logo

བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁྱིམ་ཚང་གི་རྨང་གཞི་བརྟན་པོ་འདིང་དགོས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-06-03 ཀློག་གྲངས།:
       ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཐོག་མ་ཡིན། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་འདྲིས་ནི་སློབ་གསོའི་སློབ་ཁྲིད་ལེགས་ཤོས་དེ་རེད། སྐད་ཆ་ཡག་པོར་བཤད་པ་ནས་སྒྲིག་ལམ་ལེགས་པོར་འཛུགས་པའི་བར་དང་། ཁྱིམ་བདག་འཚར་ལོངས་འབྱུང་བ་ནས་བྱིས་པའི་སེམས་ངལ་སེལ་བའི་བར་གྱི་སེམས་ཤུགས་བཏོན་པའི་སློབ་གསོའི་ལག་ལེན་རེ་རེ་ཡིས་བྱིས་པའི་མ་འོངས་པར་རྨང་རྡོ་བརྟན་པོ་འདིང་བཞིན་ཡོད། ད་ཐེངས“རང་ཉིད་འཚར་ལོངས་དང་ཁྱིམ་ཚང་འཆམ་མཐུན”ལ་དམིགས་ནས་ཁྱིམ་བདག་རྣམས་ལ་ལག་བསྟར་བྱེད་ཆོག་པའི་བྱིས་སྐྱོང་ལམ་ཡིག་ཅིག་བཟོ་འདོད་ཅིང་། བྱིས་པ་དང་ལྷན་དུ་བརྩེ་བ་དང་རིགས་ཤེས་ཀྱི་ཁྲོད་དུ་གོམ་སྟབས་བརྟན་པོས་འཚར་ལོངས་འབྱུང་འདོད། ང་ཚོས་རང་ཉིད་འཚར་ལོངས་ལ་བརྟེན་ནས་མི་སྒེར་གྱི་བདེ་སྐྱིད་ཇི་ལྟར་མངོན་འགྱུར་བྱེད་པ་ལ་མཉམ་དུ་འཚོལ་ཞིབ་བྱ་རྒྱུ་ཡིན། ཡང་དག་པའི་སློབ་གསོའི་ལྟ་བ་བཙུགས་ནས་བྱིས་པར་སྔར་ལས་བདེ་ཐང་གི་ཁྱིམ་ཚང་ཁོར་ཡུག་ཅིག་བསྐྲུན་དགོས།
ཁ་བརྡ་བྱེད་སྟངས་ལེགས་པོ་འདེམས་པ།
       ཁ་བརྡ་ནི་ཁྱིམ་ཚང་གི་འབྲེལ་བ་རྒྱུན་སྐྱོང་བའི་སྒྲོག་ཐག་ལྟ་བུ་རེད། གུ་ཡངས་དང་གཞུང་དྲང་། རྒྱབ་སྐྱོར་བཅས་ལྡན་པའི་ཁ་བརྡ་བྱེད་སྟངས་བཙུགས་པ་ཡིས། ཁྱིམ་བདག་གིས་བྱིས་པའི་སེམས་ཀྱི་དགོས་མཁོ་ལ་རྒྱུས་ལོན་ཟབ་མོ་བྱེད་པར་རོགས་རམ་བྱེད་ཐུབ་པར་མ་ཟད། བྱིས་པར་དྲང་ཐད་ཀྱི་ཁ་བརྡ་བྱེད་པའི་མིག་དཔེ་བསྟན་ནས་ཁོ་ལ་བརྡ་ཡང་དག་སྤྲོད་པར་མཛུབ་སྟོན་བྱེད་ཐུབ།
