མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་གསར་བསུ་བའི་དགོང་ཚོགས།
འཁྲབ་སྟོན་གྱི་མགོ་བརྩམས་པ།
ཉེ་ལམ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པའི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་དང་སློབ་མ་གསར་བ་བསུ་བའི་རིག་རྩལ་དགོང་ཚོགས་དེ་བྱང་གླིང་གི་རིག་རྩལ་འཁྲབ་སྟོན་ཁང་དུ་གཟབ་རྒྱའི་ངང་ནས་འཚོགས་པ་རེད། ཐེངས་འདིའི་རིག་རྩལ་དགོང་ཚོགས་ལ་ནང་དོན་གྱི་ཆ་ནས་སློབ་གསར་བསུ་བའི་རྟེན་འབྲེལ་གྱི་ཤིས་ཚིག་འབུལ་བ་དང་རིག་རྩལ་དགོང་ཚོགས་དངོས་ཏེ་ཁག་གཉིས་ཀྱིས་གྲུབ་པ་ཡིན།
མདོ་འཛིན་བྱེད་པ།
དེ་ཡང་སློབ་གསར་བསུ་བའི་རྟེན་འབྲེལ་གྱི་ཤིས་ཚིག་འབུལ་བའི་ཁག་ཏུ་བོད་ཡིག་སྡེ་ཁག་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ད་ལོ་སྡེ་ཁག་འདིར་མདོ་དབུས་ཁམས་གསུམ་ནས་སླེབས་པའི་སློབ་མ་གསར་བ་དག་ལ་དགའ་བསུ་དང་སློབ་གྲྭ་ནས་རང་མི་རིགས་ཀྱི་སྐད་དང་ཡི་གེ་འབད་པ་ལྷོད་མེད་ཀྱིས་སྦྱོང་དགོས་ཚུལ་སོགས་ཀྱི་བསླབ་བྱ་མང་པོ་གནང་བས་དགེ་སློབ་ཆིག་སྟོང་ལྷག་གི་དགའ་བསུ་ཆེན་པོ་ཐོབ་པ་དང་། དེ་བཞིན་དུ་སློབ་མ་གསར་བའི་ཚབ་བྱེད་པའི་བོད་དབྱིན་སྐད་གཉིས་ཤན་སྦྱར་གྱི་གཏམ་བཤད་ལའང་དགའ་བསུ་ཆེན་པོ་ཐོབ་པ་རེད།
བཞད་གར་འཁྲབ་སྟོན།
རིག་རྩལ་དགོང་ཚོགས་དངོས་ནི་ཕལ་ཆེར་དགོང་མོའི་ཆུ་ཚོད་བརྒྱད་ལ་ཉེ་དུས་མགོ་བརྩམས་ཤིང་། རྩེད་རིགས་དག་ནི་བོད་ཡིག་སྡེ་ཁག་གི་འབྲེལ་ཡོད་མགོ་ཁྲིད་དག་གིས་ཡང་བསྐོར་བསྐྱར་བསྐོར་གྱིས་གདམ་གསེས་བྱས་པ་ཤ་སྟག་ཡིན་ལ། རྩེད་རིགས་རྣམ་གྲངས་ཕུན་སུམ་ཚོགས་པ་མ་ཟད། ལྷག་པར་མི་རིགས་རང་གི་མར་དྲི་དང་རྩམ་དྲི་མ་ཡལ་བའི་གླུ་དང་རྡུང་ལེན། བཤད་པ་སོགས་ཀྱི་ཁྱད་ཆོས་འབུར་ཐོན་ཅན་དག་གིས་དགེ་སློབ་ཆིག་སྟོང་ལྷག་གི་མིག་གི་དབང་བོ་རེ་ཞིག་དམ་ལ་བཏགས་པ་ལྟ་བུའི་སྒྱུ་རྩལ་གྱི་འགུག་ཤུགས་གསོན་པོ་རེ་རེ་སྤྱན་སྔར་བཤམས་ཕྱིར། སློབ་མ་གསར་བ་གཙོ་བྱས་པའི་དགེ་སློབ་ཀུན་གྱིས་འཁྲབ་སྟོན་པ་དག་གི་རྩལ་ནུས་ལ་གདེང་འཇོག་དང་གཟེངས་བསྟོད་ཀྱི་ཐལ་མོའི་རྡེབས་སྒྲས་ཚོགས་ར་ཡོངས་སུ་བཀང་བ་རེད། ཁྱད་པར། ཕ་ཡུལ་ཀན་ལྷོ་ནས་ཡིན་པའི་སློབ་གྲོགས་པདྨ་དོན་འགྲུབ་ཀྱིས་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཀྱི་ཚན་པ་ཞིག་སྒྲ་དག་གསལ་གསུམ་འཛོམས་པའི་སྒོ་ནས་བཤད་པས་དགེ་སློབ་ཀུན་ལ་ཨ་མདོའི་སྒྲུང་བཤད་པ་གྲགས་ཅན་སྐལ་བཟང་གྲགས་པ་ངོ་མ་ཡིན་པའི་ཚོར་བ་ཞིག་བསྟེར་བའི་མོད་ལ། ད་ལྟ་ཉམས་བཞིན་པའི་མེས་པོའི་ཚོའི་ཤུལ་བཞག་རིག་གནས་ལ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་གོ་བསྐོན་བློ་འགུག་གི་སློབ་གསོ་ཞིག་ཀྱང་ཤུགས་ནས་བསྟན་པ་ཐལ།
དགེ་སློབ་དག་ལྷན་དུ་པར་བརྒྱབ་པ།
མདོར་ན། ཐེངས་འདིའི་དགོང་ཚོགས་ལ་རིག་རྩལ་གྱི་ཆུ་ཚད་ཀྱི་མཐོན་པོར་སླེབས་པའི་རྩེད་རིགས་སྣ་མང་གིས་དགེ་སློབ་ཀུན་ལ་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་བསྟེར་བ་མ་ཟད། བོད་ཡིག་སྡེ་ཁག་གི་དགེ་སློབ་ཀུན་གྱི་ལས་དོན་མ་ལུས་ཡར་ངོའི་ཟླ་ལྟར་འཕེལ་རྒྱུའི་འདུན་པ་དང་། ཆོད་སེམས་བརྟན་པའང་མཐོང་ཐུབ་པས་དགོང་ཚོགས་བདེ་ལེགས་ངང་མཇུག་བསྒྲིལ་བ་རེད།