ་ལྔ་བོས་ཕན་ཚུན་བར་གཏམ་གླེང་སྤེལ་བར། མི་སྣའི་སྐད་ཆའི་ཁྱད་ཆོས་དང་བསྟུན་ནས། ཚིག་རྐང་གཅིག་ཏུ་ཚེག་བར་བདུན་ཅན་བྱས་པ་དང་། ཚེག་བར་བརྒྱད་ཅན་བྱས་པ། མཐའ་མར་ཡིད་ཀྱི་དབང་བོས་ཁ་ཏ་བྱེད་པར་ཚེག་བར་དགུ་ཅན་བྱས་ཡོད་པས་མཚོན་ཐུབ་ཅིང་། ཚིག་གི་གཅོད་མཚམས་འགྲིག་པ་དང་ཆ་ཡའི་སྡེབ་སྟངས་ཐད། དབང་བོ་སོ་སོའི་བར་རྩོད་གླེང་གི་གཏམ་སྦྱོར་སྤེལ་སྐབས་ཆ་གསུམ་གྱི་རྗེས་སུ་ཡ་གཅིག་སྡེབ་པ་ཤས་ཆེ་སྟེ། དཔེར་ན། “འཇིག་རྟེན་མཁས་པ་ཐམས་ཅད་ཀྱིས། །བསྔགས་བརྗོད་མེ་ཏོག་གཏོར་བའི་ཡུལ། །བཟང་ངན་འབྱེད་པའི་བློ་གྲོས་ཅན། །ཨ་ཕོ་དྲི་འཛིན་རྣ་ཤེས་ཡིན། །”ཞེས་པ་དང་། “ང་ཡི་སྙིང་ལྟར་གཅེས་པའི་བུ་ཕྲུག་ལྔ། །”ཞེས་པ་ལྟ་བུ་མཇུག་ཏུ་ཡིད་དབང་གི་གཏམ་གྱི་སྦྱོར་བ་སྤེལ་བར་ཆ་བཞི་ཡི་རྗེས་སུ་ཡ་གཅིག་སྡེབ་པ་སྔོན་གྱི་བསླབ་བྱ་ཕལ་མོ་ཆེའི་ཆ་ཡའི་སྡེབ་སྟངས་སྤྱད་ཡོད་པས་བྱིས་པ་ཚོས་ཀློག་པའི་ཚེ་ཁ་ལ་བདེ་ཞིང་རྣ་བར་འཇེབས་པ་ཞིག་གོ །
       གསུམ། སྐྱེས་བུ་མཆོག་ལྟར་བྲིས་པས་ཀློག་མཁན་དང་བར་ཐག་ཉེ་རུ་བཅར་བ།
       སྐྱེས་བུ་མཆོག་ལྟར་འབྲི་བ་ནི་ལྷུག་རྩོམ་ཁྲོད་རྒྱུན་དུ་མཐོང་ཞིང་། «དབང་བོ་ལྔ་ཡི་རྩོད་གླེང»དུ་དེ་ལྟར་བྲིས་པ་ལས་ཀློག་པ་པོར་བདེན་སྣང་སྟེར་ཐུབ་པ་དང་། ཀློག་མཁན་དང་བར་ཐག་ཇེ་ཉེ་རུ་གཏོང་བའི་ནུས་པ་ཐོན་ཡོད་སྙམ། བརྩམས་ཆོས་འདིར་དབང་བོ་ལྔའི་བར་མི་མཐུན་པའི་རྩོད་གླེང་བྱས་མཐར་ཡིད་ཀྱི་དབང་བོས་བར་འདུམ་བྱས་པ་ལས་བརྗོད་པའི་སྐད་ཆ་སྟེ། “ང་ཡི་སྙིང་ལྟར་གཅེས་པའི་བུ་ཕྲུག་ལྔ། །ང་མཆོག་ཁོ་དམན་ཟེར་བ་བཤད་མི་ཉན། །ང་དང་མཉམ་དུ་ལོ་མང་གནས་པའི་རྐྱེན། །ང་ཡིས་བལྟས་ན་ཁྱེད་ཚོ་འདྲ་འདྲ་རེད། །”ཅེས་པ་ལྟ་བུ་ཚིག་རྐང་རེའི་མགོར“ང”སྦྱར་ཏེ་ཟུང་ལྡན་ལྟར་བྱས་པ་ལས་ཡིད་ཀྱི་དབང་བོ་ནི་བྱམས་སེམས་ལྡན་ལ། བློ་ཁོག་ཆེ་བ། བླང་དོར་གྱི་བློ་མིག་ཡངས་པའི་ཨ་མ་ལྟ་བུ་ཞིག་གི་ངོས་ཐད་ནས་དབང་བོ་ལྔར་ཁ་ཏ་སློབ་གསོ་གཏོང་བ་དང་། ཡང་ཅིག་བཤད་ན་རྩོམ་པ་པོས་བརྗོད་འདོད་དམ་ཁ་ཏ་སློབ་གསོའི་རིམ་པ་དེའང་མཐར་གཏུགས་ན་ཡིད་ཀྱི་དབང་བོས