       གོ་ཆོད་པའི་ཁ་བརྡ་ཡིས་ཁྱིམ་ཚང་གི་འགལ་བ་སེལ་ཐུབ། ནང་མི་བར་བསམ་ཤེས་དང་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་ན་ཁྱིམ་ཚང་གི་ཁོར་ཡུག་སྔར་ལས་འཆམ་མཐུན་དུ་འགྱུར། བྱིས་པའི་མ་ཁྱིམ་སྐྲུན་མཁན་ཞིག་ཡིན་པའི་ཆ་ནས། ཁྱིམ་བདག་གིས་ཐོག་མར་བྱིས་པ་ལ་བཅངས་པའི་དོན་དངོས་དང་མི་མཐུན་པའི་རེ་བ་བསྐྱུར་ནས་དེའི་རྣམ་པ་ངོ་མ་དང་ལེན་བྱེད་དགོས། དུས་མཚུངས་སུ། རང་གི་སེམས་ཁམས་སྙོམས་སྒྲིག་དང་། བྱིས་པ་ལ་ཡིད་ཆེས་བྱེད་པ། བྱིས་པ་སྐྱོང་བའི་བརྒྱུད་རིམ་ལོངས་སུ་སྤྱོད་པ། རང་འགུལ་ངང་ཕྱི་རོལ་གྱི་རྒྱབ་སྐྱོར་འཚོལ་བ། ངང་རྒྱུད་རིང་པོས་བྱིས་པ་འཚར་ལོངས་འབྱུང་བར་སྒུག་པ་སོགས་ཀྱི་ཐབས་ལ་བརྟེན་ནས། ཁྱིམ་བདག་རང་གི་སེམས་ཁུར་ཇེ་ཉུང་དུ་གཏོང་བ་དང་། བྱིས་པར་བརྟན་འཇགས་དང་འཆམ་མཐུན་གྱི་འཚར་ལོངས་འབྱུང་བའི་ཁོར་ཡུག་ཅིག་བསྐྲུན་ནས་དེའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་རོགས་བྱེད་དགོས།
ཁྱིམ་ཚང་གི་ས་མཚམས་གསལ་པོར་འབྱེད་པ།
       ཁྱིམ་ཚང་གི་ས་མཚམས་གསལ་པོ་ནི་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་ལེགས་པོ་རྒྱུན་འཁྱོངས་བྱེད་པའི་གནད་འགག་རེད། ས་མཚམས་འོས་འཚམ་གྱིས་གཏན་ཁེལ་བྱེད་ན། གཙོ་བོ་ནི་བྱིས་པས་རང་གི་གཏམ་སྤྱོད་ལ་འགན་འཁུར་བར་སྣེ་འཁྲིད་ཐུབ། བརྒྱུད་རིམ་དེའི་ཁྲོད་དུ་བྱིས་པའི་རང་བདག་རང་བཞིན་དང་འགན་འཁྲིའི་བསམ་པ་སྐྱེད་སྲིང་ནུས་ལྡན་བྱེད་ཐུབ།
       དུས་རབས་འཕེལ་རྒྱས་སོང་བ་དང་བསྟུན་ནས། བྱིས་པའི་རང་ཚུགས་ཀྱི་འདུ་ཤེས་དང་རང་བདག་གི་དགོས་མཁོ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད། ཁྱིམ་བདག་གིས་སྲོལ་རྒྱུན་གྱི“ཁྱིམ་ཚང་གི་གྲལ་རིམ་འདུ་ཤེས”དོར་ནས་བྱིས་པ་ནི་རང་རྐྱ་འཕེར་བ་དང་འདྲ་མཉམ་གྱི་མི་སྒེར་དུ་བལྟས་ཏེ། དེའི་ཁྱིམ་ཚང་གི་དོན་དག་ཐག་གཅོད་ལ་ཞུགས་པའི་དབང་ཆ་དང་མི་སྒེར་གྱི་བསམ་འཆར་འདོན་པའི་དབང་ཆར་བརྩི་བཀུར་བྱེད་དགོས། འདི་ལྟ་བུའི་འདྲ་མཉམ་དང་བརྩི་བཀུར་ལྡན་པའི་བྱིས་པ་སྐྱོང་ཐབས་ནི་ཕ་མ་བུ་ཕྲུག་གི་འབྲེལ་བ་ལེགས་པོ་འཛུགས་པའི་རྨང་གཞི་ཡིན་ལ། བྱིས་པའི་སེམས་ཁམས་བདེ་ཐང་ལ་འགན་སྲུང་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་ཀྱང་རེད།
