logo

ས་ཡོམ་ཁྱབ་སྟངས་དང་དེའི་འགུལ་སྐྱོད་ཁྱད་ཆོས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-28 ཀློག་གྲངས།:

ས་ཡོམ་ཁྱབ་སྟངས་དང་དེའི་འགུལ་སྐྱོད་ཁྱད་ཆོས།

     དེང་དུས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་མྱུར་བས། འགྲོ་བ་མིའི་རིགས་མཁའ་སྐྱོད་འཕུར་གྲུར་བསྡད་དེ་སྟོང་ཁམས་སུ་ཉུལ་བཞིན་ཡོད་མོད། སའི་གོ་ལའི་གཏིང་རིམ་ལ་ཕྱིན་ཏེ་གསལ་བོ་ཞིག་བལྟ་འདོད་པ་ནི་ད་དུང་རྨི་ལམ་ཙམ་དུ་ཟད་པ་རེད། མིའི་རིགས་ཀྱིས་ཚན་རིག་ལ་བརྟེན་ནས་སྟོང་སྨི10མན་དུ་གཏེར་ཁྲོན་རྩད་ཞིབ་བྱེད་པ་མངོན་པར་གྲུབ་ནའང་། སའི་གོ་ལའི་ཕྱི་ངོས་ཀྱི་རྒྱ་ཁྱོན་དང་ཚངས་ཕྱེད་ཤིན་ཏུ་ཆེ་བ་ལ་གཞིགས་ཏེ་བཤད་ན། སའི་གོ་ལའི་ནང་རོལ་གྱི་གྲུབ་ཚུལ་ལ་གསལ་བོར་བལྟ་འདོད་པ་ནི་ད་དུང་གླེང་བའི་གནས་སུ་འགྱུར་དཀའ་བ་ཞིག་ཏུ་སྣང་།

ཡོམ་རླབས་བཀོལ་ཏེ་སའི་གོ་ལར་ཞིབ་འཇུག་བྱེད་པ།

     དུས་རབས20པའི་ཚུན་ལ། དེང་རབས་ཀྱི་ཞིབ་ཕྲ་ཅན་གྱི་ས་ཡོམ་དཔྱད་ཆད་སྤྱད་དེ་ས་ཡོམ་ལ་བརྟག་དཔྱད་བྱས་པས། མིའི་རིགས་ཀྱིས་སའི་གོ་ལའི་གཏིང་རིམ་གྱི་གྲུབ་ཚུལ་ལ་རྒྱུས་ལོན་བྱེད་པར་མཐོང་ལམ་གསར་བ་ཞིག་བཏོད་ཡོད། ཡོམ་རླབས་ཟིན་ཐོར་བཀོད་པར་དཔྱད་པ་བརྒྱུད་དེ། སའི་གོ་ལའི་སྒོར་རིམ་གྱི་གྲུབ་ཚུལ་རྟོགས་པ་དང་། སའི་གོ་ལའི་ཕྱི་ངོས་ནས་དཀྱིལ་སྙིང་གི་བར་དུ་སོ་སོར་ས་ཤུན་དང་ས་རིམ་བར་མ། ས་སྙིང་བཅས་སྒོར་རིམ་གསུམ་ཡོད་པ་ཤེས་པར་མ་ཟད། སྒོར་རིམ་སོ་སོའི་ཆ་སྙོམས་ཀྱི་མཐུག་ཚད་ལའང་རྩིས་བརྒྱབ་ཡོད། འདི་ནི་སྨན་པས་གཤགས་བཅོས་བྱ་མི་དགོས་པརCTལག་རྩལ་བཀོལ་ཏེ་ལུས་ཕུང་གི་གྲུབ་ཚུལ་དང་ནད་རིགས་ཤེས་ཐུབ་པ་དང་མཚུངས། དོན་དངོས་སུ། གསོ་བ་རིག་པའིCTལག་རྩལ་དེ་ཡང་ཡོམ་རླབས་བརྟག་པ་དང་འདྲ་བའི་གནས་ལུགས་སྤྱད་པ་ཡིན། དེར་བརྟེན། ས་ཡོམ་ནི་གོ་ལ་ཟླུམ་པོའི་ནང་སྙིང་གསལ་བར་བྱེད་པའི་སྒྲོན་མེ་ཞེས་འབོད་ལ། ཡོམ་རླབས་སྤྱད་དེ་སའི་གོ་ལའི་ནང་རོལ་གྲུབ་ཚུལ་ལ་ཞིབ་འཇུག་བྱེད་པ་ནི། མིག་སྔར་འགྲོ་བ་མིའི་རིགས་ཀྱིས་ས་གཞི་འཛིན་མའི་ནང་ཁོག་ལ་རྒྱུས་ལོན་བྱེད་པའི་ཐབས་ལམ་གཙོ་བོ་ཡིན།
      ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན། གནའ་བོའི་དུས་སུ་སའི་གོ་ལའི་ངོས་སུ་རྒྱ་མཚོ་ཆེན་པོ་ལས་སྐམ་ས་ཆེན་པོ་གཅིག་མ་གཏོགས་མེད་པར་འདོད་པ་དང་། དེང་གི་གོ་ལའི་ཕྱི་ངོས་སུ་སྐམ་སས་ཁྱབ་པ་འདི་ནི། གོ་ལའི་ནང་ཁུལ་དུ་འགུལ་སྐྱོད་ཡུན་རིང་བྱས་པ་ལས་བྲག་རྡོའི་རིམ་པ་གས་པ་དང་སྤོ་ནུར་བྱས་པའི་འབྲས་བུ་ཡིན་ལ། གས་རྗེས་ཀྱི་ཁག་སོ་སོ་ལ་བྲག་རིམ་དང་དུམ་ལེབ་ཅེས་འབོད་པ་ཡིན། གོ་ལ་ཧྲིལ་བོར་དུམ་ལེབ་དྲུག་ཡོད་པ་དེ་དག་ནི། ཞི་བདེ་རྒྱ་མཚོའི་དུམ་ལེབ་དང་ཡོབ་ཡ་དུམ་ལེབ། ཨ་ཧྥེ་རི་ཁའི་དུམ་ལེབ། མེ་གླིང་དུམ་ལེབ། ཧིན་རྡུ་རྒྱ་མཚོའི་དུམ་ལེབ། ལྷོ་སྣེ་དུམ་ལེབ་བཅས་ཡིན། འདི་ནི་དུམ་ལེབ་ཆགས་གྲུབ་ཀྱི་རིག་གཞུང་སྐད་གྲགས་ཆེ་བ་སྟེ། དེ་ནི་ས་ཡོམ་རིག་པ་དང་། ས་གཤིས་རིག་པ། གནའི་སྐྱེ་དངོས་རིག་པ། གནའི་ས་ཁམས་ཁབ་ལེན་རིག་པ། མཚོ་ཞབས་ཀྱི་ཚད་ལེན་དཔྱད་གཞི་བཅས་ལ་ཞིབ་འཇུག་གི་རྨང་གཞི་བྱེད་པ་རེད། ས་ཡོམ་ལ་བརྟག་དཔྱད་ཐོ་འགོད་བྱས་པ་ལས། སའི་གོ་ལ་ཧྲིལ་བོའི་ས་ཡོམ་གྱི་ཁྱབ་སྟངས་ཁྱོན་ནས་ཆ་སྙོམས་མིན་པ་ཤེས། གལ་ཏེ་སའི་གོ་ལ་འདིའི་ས་ཡོམ་ཚང་མ་ས་ཁྲ་གཅིག་གི་སྟེང་ལ་རྟགས་བརྒྱབ་པ་ཡིན་ན། ས་ཡོམ་མང་ཆེ་བ་ཞིག་ནི་ལུང་རྒྱུད་དུ་ཁྱབ་ཡོད་པ་ཤེས་ཐུབ་ལ། ས་ཡོམ་འབྱུང་གནས་ཀྱང་དེའི་རིགས་ཀྱི་དུམ་ལེབ་མཚམས་སུ་ཁེལ་ཡོད། དེ་བྲག་རིམ་དུམ་ལེབ་ཁྲོད་ཀྱི་ཡོམ་ལྟེ་ཡི་གནས་ཡིན། དུམ་ལེབ་མཐའ་མཚམས་ཀྱི་ཉེ་སར་བྱུང་བའི་ས་ཡོམ་ལ་དུམ་ལེབ་མཚམས་ཀྱི་ས་ཡོམ་ཞེས་འབོད་པ་དང་། དེ་ལས་གཞན་པ་རྣམས་ལ་དུམ་ལེབ་ནང་གི་ས་ཡོམ་ཟེར། རང་རྒྱལ་གྱི་མངའ་ཁོངས་ནང་བྱུང་བའི་ས་ཡོམ་མང་ཆེ་བ་ནི་དུམ་ལེབ་ནང་ཁུལ་དུ་རྒྱུག་པའི་ས་ཡོམ་ཡིན་པ་རེད།