་བརྗོད་པའི་གཏམ་དང་གཙོ་ཆེར་འབྲེལ་ཡོད། མཚམས་འདིར་སྐྱེས་བུ་མཆོག་གི་འབྲི་ཐབས་འདི་བེད་སྤྱོད་བཏང་བས་བརྩམས་ཆོས་ཀྱི་སློབ་གསོའི་རང་བཞིན་ཤུགས་ཇེ་དྲག་ཏུ་བཏང་བར་མ་ཟད། ཀློག་པ་པོ་དང་བར་ཐག་ཇེ་ཉེ་རུའང་བཏང་བའི་ནུས་པ་ལྡན། གཞན་ཡང་བརྩམས་ཆོས་འདི་འབྲིང་རིམ་བོད་སྐད་ཡིག་བསླབ་དེབ་ཁྲོད་བདམས་པའི་ངོས་ཐད་ནས་བརྗོད་ན་ལྷག་ཏུ་དགེ་མཚན་ཆེ་བར་མཐོང་སྟེ། “ང་ཡི་སྙིང་ལྟར་གཅེས་པའི་བུ་ཕྲུག་ལྔ། །”ཞེས་ལོ་ཆུང་གཞོན་ནུ་རྣམས་དང་ཐག་ཉེ་རུ་བཅར་ཏེ་ཁོ་ཚོ་དང་སྙིང་གཏམ་ཐེངས་གཅིག་གློད་པ་ལྟ་བུའི་དགེ་མཚན་ལྡན་ནོ། །
       བཞི། ཐུན་མོང་དང་སྒེར་གཤིས་ཀྱི་གདམ་ག་ལས་སྐད་ཚོར་གསོག་འཇོག་ལ་ཕན་པ།
       ཤེས་སྤྱོད་ཉིས་ལྡན་གྱི་མི་བུ་གསོ་སྐྱོང་བྱེད་པ་ནི་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ཡིན་ཞིང་།དེ་འགྲུབ་པ་ལ་སློབ་ཚན་རེ་རེའི་ནང་གི་མིང་བརྡའི་གསོག་འཇོག་ནས་མགོ་བརྩམས་ཏེ། རྩ་བའི་ཡོན་ཏན་གྱི་བྱང་ཚད་ལྟར་སློབ་ཚན་གྱི་དམིགས་ཚད་ལེགས་འགྲུབ་ལ་འབད་དགོས་ཤིང་། ཤེས་སྤྱོད་ཉིས་ལྡན་གྱི་འཇོན་མི་གསོ་སྐྱོང་ལ་དང་དོད་ཆེར་བྱེད་དགོས་སོ། །དེ་ཡང«དབང་བོ་ལྔ་ཡི་རྩོད་གླེང»ཞེས་པའི་བརྩམས་ཆོས་འདིའི་ནང་ཐོག་མར་དབང་བོ་སོ་སོས་སྒེར་གཤིས་ཀྱི་ཡོན་ཏན་དང་ཁྱད་ཆོས་འབུར་དུ་བཏོན་ཡོད་ནའང་། མཐའ་མར་བར་འདུམ་པས་གཟུ་བོར་གནས་པའི་གཏམ་གླེང་གིས་མཐུན་སྒྲིལ་མཉམ་གནས་དང་ཐུན་མོང་གི་འདུ་ཤེས་ལྡན་པར་གྱུར་ཏེ། སྒེར་གཤིས་ཀྱི་ནུས་པ་ཕྱོགས་སུ་བསྡུས་ཏེ་ཐུན་མོང་གི་འབྲས་བུ་ཆེན་པོ་ཐོབ་པར་བརྩོན་དགོས་པ་དང་། སྒེར་ངོས་ཀྱི་འབྲས་བུ་རྡོག་པོ་རེ་རེ་ནི་ཐུན་མོང་རྩོལ་འབྲས་ཀྱི་ཆ་ཤས་ཡིན་པར་ངེས་པའི་བློ་བསྐྱེད་ཐོབ་པ་བཞིན་ནོ། །དེ་འབྲེལ་གྱི་དོན་མཚོན་པའི་བརྒྱུད་རིམ་ཁྲོད་རྩོམ་པ་པོས་རྒྱུན་བཀོལ་མངོན་བརྗོད་སོགས་མིང་བརྡ་སྤྱད་པ་འོས་ཤིང་འཚམ་ལ་དོན་དང་འབྱོར་བ་ཞིག་ཏུ་འདུག་པས། ཀློག་མཁན་སློབ་བུ་དག་གིས་ཀློག་དཀའ་བའི་གནད་དོན་ཆེར་མེད་ལ། ཆུང་འབྲིང་སློབ་མའི་སྐད་ཚོར་གསོག་འཇོག་ལ་ཕན་པར་འདོད།
