logo

པར་ཆས་ཀྱི་འོད་སྤྲོས་པ་ལས་ཟླ་གསུམ་ཅན་གྱི་བྱིས་པའི་མིག་ལོང་བར་གྱུར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2015-07-29 ཀློག་གྲངས།:


པར་ཆས་ཀྱི་འོད་སྤྲོས་པ་ལས་ཟླ་གསུམ་ཅན་གྱི་བྱིས་པའི་མིག་ལོང་བར་གྱུར།

པར་ཆས་ཀྱི་འོད་སྤྲོས་པ་ལས་ཟླ་གསུམ་ཅན་གྱི་བྱིས་པའི་མིག་ལོང་བར་གྱུར།
པར་འདི་བརྒྱབ་རྗེས་བྱིས་པའི་མིག་ཇི་མི་སྙམ་པར་ལོང་བར་གྱུར།

     ཉེ་ཆར། ཁྱིམ་ཚང་ག་གེ་མོའི་ཟླ3ཅན་གྱི་བྱིས་པར་བྱུང་བའི་གནས་ཚུལ་ཞིག་དྲ་ལམ་དུ་སྤེལ་འདུག ཐེངས་ཤིག་གྲོགས་པོ་ཚང་ལ་ཁམས་འདྲིར་འགྲོ་དུས། ཁ་པར་གྱིས་བྱིས་པར་པར་ཞིག་བརྒྱབ་པ་དང་། པར་དེ་བསྐྱོན་རྗེས་བྱིས་པའི་མཐོང་ཚོར་ལ་བར་བགེག་ཐེབས་སོང་བ་རེད།
     མ་གཞིར་གྲོགས་པོས་བྱིས་པ་དེར་པར་རྒྱག་སྐབས་འོད་སྒོ་གཏན་རྒྱུ་བརྗེད་པ་མ་ཟད། བྱིས་པ་དང་པར་ཆས་ཀྱི་བར་ཐག་ནི་ནུ་ཁུག་དང་བྱིས་པའི་བར་ཐག་ཇི་བཞིན་ཐག་ཤིན་ཏུ་ཉེ་འདུག
     པར་བརྒྱབ་རྗེས་སུ་བྱིས་པའི་མཐོང་ལམ་རྒྱུན་ལྡན་མིན་པར་སྣང་བས། སྨན་ཁང་ནས་བརྟག་དཔྱད་བྱས་པ་ན་ད་གཟོད་བྱིས་པའི་མིག་གཡོན་པའི་མཐོང་ཚད1.2དང་། མིག་གཡས་པའི་མཐོང་ཚད0.2ཙམ་ཡིན་པ་རྟོགས་ལ། མིག་གཡས་པའི་སྟེང་སྒོར་དབྱིབས་ལྟ་བུའི་བསྲེགས་ཤུལ་ཞིག་ཀྱང་འདུག་པས། ཡང་གཅིག་བཤད་ན་བྱིས་པ་དེའི་མིག་ལོང་བར་གྱུར་པ་རེད།
མིག་གཡས་པའི་སྟེང་གི་བསྲེགས་ཤུལ་དེ་སླར་གསོ་བྱ་ཐབས་མེད་པ།
     བྱིས་པའི་མིག་ནི་འོད་དྲག་པོར་འཕྲད་དུས་ལྡོག་རྒོལ་རང་བཞིན་གྱིས་མིག་བཙུམ་སྲིད་ནའང་། དུས་ཡུན་སྐར་ཆ་ཁ་ཤས་རིང་ནུས་ཞན་གྱི་སེར་ཁྲ་དེར་ལྡོག་ཐབས་མེད་པའི་གནོད་སྐྱོན་ཐེབས་སྲིད་ངེས།
     མིའི་མིག་གིས་དངོས་པར་བལྟ་སྐབས། མིག་ནང་གི་སེར་ཁྲ་དེས་ནི་ཐོག་མར་དངོས་གཟུགས་མཐོང་ལམ་དུ་འཛིན་ཐུབ་ཀྱིས་ཡོད་པ་དང་། སེར་ཁྲ་དེའི་ནུས་པར་བརྟེན་ནས་དངོས་གཟུགས་གཞི་གཅིག་ཏུ་སྡུད་པ་རེད། གཟུགས་འཛིན་དྲ་སྐྱིའི་ལྟེ་གནས་ཀྱི་སེར་ཁྲ་ནི་མཐོང་ཚོར་གྱི་ལྟེ་བ་ཡིན་ལ། ཡང་ཅིག་བཤད་ན་འོད་ཀྱི་ནུས་བ་ཆེས་མཐོ་ཤོས་དང་ཆེས་ཞན་པའི་ཁྱབ་ཁོངས་རེད་ལ། ལོ་ན་བཞིའི་ཡས་མས་སུ་སླེབས་དུས་ད་གཟོད་ཁོ་ལག་རྫོགས་ཐུབ།
     གལ་ཏེ་ཁྱབ་ཁོངས་དེ་ཉིད་འོད་རྣོན་པོས་སྲེག་པ་ཡིན་ན། མིག་ལམ་ནི་ནག་ཐིག་ཅིག་གིས་སྒྲིབ་པ་ལྟ་བུར་སྣང་ལ། དཀྱིལ་ནི་ནག་ཐིག་མཐའ་ནི་གསལ། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ། དེ་ནི་མིག་སྐྱི་དང་ཤེལ་གཟུགས་བཞིན་བརྗེ་སྤོར་བྱེད་ཆོག་པ་ཞིག་མིན་ཏེ། གནོད་སྐྱོན་འདི་རིགས་ནི་ལག་རྩལ་དང་གཤགས་བཅོས་གང་གིས་ཀྱང་སླར་གསོ་བྱེད་ཐུབ་ཀྱི་ཡོད་པ་མ་རེད།
བྱིས་པ་ཇི་ལྟར་ཆུང་ན་དེ་ཙམ་གྱིས་པར་ཆས་ཀྱི་འོད་སྤྲོ་མི་རུང་།

