མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཐང་ག་འགྲེམ་སྟོན།
སྐབས་གཉིས་པའི་ཐང་ག་འཛིན་གྲྭའི་དགེ་སློབ་མཛེས་རྩལ་འགྲེམ་སྟོན།
མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཐང་གའི་བཟོ་རྩལ་གྱི་ཆེད་ལས་འདི་ནི2010ལོར་སྔར་ཡོད་ཀྱི་ཆེད་ལས་བཅུ་ཕྲག་ལྷག་གི་སྟེང་དུ་བོད་ཀྱི་རི་མོའི་སྐབས་བབས་གནས་ཚུལ་དང་འབྱུང་འགྱུར་ཀྱི་ལམ་ཕྱོགས། སྤྱི་ཚོགས་ཀྱི་དགོས་མཁོ་བཅས་ལ་ཞིབ་འཇུག་བྱས་ནས་གསར་དུ་བཙུགས་པའི་ཆེད་ལས་གསར་བ་ཞིག་ཡིན་པ་མ་ཟད། ཆེད་ལས་འདི་ལ་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་འགོ་ཁྲིད་དག་གིས་མཐོང་ཆེན་དང་གཙིགས་འཛིན་བྱེད་བཞིན་ཡོད་ལ། སྤྱི་ཚོགས་ཀྱི་ཆེད་ལས་མི་སྣའི་དགོས་མཁོའང་ཧ་ཅང་ཆེ་སྟབས། སློབ་གྲྭའི་འགོ་ཁྲིད་ཀྱིས་ཀྱང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་་ནས་ཆེད་ལས་དགེ་རྒན་གདན་ཞུས་དང༌། སྤྱི་ཚོགས་སྟེང་སྐད་གྲགས་ཆེ་བའི་རྒྱ་བོད་རི་མོའི་ཆེད་ལས་མཁས་པ་གདན་འདྲེན་བྱས་ནས་སློབ་ཁྲིད་ལ་མཛུབ་སྟོན་དང༌། ཆེད་ལས་ཀྱི་དཔུང་སྡེ་འཛུགས་སྐྲུན་རྒྱ་ཆེར་བྱས་པར་མ་ཟད། བོད་ཀྱི་རི་མོའི་མདུན་ལམ་གསར་བར་བརྩོན་ལེན་བྱེད་བཞིན་ཡོད།
དགེ་འདུན་ཆོས་འཕེལ།
རྒན་པོ་ཞིག་གི་འཛུམ་མདངས།
ཐང་གའི་བཟོ་རྩལ་གྱི་ཆེད་ལས་ཐད་ནས་མི་རིགས་རང་གི་སྲོལ་རྒྱུན་ཐང་ག་གཙོ་བྱས་པའི་སྐྱ་རིས་དང༌། མགྱོགས་བྲིས། རྒྱལ་སྲོལ་རི་མོ། མཐོང་སྒྲིབ་རིག་པ། ལུས་ཕུང་གཤགས་བཅོས་རིག་པ། མཛེས་དཔྱོད་རིག་པ། སྒྱུ་རྩལ་རགས་བཤད། བོད་ཀྱི་རི་མོའི་ལོ་རྒྱུས་རགས་བཤད། ཀྲུང་ཕྱིའི་རི་མོའི་ལོ་རྒྱུས་རགས་བཤད་བཅས་ཆེད་ལས་ཅན་གྱི་བསླབ་ཚན་ཡོད་པར་མ་ཟད། བོད་ཡིག་དང་རྒྱ་ཡིག དབྱིན་ཡིག རྩིས་འཁོར་སོགས་དེང་རབས་བསླབ་ཚན་ཀྱང་སློབ་ཁྲིད་བྱེད་བཞིན་ཡོད། སློབ་ཡུན་ལོ་གསུམ་ཡིན་པའི་འབྲིང་རིམ་འཛིན་གྲྭ་འདི་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་ནས་ཡོང་བའི་སློབ་མས་གྲུབ་ལ། ཁོ་ཚོ་རི་མོ་སྒྱུ་རྩལ་ལ་དུངས་བ་ཟབ་པར་མ་ཟད། ཕན་ཚུན་བར་མཐུན་སྒྲིལ་ལྡན་ཞིང༌། ནམ་རྒྱུན་དགེ་རྒན་གྱི་མཛུབ་སྟོན་ལྟར་ཆེད་ལས་གཙོ་བྱས་པའི་བསླབ་ཚན་ཡོངས་ལ་སྦྱངས་བརྩོན་ལྷོད་མེད་བྱེད།
སྐབས་གཉིས་པའི་ཐང་ག་འཛིན་གྲྭའི་དགེ་སློབ་མཛེས་རྩལ་འགྲེམ་སྟོན།
སྐབས་གཉིས་པའི་ཐང་ག་འཛིན་གྲྭའི་དགེ་སློབ་རྣམས་ལྷན་དུ་པར་བླངས་པ།
འདིར་ཁོ་ཚོའི་མི་ལོ་གཉིས་ཀྱི་འབྲིང་རིམ་འཚོ་བའི་རི་མོ་བརྩམས་ཆོས་དག་བསྡུས་ཏེ་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི2010ལོའི་ཐང་ག་འཛིན་གྲྭའི་མཐར་ཕྱིན་མཛེས་རྩལ་འགྲེམ་སྟོན་སྤེལ་བ་ལགས། ཐེངས་འདིའི་འགྲེམ་སྟོན་ལ་ཐང་ག་གཙོ་བྱས་པའི་ཆུ་ཚོན་རི་མོ་དང༌། རྒྱལ་སྲོལ་རི་མོ། སྐྱ་རིས། མཛེས་རིས་ཇུས་འགོད། ཡིག་གཟུགས། ལུས་ཕུང་གཤགས་བཅོས། མཐོང་སྒྲིབ་རིག་པ་བཅས་ཁྱོན་བསྡོམས་བརྩམས་ཆོས700ལྷག་ཡོད། རྒྱ་ཆེའི་སློབ་རའི་འགོ་ཁྲིད་དང༌། དགེ་རྒན། སློབ་གྲོགས་ཡོངས་ཀྱིས་དགའ་བསུ་ཡིད་སྨོན་བྱེད་བཞིན་ཡོད།