ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་དང་པོའི་རི་མོ་འགྲེམ་སྟོན།
སྙན་དབང་གསོ་བའི་གླུ་སྐད་ཀྱིས་ཐེངས་འདིའི་བྱ་འགུལ་གྱི་ཡོལ་རས་ཕྱེས་པ།
མཛེས་རྩལ་ནི་མིའི་སེམས་ཁམས་ལས་མཆེད་ཅིང་པུར་རྩེ་ལས་ལྷོད་ལྷོད་དུ་བབས་པའི་ཕྱི་རོལ་གྱི་གཟིགས་རིས་ཤིག་ཡིན་ལ། མཛེས་རྩལ་ནི་ཁ་གྲགས་མི་ཤེས་པའི་སྙན་ངག་གསོན་པོ་ཞིག་ཡིན། རི་མོ་ནི་གདོད་མའི་སྤྱི་ཚོགས་སུ་མཚོན་ན་པར་ཆས་དང་བརྙན་འཕྲིན་མེད་ན་ཡང༌། ཆབ་དཔལ་རིག་གསུམ་འཕེལ་རྒྱས་སུ་འགྲོ་བའི་བྱུང་རིམ་སོགས་མི་རབས་རྗེས་མ་དང་དུས་རབས་རྗེས་མར་ར་སྤྲོད་བྱེད་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད་ལ་འབྲི་སྟངས་ཀྱང་མང་པོ་ཞིག་བྱུང་ཡོད།
ཡིད་འཕྲོག་པའི་རིག་རྩལ་གྱིས་རི་མོ་འགྲེམ་སྟོན་མཛད་སྒོའི་སྒོ་གླེགས་ཕྱེ་པ།
དེ་ཡང་རང་ཅག་བོད་ཁ་བའི་ལྗོངས་འདིར་སྔོན་བྱོན་མེས་པོས་གསར་སྐྲུན་དང་འཕེལ་རྒྱས་སུ་བཏང་བའི་བྲིས་འབུར་གྱིས་གཙོས་པའི་སྒྱུ་རྩལ་ཁྱད་དུ་འཕགས་པ་དེ་ལྟ་བུ་ནི་རང་རྒྱལ་ཙམ་དུ་མ་ཟད་ད་དུང་རྒྱལ་སྤྱིའི་ཐོག་ཏུའང་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
ནང་དོན་མི་འདྲ་བའི་རི་མོ་སྣ་ཚོགས་ཀྱིས་ཡིད་ཀྱི་དང་བ་འཕྲོག
ཟླ6པའི་ཟླ་སྟོད་ལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་དང་པོའི་རི་མོ་འགྲེམ་སྟོན་ཆེན་མོ་དེ་སློབ་གྲྭའི་ལྒང་རྩེད་ཁང་བཟང་ནང་དུ་བསྡུས། བསྟུད་མར་ཉིན་གསུམ་གྱི་རིང་ལ་ལུས་རྩལ་འགྲན་ཚོགས་ཀྱི་གོ་སྐབས་དང་བསྟུན་ནས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་སྨིན་པ་མ་ཟད། རྒྱ་ཆེའི་ལྟད་མོ་བ་སྟོང་ཕྲག་ལྷག་ཡང་མ་བོས་མགྲོན་པོ་བཞིན་ག་ས་གང་ནས་མིག་དབང་འཕྲོག་པའི་རི་མོ་འགྲེམ་སྟོན་ལ་ལྟད་མོར་ཕེབས།
ཨ་ལ་ལ། རི་མོ་བྲིས་པ་ངོ་མ་ཡག་གི
ཐེངས་འདིའི་རི་མོ་འགྲེམ་སྟོན་ཁྲོད་སྣུམ་ཚོན་རི་མོ་དང་ཆུ་ཚོན་རི་མོ། ཞིབ་བྲིས་རི་མོ། ཟུར་ཟའི་རི་མོ། སྟབས་བདེའི་རི་མོ། ཁྰ་ཐུང་རི་མོ། སྐྱ་རིས་བཅས་ཀྱི་ཁྱོན་བསྡོམས་རི་མོའི་བརྩམས་ཆོས240ལག་སོན་བྱུང་བ་དང་། དེའི་ཁྲོད་རི་མོ་དགེ་རྒན་རྣམ་པའི་འདྲ་མཉམ་དང་དྲང་བཞག གཟུར་མེད་སྒོས་བརྩམས་ཆོས35ལ་བྱ་དགའི་རྟགས་མ་གནང་། བྱ་དགའ་སྟེར་སྟངས་ལ་ཨང་དང་པོ་བརྒྱད་དང་། ཨང་གཉིས་པ་དགུ། ཨང་གསུམ་པ་དགུ། རྟིང་སྐུལ་བྱ་དགའ་དགུ་བཅས་བཀར་ཡོད།