ཁྱིམ་བདག་རང་ཉིད་འཚར་ལོངས་འབྱུང་བ་དང་བརྩོན་པ་སྐྱེད་པ།
       ཁྱིམ་བདག་རང་ཉིད་འཚར་ལོངས་འབྱུང་བ་ནི་རྒྱུན་ཆད་མེད་པར་ཕྱིར་རྟོག་བྱེད་པ་དང་བརྩོན་པ་སྐྱེད་པའི་བརྒྱུད་རིམ་ཞིག་རེད་ལ། བྱིས་སྐྱོང་གི་བྱ་བ་ལེགས་པོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡང་རེད། བརྒྱུད་རིམ་དེའི་ཁྲོད་དུ་ཐོག་མར་རང་གི་འདས་ཟིན་པའི་ཡོད་ཚད་དང་ལེན་བྱེད་པ་དང་། རང་གི་ཞན་ཆ་ལེགས་པར་མཐོང་བ། དེ་ནས་རང་ཉིད་འཚར་ལོངས་འབྱུང་བའི་དམིགས་འབེན་དང་ཕུགས་བསམ་གྱི་འཚོ་བ་བརྩོན་ལེན་བྱེད་པ། ཆེད་ལས་ལག་རྩལ་ཧུར་ཐག་གིས་མཐོར་འདེགས་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་རང་རྐྱ་འཕེར་བའི་ངང་འཚར་ལོངས་འབྱུང་བ་མངོན་འགྱུར་བྱེད་དགོས།
       དུས་མཚུངས་སུ། ཁྱིམ་བདག་གིས་རང་ཉིད་ལ་ལེ་བདའ་དང་ཆད་པ་གཅོད་མཚམས་བཞག་ནས་འཚོ་བ་འཛུམ་གྱིས་བསུ་དགོས། དེ་ལྟར་བྱས་ཚེ། ད་གཟོད་རིམ་གྱིས་རང་བཀུར་དང་རང་རྟོན། རང་ཉིད་ཀྱི་རིན་ཐང་བཅས་བསྐྲུན་ཐུབ། རང་ཉིད་འཚར་ལོངས་འབྱུང་བ་དང་ཆབས་ཅིག་སྔར་ལས་ཡོངས་སུ་སྨིན་པའི་རྣམ་པས་བྱིས་པར་འདུག་རོགས་བྱས་ཏེ་མི་ཚེའི་མིག་དཔེ་བཟང་པོ་ཞིག་སྟོན་དགོས།
འཚོ་བར་རྣམ་འགྱུར་ཡག་པོ་འཛིན་པ།
       ཁྱིམ་བདག་རང་གིས་འཚོ་བར་རྣམ་འགྱུར་ཡག་པོ་ཞིག་འཛིན་ཞིང་དེ་བྱིས་པར་བརྒྱུད་སྤྲོད་བྱ་རྒྱུ་ནི་བྱིས་པའི་འཚར་ལོངས་ལ་ཤིན་ཏུ་ཕན་ཆེ། ཐོག་མར་བྱིས་པ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་སྙམ་དགོས། དེའི་སྒེར་གཤིས་ཀྱི་ཁྱད་པར་དང་རང་བདག་གི་གདམ་གསེས་ལ་བརྩི་བཀུར་བྱེད་དགོས། དེས་ཕ་མས་བུ་ཕྲུག་ལ་བཅངས་པའི་རེ་བ་དོན་དངོས་དང་མ་མཐུན་པ་ལས་བྱུང་བའི་འགལ་བ་དང་གནོན་ཤུགས་ཇེ་ཉུང་དུ་གཏོང་ཐུབ་ལ། བྱིས་པ་ལ་རང་ཉིད་དང་ལེན་བྱེད་ཀྱིན་པ་ཚོར་དུ་འཇུག་ཐུབ།
