logo

མཐའ་མཇུག་གི་འཇིག་རྟེན། 2012

རྩོམ་པ་པོ།:འདྲེ་རིག་ལྡན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-22 ཀློག་གྲངས།:

 

2012 ལོར་འཇིག་རྟེན་སྟོང་སྲིད་དམ།

        གནད་ཚིག

        མྰ་ཡྰ་མི་རིགས།=  དེང་གི་ལྷོ་ཨ་མི་རི་ཀའི་གླིང་ཆེན་ཐོག་གི་མི་རིགས་ཤིག

        མྰ་ཡྰའི་དཔལ་ཡོན།= སྤྱི་ལོ་མ་བྱུང་གོང་གི་ལོ2000ནས་སྤྱི་ལོ250དབར་དུ་བྱུང་བའི་མི་རིགས་དེའི་རིག་གནས་དཔལ་ཡོན།

        མྰ་ཡྰན་ལོ་ཐོ། =  མི་རིགས་དེའི་རིག་གནས་དཔལ་ཡོན་གྱི་ལོ་རྒྱུས་ཁྲོད་དུ་གྲགས་ཆེ་བའི་ལོ་ཐོ་གསུམ་བྱུང་བའི་ནང་གི་གཅིག

        མྰ་ཡྰན་ལོ་ཐོ་ནང་གསལ་བ་ལྟར་ན་དེ་རིང་སྟེ།  སྤྱི་ལོ2011ལོའི་ཟླ6 ཚེས20 ཉིན་ནས་བརྩིས་པའི་ཉིན་གྲངས549(སྤྱི་ལོ2012ལོའི་ཟླ12ཚེས23) རྗེས་སུ་ཁོང་ཚོའི་ལོ་ཐོ་ཡོངས་སུ་རྫོགས་ཟིན་པ་དང་། དེ་ནས་བཟུང་འཇིག་རྟེན་གསར་པ་ཞིག་གི་འགོ་འཛུགས་རྒྱུ་ཡིན་པ་རེད།

 ཉི་ཧོང་དུ་བྱུང་བའི་མཚོ་སྐྱོམས་དང་ས་ཡོམ། 

 མྰ་ཡྰན་ལོ་ཐོ།  

       

          ཨ་རིའི་གླིང་ཕྲན་ཧྰ་ཝཡི་རུ་ཡོད་པའི་མེ་རི།

        མྰ་ཡྰན་མི་རིགས་དང་དེའི་རིག་གནས་དཔལ་ཡོན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་གལ་འགངས་ཆེ་བའི་གོ་གནས་ཟིན་ཡོད་པས།  ལོ་ཐོ་འདིའི་བསྟན་དོན་རྣམས་སྣང་མེད་དུ་སྐྱུར་བཟོད་ཀྱིན་མེད།  དེ་བས་མི་མང་པོ་ཞིག་གིས་འདིར་གོ་བ་འདྲ་མིན་ལེན་པ་དང་འགྲེལ་བཤད་ཀྱང་འདྲ་མིན་ཞིག་རྒྱག་གིན་ཡོད།  ཁ་ཤས་ཀྱིས་མེ་རི་འབོར་ཆེན་འཐོར་ནས་གོ་ལ་འདི་འཇིག་པར་འགྱུར་བར་བཤད་པ་དང་། འགའ་ཤས་ཀྱིས་ཆུ་ཀློང་ཆེན་པོ་འཁྲིགས་པ་ལ་བརྟེན་ནས་འཇིག་རྟེན་འདི་འཇིག་པར་འགྱུར་བར་བཤད་ཀྱིན་ཡོད། ཡང་ལ་ལས་གླིང་ཆེན་པོ་དག་རྡིབ་པར་འགྱུར་བའི་ས་འགུལ་གྱིས་འཇིག་པར་འགྱུར་བ་སོགས། མདོར་ན་ས་ཆུ་མེ་རླུང་འབྱུང་བ་འཁྲུགས་པ་ལས་སྣོད་ཀྱི་འཇིག་རྟེན་འདི་དུས་མཐར་འདེད་པར་འདོད་པ་རེད།

        ཉེ་བའི་དུས་སུ་མི་རྣམས་ཀྱིས་མྰ་ཡྰ་ཡི་ལོ་ཐོའི་བསྟན་དོན་ལ་དོ་སྣང་བྱུང་ཞིང་།  མི་རིགས་ཤིག་གི་ལོ་རྒྱུས་ཁྲོད་ཀྱི་ལོ་ཐོ་རྙིང་པ་དེ་རྒྱལ་སྤྱིའི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་བའི་རྗེས་དང་།  2012ཞེས་པའི་གློག་བརྙན་དེ་དངོས་སུ་ཁྲོམ་རྭར་འབྱོར་བ་ནས་བཟུང་མི་མང་པོ་ཞིག་གི་སེམས་ལ་རང་བཞིན་གྱིས་དོགས་པ་རྣམ་རྟོག་ཆེན་པོ་སྐྱེས་དང་སྐྱེ་བཞིན་པ་རེད།  མི་ཁ་ཤས་ཀྱིས་མི་སེམས་དཀྲུགས་པའི་གནད་དོན་འདི་ལ་བརྟེན་ནས་དེབ་བྲིས་པ་དང་། གསར་འགྱུར་འགོད་པ།  གཞན་ཡང་ཆ་འཕྲིན་གྱི་ཚོང་ལས་གཞན་གཉེར་ནས་སྒོར་མོ་མི་ཉུང་བ་ཞིག་བསགས་ཐུབ་པ་བྱུང་ཡོད་མོད།  འོན་ཀྱང་།  སེམས་པ་ཆུང་བའི་མི་མང་པོ་ཞིག་གིས་མི་ཚེའི་བྱ་གཞག་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་འཆི་བའི་ལམ་ཏུ་ཞུགས་རྒྱུར་སྟ་གོན་བྱས་དང་བྱེད་ཀྱིན་པ་ཡང་ཡོད་དོ། 


  རླུང་ནག་འཚུབ་མ།   ཨ་རིར་ཡང་ཡང་འབྱུང་བའི་རང་བྱུང་གོད་ཆགས་ཤིག

  དོན་དངོས་སུ་མྰ་ཡྰན་ལོ་ཐོ་ཟེར་བ་དེ་ཇི་འདྲའི་ཁུངས་དག་ཅིག་ཡིན་ནམ།

       

        མྰ་ཡྰན་ལོ་ཐོ་ནི་ལོ་འཁོར་རེར་ཉིན་གྲངས260ཡོད་པའི་རྫོལ་ཁིན་(Tzolkin)ཟེར་བའི་ལོ་ཐོ་དེ་དང་།  ལོ་འཁོར་རེར་ཉིན་གྲངས365 ཡོད་པའི་ལོ་ཐོ་ཧའབ་ (Haab) ཟེར་བ་དེ་གཉིས་གུང་སྒྲིག་པ་ལས་བྱུང་བའི་སྐབས་དེའི་ལོ་ཐོ་གསར་པ་ཞིག་རེད། ལོ་ཐོ་འདི་དག་གི་རྩིས་ལ་བརྟེན་ནས་ཁོང་ཚོས་རང་བྱུང་ཁམས་ཀྱི་གནས་ཚུལ་མང་པོ་ཞིག་ལ་སྔོན་དཔགས་ཇི་བཞིན་དུ་བྱས་ཡོད་པར་གྲགས། མྰ་ཡྰན་ལོ་ཐོས་སྔོན་དཔགས་བྱས་པ་ལྟར་ན། སྤྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེས་༢༡ ཉིན་ལ། གཟའ་སྐར་རྣམས་ཀྱི་རྒྱུ་ཕྱོགས་ཤིག་གི་དབང་གིས་བར་སྣང་གི་གཟའ་སྐར་རེ་ཟུང་གཞུང་ཐིག་གཅིག་ཏུ་འཁེལ་ངེས་རེད།  དེའི་གོ་དོན་ནི་དགུན་ཉི་ལྡོག་གི་དཀྱིལ་ཐིག་དང་། དགུ་ཚིགས་ཀྱི་དཀྱིལ་ཐིག་སོགས་དཀྱིལ་ཐིག་གཅིག་གི་ཐོག་ཏུ་འཁེལ་བཞིན་པ་རེད། 