ལྒང་རྩེད་ཁང་བཟང་ནང་དུ་འགྲེམ་སྟོན་བྱས་པའི་ཁཱ་ཐུང་རི་མོ་དང་སྣུམ་ཚོན་རི་མོ་སོགས།
རི་མོ་དགེ་རྒན་རྣམ་པས་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་བྱས་པའི་དན་རྟགས་སུ་ཏག་ཏག་ལོ་གཉིས་ཀྱི་རིང་ལ་སློབ་གྲྭའི་སློབ་མ་རྣམས་ཀྱི་སོར་མོའི་རྩལ་ལས་ཐོན་པའི་བྲིས་རྒྱུན་ཡང་ཐེམ་སྐས་རེ་རེ་ལས་མཛེས་ཡག་བཟང་གསུམ་གྱི་ཁྱད་ཆོས་རིམ་གྱིས་མངོན་ཐུབ་པ་བྱུང་། འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་སླད་དུ་སློབ་གྲྭའི་འགོ་ཁྲིད་དང་ཤེས་ལྡན་མང་པོ་ཞིག་གི་ལྷག་བསམ་གྱི་རྒྱབ་སྐྱོར་གང་ལེགས་གནང་སྟེ་དེ་རིང་གི་རི་མོའི་ཞིང་བཀོད་འདི་དགེ་རྒན་དང་སློབ་གྲོགས་མང་པོའི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་།
མཐོ་སྒང་གི་གྲུ་གཟིངས།
ཡིན་ནའང་ཁོ་ཚོ་ནི་རི་མོའི་ཆེད་ལས་མིན་ལ། རི་མོ་ལ་ཆ་རྒྱུས་ཅི་ཡང་མེད་ནའང་མི་རིགས་ཀྱི་བྱིས་པ་འདི་དག་གི་འབྱུང་འགྱུར་སེམས་སུ་སྒོམ་ནས་དཀའ་སྤྱད་ཁྲི་ཕྲག་གི་ཁྲོད་ནས་ང་ཚོའི་མིག་ལམ་དུ་བཤམས་རིན་ཡོད་པའི་བརྩམས་ཆོས་ཁ་གྲངས་ལོངས་པ་ཞིག་འབུལ་ཐུབ་པ་བྱུང་། དེའི་ཕྱིར་རི་མོ་སྒྱུ་རྩལ་གྱིས་ཁོ་ཚོར་ཞིང་ཁམས་གཞན་ཞིག་དང་དག་ཞིང་གང་ཞིག་གི་འོད་ཟེར་གྱི་ལམ་སྣེ་ཞིག་ཀྱང་སྟོན་ཐུབ་པ་བྱུང༌།
མཛེས་སྡུག་ཨ་འགྲིག་ཆ་འགྲིག
རི་མོ་འགྲེམ་སྟོན་གྱི་ཟུར་ངོས་ཤིག
མདོར་ན། འོས་འགན་སློབ་གསོའི་ངོས་ནས་བཤད་ན། རི་མོ་ནི་མཛེས་རྩལ་རིག་པའི་ཁོངས་སུ་གཏོགས་ལ། ལྷག་པར་དུ་སློབ་མའི་གཤིས་རྒྱུད་དང་སྤྱོད་ལམ། ཤེས་བྱ་སོགས་ཁྱོན་ཡོངས་ནས་མཐོར་འདེགས་ཡོང་ཐུབ་པའི་སྒྱུ་རྩལ་ཁྱད་དུ་འཕགས་པ་ཅན་ཞིག་ཡིན་པས། ཁོ་ཚོས་འདི་ལ་མཐོང་ཆེན་དང་བརྩི་འཇོག་ཡང་ཡང་བྱས་ཏེ་སློབ་གྲྭའི་སློབ་མ་མི་ཉུང་བ་ཞིག་རི་མོ་ལ་དགའ་བ་དང༌། ཀུན་སྤྱོད་མཛེས་པ། སྒྱུ་སྤུས་ཅན་གྱི་སློབ་མ་མང་པོ་ཞིག་གསོ་སྐྱོང་བྱས་ཏེ་སློབ་རའི་སྒྱུ་རྩལ་ཇེ་ལེགས་སུ་གཏོང་བ་དང༌། སྔོན་བྱོན་མེས་པོས་བཞག་པའི་གཅེས་སུ་འོས་པའི་རིག་གནས་འདི་མ་ཉམས་དར་སྤེལ་བྱེད་པར་འབད་པ་བྱེད་རྒྱུའི་ཆོད་སེམས་བཅངས་ཡོད།