     པར་རྒྱག་སྐབས་སུ། བྱིས་པ་ཇི་ལྟར་ཆུང་ན་དེ་ཙམ་གྱིས་པར་ཆས་ཀྱི་འོད་སྤྲོ་མི་རུང་སྟེ། བྱིས་པར་ད་དུང་སྐྱེ་སྟོབས་ཡོངས་སུ་འཕེལ་མེད་པས་ན། པར་ཆས་ཀྱི་འོད་སྤྲོས་པ་དེས་ནི་བྱིས་པའི་མིག་དང་རྗེས་ཕྱོགས་ཀྱི་སྐྱེ་འཕེལ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ་མིག་རྩར་ཡང་གནོད་སྐྱོན་ཐེབས་སྲིད།
     ནམ་རྒྱུན་བྱིས་པ་ལ་པར་རྒྱག་སྐབས་སུ། རང་འགུལ་རྣམ་པའི་ཐོག་འོད་སྤྲོ་གློག་སྒོ་རང་འགུལ་གྱིས་སྤྲོ་མིན་ལ་ལྟ་ཞིབ་ནན་མོ་བྱེད་དགོས་ཤིང་། བྱིས་པར་དགོས་མེད་ཀྱི་གནོད་འཚེ་དེ་འདྲ་མི་ཐེབས་པའི་ཆེད་འདིའི་རིགས་ལ་དོ་སྣང་གང་ལེགས་བྱེད་དགོས།
གནོད་འཚེ་དེ་རིགས་ནི་འོད་སྤྲོས་པ་རྐྱང་བ་ཙམ་མ་རེད།
     ཆེད་མཁས་ཀྱིས། ཁྲོམ་རར་བྱིས་པའི་མིག་ཤེད་ལ་ཉེན་ཁ་ཡོད་པའི་ཐོན་རྫས་ནི་འོད་སྤྲོ་པར་ཆས་གཅིག་པུ་མིན་པར། དེ་ལས་གཞན་པའི་ཉེན་ཁ་ཅན་གྱི་དངོས་རིགས་བཞི་ཡོད་པར་ངེས་པར་དུ་ཁྱིམ་བདག་གིས་དོ་སྣང་གང་ལེགས་བྱེད་དགོས་སྟེ། ཐོག་མར་ཁྲུས་ཁང་གི་གློག་འོད་དྲག་པོར་སེམས་ཆུང་བྱེད་དགོས།  ཁྱིམ་བདག་གིས་བྱིས་པར་ཁྲུས་བྱེད་སྐབས་མང་ཆེ་བར་ངོ་གདོང་གནམ་ལ་ཕྱོགས་པར་བྱས་ཡོད། གལ་ཏེ་བྱིས་པས་རྨིད་གཉིས་ཀྱི་མཚམས་ནས་ཁྲུས་ཁང་གི་གློག་འོད་ལ་ཅེར་བ་ཡིན་ན། དེས་འོད་ཕོག་ཚད་ནི་སྤྱིར་བཏང་གི་ཉི་འོད་གློག་ཞུའི་ལྡབ5རེད། དེར་བརྟེན་བྱིས་པ་ཁྲུས་བྱེད་སྐབས་ཅི་ནུས་ཀྱིས་གློག་འོད་དྲག་པོ་མི་ཕྱེ་བའམ། བྱིས་པས་གློག་འོད་དྲག་པོར་རྒྱབ་གཏོད་པར་བྱ་དགོས།
