དཔེ་ཀློག་ལ་དགེ་མཚན་འདི་དག་ཡོད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2026-05-27
ཀློག་གྲངས།:
དཔེ་ཀློག་གིས་ཤེས་ཡོན་མཐོར་འདེགས་དང་མཐོང་རྒྱ་སྐྱེད་ཐུབ་པ་ང་ཚོ་ཚང་མས་ཤེས་མོད། དེ་ད་དུང་ཀླད་པའི་བདེ་ཐང་ལའང་ཕན་སླེབས་ཆེ་བ་ཁྱེད་ཀྱིས་ཤེས་སམ།

༡ དཔེ་ཀློག་བྱས་ན་གཉིད་ལེགས་པོ་ཁུག་ཐུབ།
ཀླད་ཆེན་ནི་མི་ལུས་ཀྱི་དབང་རྩའི་ལྟེ་གནས་ཡིན་པས། ང་ཚོའི་ཚོར་བ་དང་སེམས་ཁམས། སློབ་སྦྱོང་། དྲན་ཤེས་བཅས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཐ་ན་ཟས་ཟ་སྟངས་གོས་གྱོན་ལུགས། སྤྱི་ཚོགས་འབྲེལ་འདྲིས་བཅས་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད། གལ་ཏེ་ལུས་པོ་ནི་སྡོང་བོ་ཞིག་ཡིན་པའི་དབང་དུ་བཏང་ན། བདེ་ཐང་ནི་སྡོང་བོའི་རྩ་བའོ། །གཉིད་ལ་མཚོན་ན་དེ་ནི་ལུས་པོས་རང་གིས་རང་ལ་གཅེས་སྐྱོང་བྱེད་པའི་ཐབས་ལམ་ཞིག་ཡིན་ཏེ། ཐོག་མར་གཉིད་ཀྱིས་རྙིང་ཚབ་གསར་བྱེད་སྙོམ་སྒྲིག་བྱེད་ཐུབ་ལ་རིམས་འགོག་མ་ལག་ཇེ་ལེགས་སུ་གཏོང་ཡང་ཐུབ་པ་ཡིན། གཉིད་མི་འདང་བ་ནི་ལུས་པོ་རྒྱགས་པ་དང་ཀླད་སྙིང་ཁྲག་རྩའི་ནད་ལ་འབྲེལ་བ་ངེས་ཅན་ལྡན། བར་དུ་གཉིད་ཧ་ཅང་ལེགས་པོའི་སྐབས་སུ་ཀླད་ཆེན་གྱིས་རྙིང་ཚབ་གསར་བྱེད་ཀྱིས་བསགས་པའི་དུག་ལྡན་དངོས་པོ་གཙང་སེལ་བྱས་ཏེ། དབང་རྩ་ཉམས་རྒུད་ཅན་གྱི་ཀླད་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པས། དཔེ་ཀློག་བྱས་ན་གཉིད་ལེགས་པོ་ཁུག་ཐུབ་པ་རེད། གསལ་བོར་བཤད་ན། མ་ཉལ་གོང་དཔེ་ཀློག་བྱས་ན་གཉིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་མངོན་གསལ་ཡིན།
༢ དཔེ་ཀློག་བྱས་ན་སེམས་ཁམས་ལ་ལེགས་བཅོས་བྱེད་ཐུབ།
ཀླད་ཆེན་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གཉིས་པ་ནི་སྣང་བ་སྐྱིད་པོ་ཡོང་བར་བྱ་རྒྱུ་དེ་ཡིན།
