བོད་ལྗོངས་སྐར་རྩིས་རིག་པ་དང་རྩིས་གཞོང་།
བོད་ཀྱི་ལི་ཐོའི་དཔེ་ཆས།
2012ལོར་བསྟུད་མར་ཉི་འཛིན་དང་ཟླ་འཛིན་སོགས་ངོ་མཚར་གྱི་ལྟས་མང་པོ་བྱུང་ཞིང་། རང་བྱུང་སྣང་ཚུལ་འདི་དག་ནི་དེང་རབས་དངོས་ལུགས་རིག་པས་སྔོན་དཔགས་བྱེད་པ་ལས་གཞན་ད་དུང་བོད་ཀྱི་རྩིས་གཞོང་བཀོལ་ནས་ཤེས་རྟོགས་བྱེད་ཐུབ།
རྩིས་གཞོང་འདི་ནི་བོད་ཀྱི་སྐར་རྩིས་རིག་པས་སྤྱོད་པའི་སྲོལ་རྒྱུན་གྱི་རྩིས་རྒྱག་ལག་ཆ་ཞིག་ཡིན་ཞིང་ལི་ཐོ་རྩིས་གཞོང་དུའང་གྲགས། ཉེ་ལམ་ལྷ་སར་སྤེལ་བཞིན་སྐབས་དང་པོའི་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་སྟེང་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཀུན་དགའ་རིག་འཛིན་གྱིས་ཁྱད་འཕགས་རིག་ཚན་འདིའི་ཁྱད་ཆོས་མངོན་པ་རེད།
རྩིས་གཞོང་འདིའི་རིང་ཚད་ལ་ལི་སྨི80དང་ཞེད་ཚད་ལ་ལི་སྨི40ཡིན་ཞིང་། དམར་སྨིག་གི་ཟུར་རྒྱན་དང་། བོད་ལུགས་ཀྱི་དཔེ་རིས་དང་བོད་ཡིག་ཤིང་པང་བཅས་ལས་གྲུབ། བོད་ལྗོངས་སྐར་རྩིས་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོ་གཡང་འབའ་ཡིས་བཤད་རྒྱུར། རྩིས་གཞོང་འདིའི་ལོ་རྒྱུས་ཧ་ཅང་རིང་ཞིང་། གནའ་བོའི་རྒྱ་གར་བས་ཡི་གེ་སློབ་དུས་འདི་དང་མཚུངས་པའི་ལག་ཆ་ཞིག་སྤྱོད་པར་གཞིག་ན་འདི་ནི་ཁུངས་དེ་ལས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པར་སྙམ་ལ། མ་མཐར་ཡང་ལོ1000ལྷག་གི་ལོ་རྒྱུས་ལྡན་ཟེར།
རྩིས་གཞོང་བཀོལ་ཏེ་རྩིས་རྒྱག་པ།
དེ་ཡང་འདིའི་དགེ་མཚན་ཁྱད་དུ་འཕགས་པ་སྟེ། ཐེངས་གཅིག་ལ་ཡིག་འབྲུ30ཡི་གཞི་གྲངས་རྩིས་ཐུབ་ཅིང་། བོད་ལྗོངས་སྐར་རྩིས་རིག་པའི་ལུགས་དང་བྱེད་ཐབས། རྒྱུ་སྐར་འཁོར་བགྲོད་དང་ཁ་ཕྱོགས། ལོ་དང་ཟླ་ཚེས། ཉི་འཛིན། ཟླ་འཛིན། དེ་མིན་གནམ་གཤིས་སོགས་ཀྱི་གཞི་གྲངས་དག་རྩིས་གཞོང་འདིའི་སྟེང་ནས་རྩིས་ཐུབ་ཀྱི་ཡོད།
རྩིས་གཞོང་འདིའི་སྟེང་ཐེངས་ཁྲི་འགར་ཞིབ་རྩིས་བྱས་ཏེ་བོད་ཀྱི་ལི་ཐོ་སྒྲིག་བཟོ་གནང་བ་ཞིག་ཡིན་ཞིང་། གཡང་འབའ་ཡིས་མདོག་མི་གཅིག་པའི་ཤོག་བུ་འགའ་བསྟན་ཏེ་བཤད་རྒྱུར། འདི་དག་ནི་བོད་ཀྱི་སྐར་རྩིས་རིག་པའི་ཞིབ་འཇུག་ཁང་གིས་ལོ་རེར་པར་སྐྲུན་བྱེད་པའི་ལི་ཐོ་ཡིན་པ་དང་། ཁ་དོག་རེ་རེས་ལོ་རེ་རེ་མཚོན་ཞིང་། ད་ལོ་ནི་ཆུ་འབྲུག་ལོ་ཡིན་སྟབས་ཁ་དོག་སྔོན་པོའི་ཤོག་བུས་པར་སྐྲུན་བྱས་པ་རེད་ཟེར།
2008ལོར་བོད་ལྗོངས་སྐར་རྩིས་རིག་པ་འདི་ཉིད་སྐབས་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་ཅིང་། ཀུན་དགའ་རིག་འཛིན་ནི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པར་བདམས། ཀུན་དགའ་རིག་འཛིན་གྱིས་བཤད་རྒྱུར། ཁོས་ལོ10ཡི་སྟེང་སྐར་རྩིས་གླིང་དུ་སློབ་སྦྱོང་བྱས་པ་དང་། ད་ལྟའི་བར་ཧ་ལམ་ལོ60ལྷག་ལ་ལི་ཐོ་སྒྲིག་བཟོ་བྱས་པ་ཡིན་ཟེར།
བོད་ཀྱི་ལི་ཐོ་ནི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་རྒྱ་ཆེར་སྤྱོད་ཀྱི་ཡོད་ཅིང་། དེའི་དཔྱད་གཞིའི་རིན་ཐང་དང་ཚན་རིག་རང་བཞིན་བཅས་ལས་དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་ད་དུང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན་པ་རེད།