       དེ་ནས་ཁྱིམ་བདག་གིས་བྱིས་པར་སེམས་ཁམས་ལ་ཡང་དག་པར་གདོང་གཏོད་པར་སྣེ་འཁྲིད་དགོས་ཏེ། རང་ཉིད་དང་བྱིས་པའི་བསམ་ཚུལ་དང་སེམས་ཁམས་རང་བཞིན་གྱིས་ཕྱིར་མངོན་ཆོག་དགོས། སེམས་ཁམས་ལ་ཡང་དག་པར་བལྟས་པ་ཡིས་བྱིས་པའི་ནང་བསམ་པའི་འཇིག་རྟེན་བདེ་ཐང་ཅན་ཞིག་ཆགས་པར་རོགས་བྱེད་ཐུབ། སེམས་ཁམས་ཕྱིར་མངོན་སའི་སྒོ་འོས་འཚམ་ཞིག་རྙེད་ཚེ། དེས་སྔར་ལས་གཏིང་ཟབ་པའི་སྒོ་ནས་རང་ཉིད་ངོས་ཟིན་པར་སྟབས་བདེ་བསྐྲུན་པར་མ་ཟད། ལྷག་བསམ་རྣམ་དག་གིས་མི་གཞན་དང་འབྲེལ་འདྲིས་བྱེད་ཤེས་པར་གྱུར་ཏེ། མཐར་ལྷད་མེད་པ་དང་ཆ་ཚང་བའི་མི་སྒེར་ཞིག་ཏུ་འཚར་ལོངས་འབྱུང་ཐུབ།
བྱིས་པའི་སེམས་ཁམས་འཚར་ལོངས་དང་རོལ་རྩེད་ཀྱི་གསོ་བཅོས།
       རོལ་རྩེད་ཀྱི་གསོ་བཅོས་ནི་བྱིས་པའི་སེམས་ཁམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཇུས་འགོད་བྱས་པའི་ཆེད་ལས་རང་བཞིན་གྱི་སེམས་ཁམས་ལ་ཐེ་གཏོགས་བྱེད་ཐབས་ཤིག་རེད། དེ་ནི་སྤྱིར་བཏང་གི་རོལ་རྩེད་དང་ངོ་བོ་མི་འདྲ་ལ། བྱིས་པའི་རྒྱུན་མཐོང་གི་སེམས་ཁམས་གནད་དོན་ནུས་ལྡན་ངང་སེལ་ཐུབ་སྟེ། དཔེར་ན། སེམས་ཁྲལ་དང་ཡི་མུག་པ་སོགས་ལྟ་བུའོ། །
       གསོ་བཅོས་མཁན་གྱིས་བྱིས་པའི་ལོ་ཚོད་དང་དགའ་ཕྱོགས། བྱེ་བྲག་གི་སེམས་ཁམས་དགོས་མཁོ་བཅས་ལ་གཞིགས་ནས་འོས་འཚམ་གྱི་རོལ་རྩེད་རྒྱུ་ཆ་འདེམས་པར་བྱེད། དཔེར་ན། རྩེད་ཆས་དང་བྱེ་གཞོང་སོགས་ལྟ་བུ། ཆེད་ལས་ཀྱི་སྣེ་ཁྲིད་འོག