སའི་གོ་ལ་ཧྲིལ་བོའི་ས་ཡོམ་ཁྱབ་སྟངས་དང་ཁྱད་ཆོས།

     གོ་ལ་ཧྲིལ་བོའི་སྟེང་དུ་ཡོམ་ལྟེ་འདུས་ཁུལ་ཆེན་པོ་གསུམ་ཡོད་པར་མ་ཟད། ད་དུང་ཆོས་ཉིད་ལྡན་པའི་ངང་ལུང་རྒྱུད་དུ་ཡོད།  དེ་དག་ནི་ཞི་བདེ་རྒྱ་མཚོ་བསྐོར་བའི་ས་ཡོམ་རྒྱུག་ཁུལ་དང་ཡོབ་ཡ་ས་ཡོམ་རྒྱུག་ཁུལ། མཚོ་ཞབས་ཀྱི་མཚོ་རྒྱུད་ས་ཡོམ་རྒྱུག་ཁུལ་བཅས་ཡིན།
     1.ཞི་བདེ་རྒྱ་མཚོ་བསྐོར་བའི་ས་ཡོམ་རྒྱུག་ཁུལ། དེ་ནི་མེ་གླིང་བྱང་མའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ཤར་འགྲམ་ཨ་མེ་རི་ཁའི་ཨ་ལ་སི་ཅ་ནས་ལྷོ་ཕྱོགས་བརྒྱུད་དེ། ཁ་ན་ཏའི་ནུབ་ཕྱོགས་དང་། ཨ་རིའི་ཅ་ལི་ཧྥུ་ཉི་ཡ། མོ་ཞི་ཁོ་ཡི་ནུབ་ཁུལ། མེ་གླིང་ལྷོ་མའི་ཁོ་ལོམ་པི་ཡ་དང་། ཕེ་རུ་དང་ཀྲི་ལི། དེ་ནས་ཀྲི་ལི་ནས་ནུབ་ཕྱོགས་སུ་འཁོར་ཞིང་། ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་ཏེ་རྒྱ་མཚོ་ཆེན་པོའི་གླིང་གི་ཤར་མཐའི་ཉེ་སར་བསླེབས་པ་དང་། ནེའུ་ཙི་ལན་ཤར་ཕྱོགས་ཀྱི་མཚོ་ཁུལ་ནས་བྱང་ཕྱོགས་སུ་འཁོར་ཏེ། ཧྥི་ཅི་དང་ཧིན་ཉི། ཧྥི་ལི་ཕིན་བརྒྱུད་དེ་ཀྲུང་གོའི་ཐའེ་ཝན་གླིང་ཕྲན་དང་། ལིག་ཆིག་གླིང་ཚོམ། ཉི་ཧོང་གི་གླིང་ཕྲན་ཁག  ཨ་ལིག་ཧྲིན་གླིང་ཚོམ་བཅས་ནས་ཨ་རིའི་ཨ་ལ་སི་ཅར་བསླེབས་ཏེ་ཁ་ཟུམ་པ་ལྟར་ཞི་བདེ་རྒྱ་མཚོ་ཆེན་མོར་བསྐོར་བ་གཅིག་བརྒྱབ་ཡོད། འདི་ནི་ས་ཡོམ་གྱི་འགུལ་སྐྱོད་ཆེས་ཆེ་བའི་ས་ཡོམ་རྒྱུག་ཁུལ་ཡིན། འཛམ་གླིང་གི་ས་ཡོམ་ལས་ཕལ་ཆེར་ཏེ80%འདི་ཁུལ་དུ་འབྱུང་བཞིན་ཡོད་པ་རེད། དེ་ལས་ཀྱང་ཁུངས་འབྲིང་ས་ཡོམ90%དང་། ཁུངས་ཟབ་ས་ཡོམ་དེའི་ནང་འབྱུང་བཞིན་ཡོད། 2010ལོའི་ཀྲི་ལིའི་ཁང་སེའེ་ཕུའུ་ཞི་བིན་གྱི་ས་ཡོམ་རིམ་པ8.8ཅན་དང་། 2011ལོའི་ཉི་ཧོང་གི་བྱང་ཤར་མཚོ་ཁུལ་གྱི་ས་ཡོམ་རིམ་པ9.0ཅན་ཚང་མ་ས་ཡོམ་རྒྱུག་ཁུལ་དེ་རུ་བྱུང་བ་ཡིན།
