མཚོ་ནུབ་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ།
འགོ་རྩོམ་མཛད་སྒོའི་སྟེང་སློབ་མས་བྲོ་གར་འཁྲབ་པ།
འགྲན་བསྡུར་ཡུལ་དངོས།
ཉེ་ཆར། མཚོ་ནུབ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་པའི“གཏམ་གླུ་སྤེལ་མའི”འགྲན་བསྡུར་བྱ་འགུལ་གཏེར་ལེན་ཁ་ནས་བསྡུས།
མི་རིགས་ཤིག་གི་རིག་གནས་ནི་མི་རིགས་གང་དེ་འཕེལ་རྒྱས་སུ་འགྲོ་བ་དང་མི་རིགས་གང་དེ་ཡུན་རིང་དུ་འཚོ་གནས་ཐུབ་པར་མེད་དུ་མི་རུང་བའི་བླ་སྲོག་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། མི་རིགས་རང་གི་རིག་གནས་རང་ཉིད་ཀྱིས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་རྒྱུ་ནི་མི་རིགས་རང་རང་གི་ལྷན་སྐྱེས་ཀྱི་འགན་འཁྲི་ཡིན།
འགྲན་བསྡུར་ཡུལ་དངོས།
སློབ་མའི་ལག་བཟོ་སྒྱུ་རྩལ།
ཉེ་བའི་ལོ་འགའི་ཚུན་ལ། རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་རིག་གནས་སྲུང་སྐྱོབ་སྐོར་གྱི་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང༌། ལྷག་པར་དུ་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དངོས་འབེབ་བྱུང་ཡོད་པ་མ་ཟད། ད་དུང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྐོར་གྱི་ལས་གཞི་རྣམ་གྲངས་ཀྱང་སྣ་ཚོགས་ཤིག་སྒྲུབ་བཞིན་ཡོད་ལ། མི་རིགས་སོ་སོས་ཀྱང་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་མང་པོ་སྤེལ་བཞིན་ཡོད།
ཐེངས་འདིར་ཡང་བོད་ཀྱི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པའི་དམངས་གླུ་དང་བཤད་པ། གཏམ་དཔེ། གབ་ཚིག་སོགས་གཏམ་གླུ་སྤེལ་མ་གཙོ་བོར་བཟུང་ནས་ན་ཆུང་བྱིས་པ་ཚོར་བོད་སྲོལ་རྒྱུན་གྱི་ཆེས་རྨང་གཞིའི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན། དངོས་སུ་ཉམས་ལེན་བཅས་བྱེད་པར་དམིགས་ཤིང༌། དེ་ལས་ལྷག་པར་མི་རབས་རྗེས་མ་དག་ལ་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་ཉག་ཕྲ་ཞིང་ཆད་ལ་ཉེ་བའི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་ཐད་ནས་བག་ཆགས་འཇོག་དགོས་པ་དང༌། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དམིགས་ཏེ་ཆེད་དུ་སློབ་ར་རུ་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བྱ་འགུལ་འདི་སྤེལ་བ་རེད།
སློབ་མའི་ལག་བཟོ་སྒྱུ་རྩལ།