ཞིབ་འཇུག་པས་ཤེས་རྟོགས་བྱུང་བ་ལྟར་ན། གནོན་ཤུགས་ཀྱིས་བྱ་བའི་དྲན་ཤེས་ཀྱི་ཤོང་ཚད་ལ་ཤུགས་རྐྱེན་ཐེབས་སྲིད། གལ་ཏེ་ཡི་མུག་ནད་སོགས་ཀྱི་གནས་ཚུལ་བྱུང་ཚེ་མཇུག་འབྲས་ཤིན་ཏུ་ཚབས་ཆེ། འོ་ན་སྣང་བ་སྐྱིད་པོ་ཡོང་བ་རྒྱུན་འཁྱོངས་ཇི་ལྟར་བྱ་དགོས་ཤེ་ན། ཁྱབ་རྒྱ་ཆེ་བའི་སྤྱི་ཚོགས་རྒྱབ་སྐྱོར་འཛུགས་པ་ནི་ཐབས་མཆོག་ཅིག་ཡིན་པ་གདོན་མི་ཟ་མོད། འོན་ཀྱང་ལས་ཚོགས་གྲོལ་རྗེས་མི་ཚང་མ་འགུལ་སྐྱོད་བྱེད་མི་འདོད་པར་འབོལ་ཁྲིའི་སྟེང་དུ་ཁ་པར་ལ་གཡེང་བར་དགའ་བ……གལ་ཏེ་དུས་ཚོད་འདི་བེད་སྤྱད་དེ་དཔེ་ཀློག་བྱས་ན་ཇི་འདྲ་ཡིན་ནམ། 2009ལོའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། བརྩམས་སྒྲུང་བཀླགས་ཚེ་བདག་གཞན་མཉམ་བརྗེའི་བསམ་པ་མངོན་གསལ་གྱིས་ཇེ་ཆེར་འགྲོ་བར་མ་ཟད། ད་དུང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་དྲང་ཕྱོགས་ཀྱི་འབྲེལ་བ་ལྡན། འདི་ནི་འབྲེལ་ཡོད་རང་བཞིན་གྱི་ཞིབ་འཇུག་ཅིག་ཡིན་ལ། འབྲེལ་ཡོད་རང་བཞིན་དེ་རྒྱུ་འབྲས་དང་མཚུངས་པ་མིན། ཡིན་ནའང་། རྒྱུན་སྲོལ་དང་བསྟུན་ནས་བཤད་ན། བདག་གཞན་མཉམ་བརྗེའི་བསམ་པ་ཆེ་རུ་ཕྱིན་ཚེ་མི་གཞན་དང་འབྲེལ་འདྲིས་བྱེད་སྐབས་རང་བཞིན་གྱིས་ཚེགས་ཆུང་ངུས་འགྲུབ་ཐུབ།
༣ དཔེ་ཀློག་བྱས་ན་ཀླད་ཆེན་གྱི་ཤེས་རྟོགས་གསོག་འཇོག་ཇེ་མང་དུ་གཏོང་ཐུབ།
ཀླད་ཆེན་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གསུམ་པ་ནི་ཐད་ཀར་ཀླད་ཆེན་ལ་ཁ་གཏད་དེ་ཤེས་རྟོགས་གསོག་འཇོག་མཐོར་འདེགས་གཏོང་བ་དེ་ཡིན།
སྔོན་ཆད་ཀྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། སློབ་གསོ་མྱངས་པའི་ཚད་དང་ལས་རིགས་ཀྱི་རྙོག་འཛིང་རང་བཞིན་གྱིས་ཤེས་རྟོགས་གསོག་འཇོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས། གལ་ཏེ་ལོ་ན་གཞོན་པའི་སྐབས་སུ་མཐོ་རིམ་སློབ་གསོ་མྱོང་བའི་གོ་སྐབས་ཤོར་བའི་གནད་དོན་བྱུང་ཚེ་ཅི་བྱ་ཞེ་ན། 2000ལོར། རང་རྒྱལ་གྱི་ཐེ་ཝན་ས་ཁུལ་གྱི་གཞི་རྒྱ་ཆེ་ལ་ཡུན་རིང་བའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། དཔེ་ཀློག་གིས་ཚད་ངེས་ཅན་ཞིག་ནས་སློབ་གསོས་མ་འདང་བ་ཁ་གསབ་བྱེད་ཐུབ་སྟེ། གཟའ་རེར་དཔེ་ཆ་ཐེངས་རེ་བཀླགས་ན་ཤེས་རྟོགས་ཀྱི་ནུས་པ་ཉམས་པ་ཕྱིར་འགྱངས་བྱེད་ཐུབ།
འབྲེལ་ཡོད་འོས་སྦྱོར།