     2.ཡོབ་ཡ་ས་ཡོམ་རྒྱུག་ཁུལ། ས་དཀྱིལ་རྒྱ་མཚོ་ནས་ཤར་ཕྱོགས་སུ། ཐུར་ཁེ་དང་དབྱི་ལང་། ཨ་ཧྥུ་ཧན། ཕ་ཁི་སི་ཐན། རྒྱ་གར། བལ་བོ་བཅས་བརྒྱུད་དེ་ཧི་མ་ལ་ཡའི་བར་འཐེན་པ་དང་། དེ་ནས་ལྷོ་ཕྱོགས་སུ་འཕྲེད་བཅད་ཀྱི་རི་རྒྱུད་དེད་ནས་འབར་མ་བརྒྱུད་དེ་གཞུ་དབྱིབས་ལྟར་ཤར་ལ་འཁོར་ཏེ་ཧིན་ཉི་དང་འབྲེལ། གཞན་ཡང་ས་ཡོམ་རྒྱུག་ཁུལ་དེར་ད་དུང་ཡ་གླིང་དཀྱིལ་མ་ནས་བྱང་ཤར་ཕྱོགས་ཁེན་ཚ་ཅ་གླིང་ཕྲན་དུ་བསྲིངས་པའི་ཡན་ལག་ཅིག་ཡོད་མོད། ཡན་ལག་དེའི་ནང་གི་ཡོམ་ལྟེ་ཅུང་ཐ་ཐོར་ཡིན། ཡོབ་ཡ་ས་ཡོམ་རྒྱུག་ཁུལ་ལ་ས་དཀྱིལ་རྒྱ་མཚོ་སྟེ་ཧི་མ་ལ་ཡ་ས་ཡོམ་རྒྱུག་ཁུལ་ཞེས་སུའང་འབོད་ཅིང་། ཡོ་རོབ་དང་ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་བཅས་གླིང་ཆེན་གསུམ་ལ་ཁེབས་པ་དང་། རིང་ཚད་ལ་སྟོང་སྨི་ཁྲི2ལྷག་ཡོད། འཛམ་གླིང་ས་ཡོམ་གྱི15%ཙམ་གནས་དེར་བྱུང་བ་དང་། དེའི་ནང་ནས་ཞི་བདེ་རྒྱ་མཚོ་བསྐོར་བའི་ས་ཡོམ་རྒྱུག་ཁུལ་ལས་གཞན། ཁུངས་འབྲིང་ས་ཡོམ10%ནི་འདིའི་རྒྱུད་དུ་བྱུང་བ་ཡིན། 1755ལོའི་ཕུའུ་ཐའོ་ཡའི་ལི་སི་པིན་གྱི་ས་ཡོམ་རིམ་པ8.7ཅན་དང་། 1950ལོའི་བོད་ཡུལ་མེ་ཏོག་རྫོང་གི་ཡོམ་རིམ8.6ཅན། 1996ལོའི་འཇང་ཡུལ་ལིས་ཅང་གི་ཡོམ་རིམ7.0ཅན། 2008ལོའི་རྒྱལ་རོང་ཁྲི་ཚང་གི་ཡོམ་རིམ8.0ཅན་བཅས་ཚང་མ་ས་ཡོམ་རྒྱུག་ཁུལ་འདི་རུ་བྱུང་བ་ཡིན།
     3.མཚོ་ཞབས་ཀྱི་མཚོ་རྒྱུད་ས་ཡོམ་རྒྱུག་ཁུལ། ཞི་པོ་ལིས་ཡ་བྱང་འགྲམ་དང་ཉེ་བའི་ཞིས་ན་གཙང་བོའི་འགྲམ་རྒྱུད་ནས་མགོ་བརྩམས་ཏེ་བྱང་སྣེ་དང་། དེ་ནས་སི་ཕེ་ཚི་ཕེ་ཨར་ཀིན་གླིང་ཚོམ་དང་འཁྱགས་གླིང་བརྒྱུད་ཅིང་། ཡང་དེ་ནས་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་དབུས་ཀྱི་མཚོ་ཞབས་ནས་ཧིན་རྡུ་རྒྱ་མཚོ་ཆེན་མོའི་བར་ཡིན། ས་ཡོམ་རྒྱུག་ཁུལ་འདི་གཙོ་བོ་རྒྱ་མཚོ་ཆེན་མོ་སོ་སོའི་མཚོ་ཞབས་ཀྱི་མཚོ་རྒྱུད་དམ་མཚོ་སྒལ་ཡར་འབུར་བའི་ས་རྒྱུད་ལ་ཁྱབ་ཅིང་། རིང་ཚད་ལ་སྟོང་སྨི་ཁྲི་ཕྲག་འགའ་ཡོད་ལ། དེ་ལས་ཡན་ལག་ཅིག་མཚོ་དམར་པོ་དང་ཨ་ཧྥེ་རི་ཁ་ཤར་མའི་ལུང་ཆེན་གས་ཁུལ་ལ་བསླེབས་ཡོད། དེའི་སྟེང་དུ་ས་ཡོམ་བྱུང་གྲངས་ཅུང་ཉུང་ཞིང་། ཡོམ་ཚད་རིམ་པ་ཡང་དེ་འདྲ་མཐོན་པོ་མིན་པས། འགྲོ་བ་མིའི་སྤྱི་ཚོགས་ལ་གནོད་སྐྱོན་ཐེབས་པ་ཤིན་ཏུ་ཆུང་།

ཀྲུང་གོའི་ས་ཡོམ་ཁྱབས་སྟངས་དང་ཁྱད་ཆོས།

     སའི་གོ་ལ་ཧྲིལ་བོའི་ས་ཡོམ་འབྱུང་ཚུལ་ལ་བལྟས་ན། རང་རྒྱལ་ནི་ཞི་བདེ་རྒྱ་མཚོ་བསྐོར་བའི་ས་ཡོམ་རྒྱུག་ཁུལ་དང་ཡོབ་ཡ་ས་ཡོམ་རྒྱུག་ཁུལ་གཉིས་ཀྱི་བར་དུ་གནས་པ་དང་། ཡང་དེའི་ནང་དུ་ཡོངས་སུ་འདུས་མེད་པར། ཕ་སྨིར་མཐོ་སྒང་རྩེ་མོ་བྱས་ཏེ་ས་ཡོམ་རྒྱུག་ཁུལ་ཆེན་པོ་འདི་གཉིས་ཀྱི་བར་དུ་བཙིར་བའི་ས་ཁོངས་ཟུར་གསུམ་མ་ཞིག་གི་ནང་ཐོར་ནས་ཁྱབ་ཡོད། དེ་བས་རང་རྒྱལ་ལ་ས་ཡོམ་འབྱུང་བར་ཁྱད་ཆོས་ཡན་གར་བ་ཞིག་ལྡན་ཏེ། དེ་འཛམ་གླིང་སྟེང་གི་དུམ་ལེབ་ནང་ས་ཡོམ་འབྱུང་ས་དཔེ་མཚོན་ཅན་ཞིག་ཡིན་པར་མ་ཟད། ད་དུང་ས་ཡོམ་འབྱུང་བའི་བར་ཁམས་ཀྱང་ཆ་མི་སྙོམས་པ་ཞིག་ཏུ་མངོན་ཡོད། ཇུན་གར་གཤོང་ས་དང་ཐ་ལིས་མུའུ་གཤོང་ས། སི་ཁྲོན་གཤོང་ས། ཧོང་ཧེ་རྒྱ་མཚོ་དང་ནན་ཧེ་མཚོ་གཤོང་། ཞིན་ཨན་ལིན་ཆེ་བ་ནས་ཡུན་ཧྲན་སོགས་ཀྱི་ས་ཁུལ་དུ་ས་ཡོམ་ཅུང་ཞན། ཕ་སྨིར་ནས་ཐེན་ཧྲན་དང་མདོ་དབུས་མཐོ་སྒང་ཧྲིལ་བོ། ཧྭ་པེ་ནས་ཤར་ལྷོའི་མཚོ་འགྲམ་དང་ཐའེ་ཝན་བར་དུ་ས་ཡོམ་རྒྱུག་ཚད་ཅུང་དྲག་ལ་མང་བ་ཡིན། ཕལ་ཆེར་ཤར་གྱི་གཞུང་ཐིག་ཏུའུ107དེ་བར་མཚམས་བྱས་ཏེ། ཤར་ནུབ་ཁག་གཉིས་སུ་དབྱེ་བ་དང་། དེར་ནུབ་དྲག་པ་དང་ཤར་ཞན་པའི་ཁྱད་ཆོས་ལྡན། དུས་རབས20པའི་ཚུན་ལ་རྒྱལ་ནང་གི་སྐམ་སར་ཡོམ་རིམ7ཡན་གྱི་ཁུངས་སྲབ་ས་ཡོམ་ཐེངས67བྱུང་བའི་ཁྲོད། ནུབ་ཁུལ་དུ་ཐེངས59ལ་བྱུང་བ་དེས88%ཟིན་པ་དང་། ས་ཡོམ་གྱི་ནུས་ཤུགས་ཕྱིར་བཏང་ཚད་ཀྱི95%ཡན་དུ་བསླེབས།
