SYBལས་གཉེར་གསར་གཏོད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
གསོ་སྦྱོང་ཡུལ་དངོས།
མན་ཊ་ལ་ཚོང་གཉེར་ཞབས་ཞུ་ཚད་ཡོད་ཀུན་ཟིས་ཁྲིན་ཏུའུ་རུ2011ལོའི་ཟླ2པའི་ཚེས28ནས་ཟླ3པའི་ཚེས5བར་ཏེ་ཉིན་བདུན་ལ། དུས་རིམ་དང་པོའིSYBལས་གཉེར་གསར་གཏོད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། གདན་འདྲེན་བྱས་པའི་འབྲེལ་ཡོད་ཆེད་མཁས་པ་དང་མཐོ་རིམ་ཁེ་ལས་དོ་དམ་པས་འཆད་ཁྲིད་དང་མཛུབ་སྟོན་འོག ནུབ་རྒྱུད་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གཉེར་བ27ལྷག་གིས་ཅུང་ཆ་ཚང་བའི་སྒོ་ནསSYBལས་གཉེར་གསར་གཏོད་སློབ་ཚན་གྱི་སྤྱི་ཁོག་ངེས་པར་བྱས་པ་རེད།
གསོ་སྦྱོང་སྐབས་ཀྱི་འབྲེལ་ཡོད་འགྲོ་སོང་ཡོད་ཚད་དེ། གསོ་སྦྱོང་ལྟེ་གནས་དང་། སྒྲིག་ཆས། བསླབ་གཞི། དགེ་རྒན། ད་དུང་གསོ་སྦྱོང་ལ་ཞུགས་མཁན་ཚོའི་སྡོད་གནས་དང་ཟས་རིན་སོགས་ཐམས་ཅད་མན་ཊ་ལ་ཚོང་གཉེར་ཞབས་ཞུ་ཚད་ཡོད་ཀུན་ཟིས་འགན་ལེན་བྱེད་ཀྱི་ཡོད་ཅིང་། མི་སྒེར་གྱིས་རང་ཉིད་ལམ་གྱི་འགྲིམ་འགྲུལ་རིན་གོང་མ་གཏོགས་གཏོང་དགོས་ཀྱི་མེད་པ་རེད། ད་དུང་ཁེ་ལས་འཆར་འགོད་ཡར་སྤྲད་པ་སོགས་བརྒྱུད་དེ་སྐྱེད་ཀ་ཉུང་བའི་དངུལ་བུན་ལེན་ཐུབ་ངེས་རེད།
གསོ་སྦྱོང་བྱེད་པའི་སྐབས་སུ། གཙོ་སྒྲུབ་ལས་ཁུངས་ཀྱིས་ཁྲིན་ཏུའུ་ཡི་མིང་གྲགས་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་གདན་ཞུ་བྱས་ཏེ་འཆད་ཁྲིད་གནང་ཞིང་། སློབ་མ་ཚོར་ཁ་ཞེ་གཉིས་མེད་ཀྱི་བསམ་བློ་བརྗེ་རེས་སམ་གླེང་མོལ་མཛད་པ་རེད།
ཁོ་ཚོར་དུས་བཅད་ནང་རྩ་འཛུགས་གནང་སྟེ་སྲོལ་རྒྱུན་ལྷ་སྐུ་བཟོ་སྐྲུན་བྱེད་པའི་ཁེ་ལས་སོགས་ལ་ལྟ་སྐོར་དང་ལག་རྩལ་བཟོ་རིམ་གྱི་རྒྱུན་ཤེས་ལ་རྒྱུས་ལོན་ཟབ་མོ་བྱེད་དུ་བཅུག་ཅིང་། སློབ་མ་ཚོས་ཐེངས་འདིའི་གསོ་སྦྱོང་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་མི་ལེགས་པའི་ཆ་ལ་བསམ་འཆར་གང་ལེགས་བཏོན་ཏེ་རྗེས་ཕྱོགས་མུ་མཐུད་དུ་འདི་ལྟ་བུའི་གསོ་སྦྱོང་འཛིན་གྲྭ་བསྡུ་བར་རེ་ཞུ་ནན་མོ་ཞུས་པ་རེད།