 

        གལ་སྲིད་འདི་ཉིད་དངོས་སུ་བྱུང་ན་ཅི་ཞིག་འབྱུང་ངམ།  དེའི་མཇུག་འབྲས་ནི་ང་ཚོའི་སའི་གོ་ལ་གནས་སའི་ཉི་མའི་ཁྱིམ་བརྒྱུད་ནང་གི་གཟའ་སྐར་རྣམས་ཀྱི་ཕན་ཚུན་གྱི་འཐེན་ཤུགས་དོ་མི་མཉམ་པར་འགྱུར་བ་དང་།  དེ་ལ་བརྟེན་ནས་འཐེན་ཤུགས་ཆེ་བས་འཐེན་ཤུགས་ཆུང་བ་རྣམས་དྲངས་ནས་གཟའ་སྐར་ཕན་ཚུན་དབར་ཡ་ང་བའི་གདོང་ཐུག་དྲག་པོ་ཐེབས་ངེས་པ་དང་།  སྐབས་དེར་ཐོན་ན་སའི་གོ་ལ་འདི་དང་འདིའི་ཐོག་གི་སྐྱེ་ལྡན་སུ་ཡང་འཚོ་གནས་བྱེད་ཐུབ་རྒྱུ་མ་རེད།  
        འོན་ཀྱང་།  ད་ལྟའི་གནམ་རིག་སྐར་དཔྱད་ཀྱི་ཚན་རིག་གྲུབ་དོན་ཁག་གིས་བསྟན་པ་ལྟར་ན།  ཉི་མའི་ཁྱིམ་བརྒྱུད་དང་།  ང་ཚོའི་ཉི་མའི་ཁྱིམ་བརྒྱུད་འདི་ཉིད་གཏོགས་པའི་དགུ་ཚིགས་ནང་གི་གཟའ་སྐར་དག་རང་རང་གི་འཁོར་ལམ་དུ་ཞི་བདེ་དང་གུ་ཡངས་པའི་སྒོ་ནས་འཁོར་བསྐྱོད་བྱེད་ཀྱིན་ཡོད་པ་མ་ཟད།  ཉེ་བའི་དུས་གང་ཞིག་ཏུ་ཡང་འདི་ལྟའི་གོད་ཆགས་ཤིག་འབྱུང་རྒྱུའི་སྔོན་རྟགས་གང་ཡང་མེད་པ་རེད།  འོན་ཀྱང་། གོ་ལ་རང་ཉིད་ཀྱི་སྟེང་དུ་འབྱུང་བཞིན་པའི་ས་འགུལ་དང་། མེ་རི། མཚོ་སྐྱོམས། རླུང་ནག་འཚུབ་མ་སོགས་རང་བྱུང་གི་གོད་ཆག་འདི་དག་ནི་འཇིག་རྟེན་འདི་ཉིད་ཆགས་པའི་གནས་སྐབས་དེ་མ་ཐག་ནས་བཟུང་ཡོད་བསྡད་པ་ཞིག་ལས།  དུས་རབས་འདིར་གསར་དུ་ཐོན་པ་ཞིག་གང་ཡང་མིན་པས།  རྣམ་པ་ཚོས་བློ་སེམས་བརྣལ་དུ་ཕབ་ནས་རང་རང་གི་འགན་འཁྲི་སྒྲུབ་དང་ཆོག་འདུག 


འབྲེལ་ཡོད་འོས་སྦྱོར།