     ཐའེ་ཝན་ས་ཁུལ་ནི་ཞི་བདེ་རྒྱ་མཚོ་བསྐོར་བའི་ས་ཡོམ་རྒྱུག་ཁུལ་སྟེང་དུ་ཡོད་རྐྱེན། རང་རྒྱལ་གྱི་མངའ་ཁོངས་ནི་ས་ཡོམ་རྒྱུག་ཚད་ཆེས་དྲག་པའི་ས་ཁུལ་ཡིན། དུས་རབས20པའི་ཚུན་ལ་རིམ་པ7ཡན་གྱི་ས་ཡོམ་ཐེངས46བྱུང་། རྒྱལ་ཡོངས་ལ་ས་ཡོམ་ཐེངས119བྱུང་བ་དང་། དེིའི་ཟིན་ཚད39%ཡིན།
     ཐའེ་ཝན་གླིང་ཕྲན་ནས་ནུབ་ཕྱོགས་དང་། ཧྭ་ནན་མཚོ་འགྲམ་ནས་ནང་ལོགས་སྐམ་སའི་བར་དུ་ས་ཡོམ་འབྱུང་ཚད་དྲག་པོ་དང་ཞན་པས་ཁྱབ་པ་ཡིན། ལོ་རྒྱུས་སྟེང་ཧྭ་ནན་མཚོ་འགྲམ་ས་ཡོམ་རྒྱུག་ཁུལ་དུ་ས་ཡོམ་རིམ་པ7ཡན་ཐེངས5ལ་བྱུང་མྱོང་བ་ཟིན་ཐོར་བཀོད་ཡོད། སྐམ་སའི་དབུས་ཁུལ་ལ་ས་ཡོམ་རིམ་པ6ཅན་དང་། ཡོམ་རིམ6མན་ལས་བྱུང་མ་མྱོང་། ཀུའེ་ཀྲོའུ་ནས་ཀྲེ་ཅང་བར་གྱི་ཧྭ་ནན་བྱང་ཁུལ་དུ་ས་ཡོམ་ཅུང་ཞན་ལ། ས་ཡོམ་རིམ་པ5.5མན་བྱུང་བ་འགའ་ཙམ་ལས་ཟིན་ཐོར་བཀོད་མེད། འབྲི་ཆུའི་དཀྱིལ་སྨད་ནས་ཧོང་ཧེ་རྒྱ་མཚོའི་ལྷོ་ཕྱོགས་ཀྱི་ས་ཁུལ་ནི་ས་ཡོམ་འབྲིང་བ་དང་དྲག་པོའི་འབྱུང་ཁུངས་ཡིན། ཡོམ་རིམ6ཡས་མས་ཙམ་བྱུང་བ་ཟིན་ཐོར་བཀོད་ཡོད་མོད། ས་ཡོམ་ཆེས་ཆེ་བ་བྱུང་བ་ཡང་ཡོམ་རིམ7ལས་བརྒལ་མེད།
     ཆིན་ལིན་རི་བོ་ནས་ཏ་པའེ་རི་བོ། རི་བོ་ཡུན་ཧྲན་ནས་ཡན་ཧྲན་རི་བོའི་བར་གྱི་ཧྭ་པེ་ས་ཁུལ་ནི། ཤར་ཕྱོགས་ཀྱི་སྐམ་སའི་ས་ཁུལ་དུ་ས་ཡོམ་ཆེས་དྲག་པོའི་ས་ཁུལ་ཡིན། 1966ལོར་ཧོ་པེ་ཡི་ཞིན་ཐེ་ལ་བྱུང་བའི་ཡོམ་རིམ7.2ཅན་དང་། 1976ལོར་ཧོ་པེའི་ཐང་ཧྲན་ལ་བྱུང་བའི་ཡོམ་རིམ7.8ཅན་ལས་གཞན། ལོ་རྒྱུས་སྟེང་ད་དུང1303ལོར་ཧྲན་ཞིའི་ཧུང་ཏུང་དུ་ཡོམ་རིམ8ཅན་དང་། 1695ལོར་ཧྲན་ཞི་ལིན་ཧྥིན་ལ་ཡོམ་རིམ8ཅན། 1556ལོར་ཧྲན་ཞིའི་ཧ་ཞན་ལ་ཡོམ་རིམ8 ཅན་བཅས་བྱུང་བ་དང་། 1668ལོར་ཧྲན་ཏུང་ཐེན་ཁྲིན་ལ་ཡོམ་རིམ8 ཅན་དང་། 1679ལོར་ཧོ་པེའི་སན་ཧི་ལ་ཡོམ་རིམ8ཅན་བྱུང་། གཞན་ད་དུང་ཡོམ་རིམ7ཅན་ཐེངས12ལ་བྱུང་མྱོང་། ཧྭ་པེ་ས་ཁུལ་གྱི་ས་ཡོམ་ཐེན་ཧོ་དུམ་ཆད་ས་རྒྱུད་དང་། ཧྭ་པེ་བདེ་ཐང་གི་གས་བརྡིབས་ས་རྒྱུད། ཧྥུན་ཧི་ནས་བའེ་ཧི་ཡི་གས་བརྡིབས་ས་རྒྱུད་ཀྱི་བྱང་ཤར་ཕྱོགས་ཀྱི་ས་ཡོམ་རྒྱུག་ཁུལ་གསུམ་གྱི་སྟེང་ཁྱབ་ཡོད།