གསོ་སྦྱོང་བྱེད་མཁན་རྣམས་མཉམ་དུ་པར་བསྐྱོན་པ།
SYBཞེས་པ་ནི“START YOUR BUSINESS”ཞེས་པའི་བསྡུས་མིང་སྟེ་ཁེ་ལས་གསར་གཏོད་བྱེད་པའི་དོན་ཡིན་ཞིང་། དེ་ནི“ཁེ་ལས་གསར་གཏོད་དང་ལེགས་བཅོས”(SIYB)ཞེས་པའི་རིམ་ལྡན་གསོ་སྦྱོང་ཁྲིད་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ངལ་རྩོལ་རྩ་འཛུགས་ཀྱིས་ཆེད་དུ་ཁེ་ལས་ཆུང་འབྲིང་གཉེར་འདོད་ཆེ་བའི་གྲོགས་པོ་རྣམས་ལ་དམིགས་ནས་བསྒྲུབས་པའི་གསོ་སྦྱོང་ལས་གཞི་ཞིག་ཡིན།
SYBནི་ཀློག་བདེ་ཞིང་གོ་སླ་བའི་གསོ་སྦྱོང་བསླབ་གཞི་ཞིག་སྟེ། འཛམ་གླིང་རྒྱལ་ཁབ80ལྷག་ཏུ་ཁྱབ་སྤེལ་བཀོད་སྤྱོད་བྱེད་ཀྱི་ཡོད་པ་རེད། འདིའི་གསོ་སྦྱོང་འཆད་ཁྲིད་ལ་ཚན་པ་ཆེན་པོ་གཉིས་སུ་དབྱེ་ཡོད་དེ། དང་པོ་ནི་ལས་གཉེར་གསར་གཏོད་ཀྱི་འདུ་ཤེས་གསོ་སྦྱོང་བྱེད་པ་དང་དེར་གོ་རིམ་གཉིས་ཡོད། གཉིས་པ་ནི་ལས་གཉེར་གསར་གཏོད་ཀྱི་འཆར་འགོད་གསོ་སྦྱོང་བྱེད་པ་དང་དེར་གོ་རིམ་བརྒྱད་ལྡན་པ་རེད།
གོ་རིམ་དང་པོ། ཁྱེད་རང་ཁེ་ལས་གསར་གཏོད་པའི་ཚུལ་དུ་བཞག་ནས་གདེང་འཇོག་བྱེད་པ།
གོ་རིམ་གཉིས་པ། རང་ཉིད་ལ་ཁེ་ལས་ཀྱི་འཆར་བསམ་ལེགས་པོ་ཞིག་འགོད་པ།
གོ་རིམ་གསུམ་པ། རང་གི་ཚོང་རར་གདེང་འཇོག་གནང་བ།
གོ་རིམ་བཞི་བ། ཁེ་ལས་ཀྱི་མི་སྣ་རྩ་འཛུགས།
གོ་རིམ་ལྔ་བ། ཁེ་ལས་ཀྱི་ཁྲིམས་ལུགས་རྣམ་པ་ཞིག་འདེམས་པ།
གོ་རིམ་དྲུག་པ། ཁྲིམས་ལུགས་ཀྱི་ཁོར་ཡུག་དང་རང་གི་འགན་ནུས།
གོ་རིམ་བདུན་པ། ལས་འགོ་རྩོམ་སྐབས་ཀྱི་མ་དངུལ་སྔོན་དཔག་བྱེད་པ།
གོ་རིམ་བརྒྱད་པ། ཁེ་སྤོག་འཆར་འགོད།
གོ་རིམ་དགུ་བ། རང་གི་ཁེ་ལས་རྒྱུན་སྐྱོང་བྱེད་ཐུབ་མིན་ཚོད་དཔག་བྱེད་པ།
གོ་རིམ་བཅུ་བ། ཁེ་ལས་སྒོ་འབྱེད་པ།
འདི་ལྟར་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཁེ་ལས་གཉེར་འདོད་ཆེ་བའི་མི་རྣམས་ཀྱིས་ཁེ་ལས་གཉེར་བའི་གོ་རིམ་སྦྱོང་བརྡར་སྒོས་རང་ཉིད་ཀྱི་ཁེ་ལས་འཆར་འགོད་གནང་སྟེ་རྒྱུན་སྐྱོང་ཐུབ་པའི་ཁེ་ལས་ཆུང་འབྲིང་འཛུགས་པར་རོགས་རམ་བྱེད་ཆེད་རེད།