དཔྱད་འདེམས་པ་རྣམས་ཀྱིས་ཡུལ་དངོས་སུ་སློབ་མའི་ལག་བཟོ་སྒྱུ་རྩལ་ལ་གདེང་འཇོག་བྱེད་པ།
བྱ་འགུལ་དམངས་གླུ་དང༌། གཏམ་དཔེ། གབ་ཚིག གནའ་གཏམ། གེ་སར་སྒྲུང༌། ཁ་ཤགས་བཅས་རིགས་དྲུག་ལྷག་ཏུ་བགར་ཏེ་ཡུལ་དངོས་འགྲན་བསྡུར་བྱེད་པ་ཞིག་ཡིན་ཞིང༌། དམངས་གླུ་ལེན་རེས་བྱེད་པ་དང༌། གཏམ་དཔེ་འཆད་རེས་བྱེད་པ། གབ་ཚིག་དྲི་བ་དྲིས་ལན་བྱེད་པ། གནའ་གཏམ་གསོན་ཉམས་དོད་པོས་བཤད་པ། གེ་སར་སྒྲུང་བཤད་པ་དང་ལེན་པ། ཁ་ཤགས་སྒྱུ་རྩལ་གྱིས་ཕྱུག་པའི་ལམ་ནས་བཤད་པ་སོགས་བོད་རང་གི་འཚོ་བ་དང་རིག་གནས་རྣལ་མའི་ལམ་ནས་འགྲན་བསྡུར་སྤེལ་ཏེ། དཔྱད་འདེམས་པས་ཡུལ་དངོས་སུ་སྐར་གྲངས་མཐོ་དམན་དབྱེ་ནས་ཨང་རིམ་བགར་ཞིང༌། སློབ་གྲོགས་ཚོས་ཀྱང་རང་གི་ལྷན་སྐྱེས་རྒྱུད་ཀྱི་ཡོན་ཏན་མངོན་ནས་བོད་སྲོལ་རྒྱུན་གྱི་རིག་གནས་ལ་དུངས་བའི་ཟུར་ཞིག་གིས་ཚོགས་ར་ཡོངས་དང་ལྟད་མོ་བ། དགེ་རྒན་དང་དཔྱད་འདེམས་པ་རྣམ་པར་རྣམ་ཀུན་དང་མི་འདྲ་བའི་ཁ་དབུགས་གསར་བ་ཞིག་གིས་སྒོ་འཕར་ཕྱེ། བྱ་འགུལ་སྐབས་སུ། དཔྱད་འདེམས་པ་རྣམ་པས་སློབ་གྲོགས་ཚོས་དུས་རྒྱུན་སློབ་གསེང་ཁྲོད་བོད་རང་གི་ཅ་ལག་ཡོ་བྱད་སྐོར་ནས་གསར་བཟོ་བྱས་པའི་ལག་ཤེས་མཛེས་ཆས་ལ་སྐོར་གཟིགས་བྱས་ཏེ་དཔྱད་འཇོག་བྱས་པ་མ་ཟད། ད་དུང་སློབ་གྲྭས་བོར་ལ་ཉེ་བའི་རང་གི་གནའ་རབས་ཁྱིམ་སྤྱོད་ཅ་ལག་གི་སྐོར་འདི་རྒྱུན་བསྲིངས་ཐད་ཀྱི་རྒྱུན་ཤེས་ལག་ལེན་གྱི་སློབ་ཁྲིད་བཀོད་སྒྲིག་བྱས་ནས་སློབ་གྲོགས་ཚོའི་རྒྱུད་ལ་ཆགས་སུ་བཅུག་ཡོད་པར་རྗེས་སུ་ཡི་རངས་བྱས་ཤིང༌། ལག་ཤེས་མཛེས་ཆས་ལ་སྐར་གྲངས་རྒྱབ་ཏེ་བྱ་དགའ་བྱིན་པ་རེད།
སློབ་མ་རྣམས་ཀྱིས་བྲོ་གར་འཁྲབ་པ།
རྣམ་གྲངས་སོ་སོ་ཛ་དྲག་སྒོས་འགྲན་སྡུར་བྱས་མཐར་སློབ་གྲོགས་སྲས་མཆོག་ཐར་སོགས་ལ་རྣམ་གྲངས་སོ་སོའི་བྱ་དགའ་ཐོབ་ཡོད་པ་དང༌། དེའི་ནང་སློབ་གྲོགས་སྲས་མཆོག་ཐར་ལ་རྣམ་གྲངས་བདུན་གྱི་བྱ་དགའ་ཐོབ་ཡོད་པས། ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པ་ཆེས་མང་པོའི་སློབ་གྲོགས་ཤིག་རེད།
ཐེངས་འདིའི་གཟུགས་འདས་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་པའི“གཏམ་གླུ་སྤེལ་མའི”འགྲན་བསྡུར་བྱ་འགུལ་སྤེལ་བ་འདིས་རང་མི་རིགས་ཀྱི་རྗེས་རབས་པ་རྣམ་པ་དང༌། ལྷག་པར་དུ་མི་རིགས་ཀྱི་རྐང་འཛིན་སློབ་གྲོགས་རྣམ་པར་མར་དྲི་དང་རྩམ་དྲིས་བྱུག་པའི་སྲོལ་རྒྱུན་རིགས་གནས་ཀྱི་བྲོ་བར་རོ་མྱོང་ཐེངས་ཤིག་བྱས་པ་ཡིན།