     བྱང་ཤར་ས་ཁུལ་གྱི་ས་ཡོམ་དེ་ཧྭ་པེ་དང་བསྡུར་ན་ཅུང་ཞན་ལ་ཐ་ཐོར་ཡིན་པ་དང་། ཕལ་ཆེར་ཡེ་ལན་དང་ཡེ་ཐུང་གི་དུམ་ཆད་དང་སུང་ལའོ་གཤོང་སའི་མཐའ་ངོས། ཞིན་ཨན་ལིན་ཆུང་བའི་ལྷོ་ཕྱོགས་ཟུར་ལོགས་ཀྱི་ས་རྒྱུད་སྟེང་ཁྱབ་ཡོད། 2010ལོར་ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན། ཁྱབ་ཁོངས་དེ་རུ་ལོ་རྒྱུས་སྟེང་ས་ཡོམ་རིམ་པ7ཡན་བྱུང་མྱོང་།
     ནུབ་ཕྱོགས་ཀྱི་ས་ཡོམ་འགུལ་སྐྱོད་གཙོ་བོ་ཕ་སྨིར་མཐོ་སྒང་ནས་མདོ་དབུས་མཐོ་སྒང་དང་། ཐེ་ཧྲན་རི་བོ། ཨ་ཨར་ཐའེ་ས་ཁུལ་དུ་ཁྱབ་ཡོད། མདོ་དབུས་མཐོ་སྒང་དུ་ས་ཡོམ་མང་ལ་དྲག་པོ་ཡིན་པ་དང་། ལྷག་པར་མཐོ་སྒང་གི་མཐའ་འཁོར་ནི་ས་ཡོམ་ཆེན་པོ་མང་དུ་འབྱུང་བའི་གནས་ཡིན། མདོ་དབུས་མཐོ་སྒང་གི་ས་ཡོམ་ཁྱབ་སྟངས་ལ་གཞུ་དབྱིབས་ས་རྒྱུད་ཀྱི་ཁྱད་ཆོས་ལྡན་ལ། དེའི་ལྷོ་མཐའ་ནི་ཕ་སྨིར་མཐོ་སྒང་ནས་ཇོ་མོ་གླང་མའི་བར་ས་ཡོམ་གཅིག་ཏུ་འདུས་ཁུལ་ཡིན་པ་དང་། ཡོབ་ཡ་ས་ཡོམ་རྒྱུག་ཁུལ་གྱི་གྲུབ་ཆ་གཙོ་བོར་གཏོགས། བོད་རང་སྐྱོང་ལྗོངས་ཀྱི་འདམ་གཞུང་རྫོང་དང་། ཁུ་ནུ་རི་བོའི་ཉེ་སར་ས་ཡོམ་རིམ8ཡས་མས་ཅན་བྱུང་མྱོང་ལ། རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་སུ། ས་ཡོམ་ཆེན་པོ་རིམ་པ8ཅན་གྱི་ཡན་ཐེངས5ལ་བྱུང་ཞིང་། ལྷག་པར1897ལོར་ཨ་ས་མོ་ལ་ས་ཡོམ་རིམ་པ8.7ཅན་དང་། 1950ལོར་མེ་ཏོག་རྫོང་དུ་རིམ་པ8.6ཅན་བྱུང་བ་ནི་ས་ཡོམ་ཤིན་ཏུ་ཆེ་བས་འཛམ་གླིང་ན་མིང་དུ་གྲགས་ཡོད། མཐོ་སྒང་གི་ཤར་བྱང་མཐའ་དང་ཤར་མཐའ་ལ་ཡོམ་རིམ8ཡན་ཐེངས7ལ་བྱུང་བ་དང་། དེ་དག་ནི། 1879ལོར་ཀན་སུའུ་བུའུ་ཏུའུ་རུ་རིམ་པ8ཅན་དང་། 1920ལོར་ཉིན་ཞའི་ཧེ་ཡོན་དུ་ས་ཡོམ་རིམ་པ8.5ཅན། 1927ལོར་ཀན་སུའུ་ཡི་ཀོ་ལིང་དུ་ས་ཡོམ་རིམ་པ8.0ཅན། 2008ལོར་རྒྱལ་རོང་ཁྲི་ཚང་དུ་ས་ཡོམ་རིམ་པ8.0ཅན་བཅས་བྱུང་བ་ཡིན།
