མཚོ་སྔོན་པཎྜི་ཏ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི་ངོ་སྤྲོད་རགས་བསྡུས།
མཚོ་སྔོན་པཎྜི་ཏ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིས2003ལོ་ནས་བཟུང་འབད་པ་ཧུར་ཐག་སྒོས་པཎྜི་ཏའི་མིང་ཐོག་ནས་བོད་ཡིག་གཏག་ཐབས་དང་། བོད་ཡིག་གློག་རྡུལ་ཚིག་མཛོད། པཎྜི་ཏ་བོད་རྒྱ་ཡིག་སྒྱུར་འཕྲུལ་ཆས་སོགས་བོད་མི་རིགས་ལ་ཉེ་བར་མཁོ་བའི་མཉེན་ཆས་མང་བོ་གསར་གཏོད་བྱས་མྱོང་བ་མ་ཟད་རྒྱལ་ཁབ་ཀྱི་ལས་གཞིའང་མང་པོ་བསྒྲུབས་ཏེ་གྲུབ་འབྲས་མི་དམན་པ་བླངས་པ་བརྒྱུད། ད་ལོའི་ཟླ་དང་པོར་མཚོ་སྔོན་པཎྜི་ཏ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི་དངོས་སུ་ཚུགས་པ་ཡིན།
ད་ལྟ་ཀུང་ཟི་འདིར་བོད་ཀྱི་སྐད་དང་ཡི་གེ་ལ་དུངས་པ་ཟབ་པའི་སློབ་ཆེན་པ20ལྷག་ཡོད་ཅིང་། དེའི་ནང་འབུམ་རམས་པ2དང་རབ་འབྱམས་པ7ཡོད་པས་ཀུང་ཟིའི་ལས་བཟོ་བའི་དཔུང་སྡེ་ཅུང་བཟང་པོ་ཆགས་ཡོད། ཀུང་ཟི་འདིས་མཉེན་ཆས་གཙོ་བྱས་པའི་བརྡ་འཕྲིན་ལག་རྩལ་གསར་གཏོད་དང་ཡིག་སྒྱུར། སྐྱེ་ཁམས་ཁོར་ཡུག་གི་ལས་གཞི་ཞིབ་འཇུག འཕྲིན་སྐྱེལ་ཐོན་རྫས་དང་གཞུང་སྒྲུབ་སྒྲིག་ཆས། རིག་གནས་ཡོ་བྱད་དང་སྒྱུ་རྩལ་ཐོན་རྫས། ཉི་འོད་ནུས་པའི་སྒྲིག་ཆས་དང་དབྱར་རྩྭ་དགུན་འབུ་སོགས་ཉོ་འཚོང་དང་ཐོན་སྐྱེད་ཀྱི་ཞབས་ཞུ་གཙོ་བོར་སྒྲུབ་ཀྱིན་ཡོད།
ལོ་འདིའི་ནང་ཀུང་ཟི་འདིས་གསར་གཏོད་བྱས་པའི་པཎྜི་ཏ་ལག་ཐོགས་རྩིས་འཁོར་ནི་བོད་ཡིག་མ་ལག་ཅན་གྱི་ལག་ཐོགས་རྩིས་འཁོར་ཐོག་མ་ཡིན་ཞིང་། སྒྲིག་འགོད་ཁྲོད་བཀོལ་མཁན་རང་གི་བློ་མོས་ལྟར་སྐད་བརྡ་གང་ལ་བཀོལ་སྒྲིག་བྱས་ན་མཉེན་ཆས་དག་སྐད་བརྡ་དེའི་རིགས་སུ་འགྱུར་འགྲོ་བས་རིགས་སོ་སོའི་སྤུན་ཟླ་ཀུན་གྱིས་རང་གི་དགའ་ཁ་གོམས་ཕྱོགས་དང་བསྟུན་ནས་བཀོལ་སྤྱོད་བྱས་ཆོག ལག་ཐོགས་རྩིས་འཁོར་འདིའི་ནང་གི་པཎྜི་ཏ་དཔེ་མཛོད་ཅེས་པ་རུandroidམ་ལག་ཏུepubརྣམ་གཞག་གི་བོད་ཡིག་གློག་རྡུལ་དཔེ་ཆ་ལྟ་ཀློག་ཐོག་མར་མངོན་འགྱུར་བྱུང་ཡོད་པ་མ་ཟད། རྣམ་གཞག་སྣ་མང་གི་བོད་ཡིག་གློག་རྡུལ་དཔེ་ཆ་ཡང་ལྟ་ཀློག་བྱེད་ཐུབ། གཞན་ཉེར་མཁོའི་དཔེ་ཆ་སྟོང་ཕྲག་ལྷག་རིགས་བཀར་ནས་ནང་འཇུག་བྱས་ཏེ་ཀློག་པ་པོའི་དགོས་མཁོ་སྐོང་ཅི་ཐུབ་བྱས་ཡོད་ཅིང་། པཎྜི་ཏའི་དྲ་ཚིགས་ཁྲོད་ནས་ཀྱང་དུས་རྒྱུན་གྱི་ཉེར་མཁོའི་དཔེ་ཆ་མང་པོ་ཕབ་ལེན་བྱས་ཆོག་ལ་རིགས་དབྱེ་ཞིབ་མོ་བྱས་ཏེ་ནང་འཇུག་བྱས་ཡོད་པས་སྟབས་བདེ་ཞིང་བཀོལ་སླ་བའི་ཁྱད་ཆོས་ཀྱིས་བཀོལ་མཁན་གྱི་འདོད་མོས་ཇི་བཞིན་དུ་སྐོང་ཐུབ་ངེས།