     ལོ་གཉིས་ཀྱི་སྔོན་ལ་གློག་བཀར་ཏེ་གཉིད་མི་རུང་སྟེ། ཞིབ་འཇུག་སྙན་ཞུ་ལས་མངོན་པ་ལྟར་ན། གལ་སྲིད་ལོ་གཉིས་ཀྱི་སྔོན་ལ་མུན་ནག་ཁང་པར་ཉལ་པ་ཡིན་ན། མིག་གི་ཉེ་མཐོང་བསྡུར་ཚད་ནི་བརྒྱ་ཆའི10རེད་ལ། གལ་སྲིད་ལོ་གཉིས་ཀྱི་སྔོན་ལ་གློག་འོད་ཅུང་ཞན་པའི་སྡོད་ཁང་དུ་ཉལ་པ་ཡིན་ན། མིག་གི་ཉེ་མཐོང་བསྡུར་ཚད་ནི་བརྒྱ་ཆའི34ཡིན་པ། གལ་སྲིད་ལོ་གཉིས་ཀྱི་སྔོན་ལ་གློག་སྒྲོན་གསལ་པའི་ཁང་པར་ཉལ་པ་ཡིན་ན། མིག་གི་ཉེ་མཐོང་བསྡུར་ཚད་ནི་བརྒྱ་ཆའི55ཡིན་པས་ན། བྱིས་པར་དེ་ལས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་ནས་མིག་ཤེད་ཡུན་རིང་ཉམས་པའི་གནས་སུ་ལྷུང་སྲིད།
     ipadདང་ཁ་པར། བརྙན་འཕྲིན་བཅས་ནི་མིག་ཤེད་ཉམས་བྱེད་གཙོ་བོ་ཡིན་ལ། བྱིས་པས་གློག་ཀླད་དང་། ངོས་སྙོམས་གློག་ཀླད། ལག་ཐོགས་ཁ་པར་སོགས་གློག་རྡུལ་ཐོན་རྫས་ལག་ཏུ་འཛིན་པའི་དུས་སུ། ཤེས་མེད་ཚོར་མེད་དུ་མིག་ཤེད་དེར་སྒྲིམ་སྲིད་ལ། ཐག་ཉེ་ས་ནས་དུས་ཚོད་རིང་པོར་མིག་ཤེད་སྒྲིམ་པ་ཡིན་ན། མིག་གི་ཉེ་མཐོང་ལ་གནོད་པ་ཐེབས་སྲིད་པ་དང་། གཞན་ཡང་ལག་ཐོགས་ཁ་པར་གྱི་ཡི་གེ་ཧ་ཅང་ཆུང་ལ། ངོས་སྙོམས་གློག་ཀླད་ཀྱིས་བརྙན་རིས་ཀྱིས་ཡིད་དབང་འགུག་ཆེད། ཁྲ་ཁྲ་ལེམ་ལེམ་མང་པོ་བཟོས་ཡོད་པས། དུས་ཚོད་ཡུན་རིང་ལ་ཅེར་ཚེ་མིག་ཤེད་ཐང་ཆད་པར་གྱུར་སྲིད།
     མིག་ཤེད་སྲུང་སྐྱོབ་གློག་སྒྲོན་འདེམས་པར་ཡང་གཟབ་ནན་བྱེད་དགོས། ཁྱིམ་བདག་མི་ཉུང་པ་ཞིག་གིས་བྱིས་པའི་མིག་ཤེད་སྲུང་སྐྱོབ་བྱ་ཆེད། གློག་འཁྱུག་མེད་པ་དང་། འགྱེད་འཕྲོ་མེད་པ། ལྡོག་འོད་མེད་པ། འུར་སྒྲ་མེད་ཅེས་གྲགས་པའི་མིག་ཤེད་སྲུང་སྐྱོབ་སྟེགས་སྒྲོན་སྤྱོད་ཀྱི་ཡོད་ནའང་། གློག་མཁོ་འདོན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག"གློག་འཁྱུག་མེད་པ"ཞིག་འབྱུང་མི་སྲིད་ལ། གློག་འཁྱུག་མེད་ཅེས་གྲགས་པའི་སྟེགས་སྒྲོན་མི་ཉུང་པ་ཞིག་ནི་འཁྱུག་ཚད་མྱུར་པ་ཁོ་ན་ཙམ་ལས་མ་འདས་སོ། །


འབྲེལ་ཡོད་འོས་སྦྱོར།