     ཇུན་གར་གཤོང་ས་དང་ཐ་ལིས་མུའུ་གཤོང་ས་གཉིས་བར་གྱི་ཐེན་ཧྲན་རི་བོའི་ས་ཁུལ་དུའང་ས་ཡོམ་རྒྱུག་ས་མིང་དུ་གྲགས་པ་ཞིག་ཡིན། དེ་ལ་ལྷོ་བྱང་གི་ཐེན་ཧྲན་ས་ཡོམ་རི་རྒྱུད་ཅེས་འབོད་པ་དང་། དེ་ནི་ཐེན་ཧྲན་ས་ཡོམ་ལྷོ་རྒྱུད་དང་ཐེན་ཧྲན་ས་ཡོམ་བྱང་རྒྱུད་ཀྱིས་གྲུབ་པ་ཡིན། ས་ཡོམ་རྒྱུད་ཁུལ་དེ་ཞིན་ཅང་ཤར་ཁུལ་ནས་ཨེ་ཤེ་ཡའི་དཀྱིལ་ཁུལ་དུ་བསྲིངས་ཡོད། ལྟོས་བཅས་སུ་ས་ཡོམ་ནི་ཐེན་ཧྲན་རི་བོའི་ལྷོ་བྱང་ཕྱོགས་གཉིས་དང་ཡེ་སེ་ཁའི་མཚེའུ་ཉེ་འཁོར་དུ་འདུས་ཤིང་། ཤར་ནུབ་ཕྱོགས་ལ་ཉེ་བའི་ས་འགུལ་རྒྱུད་ཁུལ3གྱིས་གྲུབ་ཡོད། ཨ་ཐའེ་ས་ཁུལ་གྱི་ས་ཡོམ་ནི་ཧང་ཨེ་རི་བོ་དང་ཨར་ཐའེ་ཡི་ས་ཡོམ་ལ་འབྲེལ་ཡོད། 1905ལོ་དང1931ལོར། ཡོམ་རིམ8ཡན་གྱི་ས་ཡོམ་དྲག་ཆེན་བྱུང་མྱོང་། 2003ལོར་རྒྱལ་མཚམས་སུ་ས་ཡོམ་རིམ་པ7.9ཅན་བྱུང་མྱོང་།
     དུས་རབས20པའི་ཚུན་ལ། ཐའེ་ཝན་འདུས་པའི་རང་རྒྱལ་དུ་ས་ཡོམ་རིམ་པ5ཅན་གྱི་ཡན་ཐེངས3500ལྷག་བྱུང་ལ། དེ་ལས་ཡོམ་རིམ6ཡན་ཐེངས800ལྷག་དང་། ཐེངས10རུ་ཡོམ་རིམ8དང8ཅན་གྱི་ཡན་དུ་བསླེབས་ཡོད། དུས་རབས་དེ་ནས་ད་ལྟའི་བར་དུ་འཛམ་གླིང་ཧྲིལ་བོར་ཡོམ་རིམ8ལ་བསླེབས་པ་དང་། དེ་ལས་བརྒལ་བའི་ས་ཡོམ་དྲག་ཆེན་ཐེངས14བྱུང་བའི་ཁྲོད་དུ། རང་རྒྱལ་དུ་ཐེངས་གཉིས་ལ་བྱུང་སྟེ། 2001ལོར་ཁུ་ནུ་རི་བོའི་ནུབ་ཕྱོགས་སུ་ཡོམ་རིམ8.1ཅན་བྱུང་བ་དང་། 2008ལོར་རྒྱལ་རོང་ཁྲི་ཚང་ལ་ཡོམ་རིམ8.0ཅན་བྱུང་བ་རེད། ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་པ་ལས། རང་རྒྱལ་གྱི་ཞིང་ཆེན་ཚང་མར་ས་ཡོམ་རིམ་པ5ཡན་བྱུང་མྱོང་བ་དང་།  དེ་ལས་ཞིང་ཆེན29ལ་རིམ་པ6ཡན་དང་། ཞིང་ཆེན19ལ་རིམ་པ7ཡན་བྱུང་མྱོང་བ་རེད།


འབྲེལ་ཡོད་འོས་སྦྱོར།