       མདོར་ན། «དབང་བོ་ལྔ་ཡི་རྩོད་གླེང»ཞེས་པའི་བརྩམས་ཆོས་འདིའི་ནང་དུའང་། དབང་བོ་ལྔ་ཡིས་ཧྲིལ་གཟུགས་ཤིག་མཚོན་པ་དང་། སོ་སོར་ཐུན་མིན་གྱི་ཁྱད་ཆོས་མངའ་ཞིང་ཕན་ཚུན་བར་དུ་འགལ་ཟླའི་རྩོད་གླེང་མི་འོས་པར། གོ་བསྐོན་སློབ་གསོ་གཏོང་བ་དང་མཐུན་སྒྲིལ་མཉམ་གནས་ཡོང་བར་འབད་ཡོད་པ་རེད། དེ་ཡང་སྒྲིག་གཞི་སྟབས་བདེ་ཞིང་ཚིག་ཚོགས་ཉུང་བས་དམངས་ཁྲོད་ཀྱི་བསྡུས་བརྗོད་སྒྲུང་དང་ཅུང་འདྲ་བའི་ཁྱད་ཆོས་ཀྱང་མཐོང་ཐུབ་སྟེ། འདིར་ཐོག་མར་མི་སྣ་འགའི་རྩོད་གཞི་དང་འབྲེལ་བའི་གཏམ་གླེང་སྤེལ་ཞིང་། མཇུག་མཐར་བར་འདུམ་པ་ལྟ་བུའི་མི་སྣ་ཞིག་གིས་རྩོད་གཞི་དེའི་ལེགས་ཉེས་དང་བདེན་རྫུན་གྱི་གནས་ལུགས་གསལ་བར་བྱས་པས་རྩོད་ཤགས་ཡོངས་སུ་ཞི་སྟེ་མཇུག་ལེགས་པར་གྲུབ་པ་དང་། སྒྱུ་རྩལ་མཚོན་ཐབས་འོས་འཚམ་དང་ཀློག་བདེའི་ཚིག་སྦྱོར་གྱིས་བྱིས་པར་ཁ་ཏ་སློབ་གསོའི་ནུས་པ་དང་སྒྱུ་རྩལ་རོལ་མྱོང་ཐུབ་པར་དགེ་མཚན་མང་དུ་མཆིས་སོ། །

ཟུར་ལྟའི་ཡིག་ཆ།
[1] རྒྱ་ཡེ་བཀྲ་བྷོ། «བོད་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག» [M]. ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005.
[2] བདུད་ལྷ་རྒྱལ། «བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ» ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་། [D]. 2009ལོའི་འབུམ་རིམ་པའི་བསླབ་གནས་དཔྱད་རྩོམ།
[3] བསེ་ཆང་སངས་རྒྱས་དོན་གྲུབ། «བོད་ཀྱི་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ» ཀྲུང་དབྱང་མི་རིགས་སློབ་ཆེན། [D]. 2014ལོའི་ཤེས་རམས་པའི་བསླབ་གནས་དཔྱད་རྩོམ།
[4] ལྷ་ཕྱུག་སྐྱིད། «རྩོམ་རིག་སྤྱི་རྣམ» [M]. པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015.12
[5] བོད་རང་སྐྱོངས་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བསྒྲིགས། «བོད་རང་སྐྱོང་ལྗོངས་འགན་བབས་སློབ་གསོའི་ཚོད་ལྟའི་སློབ་དེབ» [M]. ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2020.
འབྲེལ་ཡོད་འོས་སྦྱོར།