སྒྲ་བརྙན་གཏོང་ཆས་ལ་ཁུ་བྱུག་རོལ་དབྱངས་གཏོང་ཆས་དང་བརྙན་ཟློས་གཏོང་ཆས། འཆད་ཁྲིད་གཏོང་ཆས་སོགས་ཡོད་པས་རང་རང་གི་འདོད་མོས་བཞིན་སྒྲ་དང་བརྙན་ཟློས་ལ་ལྟ་ཐུབ་པ་མ་ཟད་གླུ་ལ་གཞས་དང་བཞད་གད་ཟློས་གར། གླིང་སྒྲུང་སོགས་ཀྱི་སྒྲ་དང་བསྟུན་ཏེ་ཚིག་ཀྱང་འཆར་ཐུབ། རོལ་རྩེད་ལ་སྟེགས་གྲུག་དང་ས་བདག་རྩོད་པ། ཤོ་དང་མེ་གསོད་པ། མཁར་སྒྲིག་སོགས་རིགས་བཅུ་ཕྲག་ལྷག་ཡོད་ཅིང་། དེ་དག་ལས་རང་མི་རིགས་ཀྱི་ཁྱད་ཆོས་གཙོ་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་རྩེད་སྟངས་མང་པོ་ཞིག་རོལ་མྱོང་བྱེད་ཐུབ། ད་དུང་སྒྲ་ལྡན་པར་ཆས་དང་ཟིན་དེབ། ཞལ་བཟོ་ལག་རྩལ་སོགས་མིག་སྔར་ཀུང་ཟི་འདིས་གསར་གཏོད་བྱས་པའི་མཉེན་ཆས30ལྷག་ནང་འཇུག་བྱས་ཡོད་པས་ཁྱེད་ཅག་གི་མིག་གི་དགའ་སྟོན་དུ་གྱུར་ནས་སེམས་ཀྱི་དྭངས་པ་འདྲེན་ནུས་པ།
པཎྜི་ཏ་ཚན་རྩལ་ཀུང་ཟི་ནི་ཁྲིམས་མཐུན་ཚད་ལྡན་གྱི་ལས་ཁུངས་ཤིག་ཡིན་ཞིང་རྒྱལ་ནང་གི་བོད་ཀྱི་སློབ་གྲྭ་ཆེན་མོ་སོ་སོའི་ཆེད་མཁས་པ་གཙོ་བྱས་པའི་བོད་ཡིག་བརྡ་འཕྲིན་ལག་རྩལ་གྱི་ཕྱོགས་ལ་སྤྲོ་བ་ཡོད་མཁན་ཚོ་དང་མཉམ་འབྲེལ་སྒོས་རང་རིགས་ཀྱི་གསེར་ལས་ལྷག་པའི་རིག་གནས་དག་དེང་རབས་ཚན་རྩལ་གྱི་ལམ་ནས་དར་སྤེལ་གཏོང་བཞིན་ཡོད་པས་ཚང་མས་ཡིད་ཆེས་བྱས་ཆོག་ལ། ད་དུང་ལས་གཞི་མང་པོ་ཞིག་ཁྱེད་ཅག་དང་མཉམ་ལས་བྱས་ཀྱང་ཆོག་པ་སྟེ། བོད་ཡིག་དང་འབྲེལ་ཡོད་ཀྱི་མཉེན་ཆས་སྣ་ཚོགས་དང་གློག་རྡུལ་ཚིག་མཛོད་སོགས་གསར་སྤེལ། འབྲི་དེབ་དང་དུས་དེབ་སྣ་ཚོགས། ཚོང་འཕྲིན་སོགས་ཇུས་འགོད་དང་པར་སྐྲུན། གློག་བརྙན་འཕྲིན་གླུ་གཞས་སོགས་ཕབ་སྐྲུན་དང་སྒྲིག་སྦྱོར། བོད་རྒྱ་དབྱིན་གསུམ་གྱི་དྲ་ཚིགས་གསར་བཟོ་དང་ཡིག་སྒྱུར། གློག་རྡུལ་དཔེ་ཆ་སོགས་རྩོམ་སྒྲིག་བྱེད་ཀྱིན་ཡོད་པས་དུས་ནམ་ཡང་ཀུང་ཟི་འདིར་འབྲེལ་གཏུགས་བྱོས་དང་ལྷག་བསམ་རྣམ་དག་གིས་རམ་འདེགས་བྱེད་ངེས་ཡིན།