བྱིས་པས་རོལ་རྩེད་ལ་བརྟེན་ནས་བསམ་ཚུལ་དང་ཡིད་ཀྱི་འགྱུར་བ་ཅི་དགར་སྟོན་ཐུབ་ཅིང་། རོལ་རྩེད་ཀྱི་ཁྲོད་ནས་རྐང་ལག་མཉམ་པོ་ཡོང་བ་སྦྱོང་བརྡར་བྱེད་པ་དང་བདེ་སྐྱིད་མྱོང་བ། ཕམ་ཁ་ལ་གདོང་གཏོད་པ་བཅས་བྱེད་ཐུབ་ལ། མི་དང་མིའི་བར་འབྲེལ་འདྲིས་བྱེད་པའི་སྒྲིག་སྲོལ་ཡང་ཤེས་ཐུབ། ཕུགས་སུ་བལྟས་ན། རོལ་རྩེད་ཀྱི་གསོ་བཅོས་ཀྱིས་བྱིས་པའི་བདག་ཉིད་ཀྱི་འདུ་ཤེས་འཕེལ་རྒྱས་གཏོང་བར་རོགས་བྱེད་ཐུབ་པ་དང་བརྩེ་བ་བདེ་ཐང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་ལ། འཚོ་བར་གདོང་གཏོད་པའི་ནུས་པ་མཐོར་འདེགས་གཏོང་ཐུབ།
སེམས་ཁམས་ལ་སྙོམས་སྒྲིག་དང་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ།
       བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁྱིམ་ཚང་གི་རྨང་གཞི་བརྟན་པོ་འདིང་དགོས་ཚེ། ཐོག་མར་ཁྱིམ་བདག་གིས་སེམས་ཁམས་སྙོམས་སྒྲིག་བྱེད་པ་དང་། དེ་ནས་བྱིས་པའི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། གཤམ་གྱི་ཕྱོགས་བཞི་ནས་འཇུག་ཆོག་སྟེ། དང་པོ་ནི་འོས་འཚམ་གྱི་དམིགས་འབེན་གཏན་ཁེལ་བྱེད་པ། རང་ཉིད་དང་ཡང་ན་བྱིས་པར་ཚད་ལས་བརྒལ་བའི་རེ་བ་འཆང་མི་རུང་བ། གཉིས་པ་ནི་ཞེ་ལྷོད་ཐབས་ངེས་པ། རང་ཉིད་དང་བྱིས་པར་ཞེ་ལྷོད་ཐབས་འོས་འཚམ་ཞིག་འཚོལ་བ་སྟེ། དཔེར་ན། ལུས་རྩལ་སྦྱོང་བ་དང་གླུ་དབྱངས་ལ་ཉན་པ་སོགས་ལ་བརྟེན་ནས་རྒྱུན་ལྡན་གྱི་གནོན་ཤུགས་སེལ་བ། གསུམ་པ་ནི་བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱེད་པ། བྱིས་པའི་སེམས་ཁམས་སྙོམས་སྒྲིག་གི་ནུས་པར་ཤུགས་སྣོན་པ། བཞི་པ་ནི་རང་འགུལ་ངང་རྒྱབ་སྐྱོར་འཚོལ་བ། བྱིས་པའི་གནོན་ཤུགས་ཐེག་ཚད་ལས་བརྒལ་ཚེ། དུས་ཐོག་ཏུ་ཆེད་ལས་མི་སྣར་རོགས་བྱེད་པའི་རེ་བ་ཞུས་ནས་ཉེན་ཁ་ལས་གཡོལ་དགོས།
       ཁྱིམ་ཚང་ནང་གི་འབྲེལ་འདྲིས་དང་བར་ཐག་འབྱེད་པ། ཁྱིམ་བདག་འཚར་ལོངས་འབྱུང་བ། ན་གཞོན་རྣམས་ཀྱིས་སེམས་ཁམས་སྙོམས་སྒྲིག་བྱེད་པ་བཅས་ལེགས་པོར་བསྒྲུབས་ཚེ། ད་གཟོད་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁྱིམ་ཚང་གི་རྨང་གཞི་བརྟན་པོ་གདིང་ཐུབ། །
འབྲེལ་ཡོད་འོས་སྦྱོར།