༄༅།།ལྷ་སའི་བྱ་འཕུར་བཟོ་རྩལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-09
ཀློག་གྲངས།:

ལྷ་སའི་བྱ་འཕུར་ནི་བོད་ལྗོངས་ཀྱི་ལྷ་ས་དང་གཞིས་ཀ་རྩེ། དེ་བཞིན་རྩེད་ཐང་ལ་སོགས་པའི་ས་ཆར་དར་ཆེ་ལ། དེས་མ་ཟད་བལ་ཡུལ་དང་འབྲུག་ཡུལ། ཆིང་རྒྱལ་རབས་ཀྱི་དུས་སུ་བོད་ཀྱི་སྐུ་དྲག་ཁྲོད་དུ་དར་ཁྱབ་ཤུགས་ཆེན་བྱུང་ཡོད། དེ་ཡང་བོད་ཟླ་བརྒྱད་པའི་ནང་ལྷགས་པ་ཆེ་བས་དེ་ནི་བྱ་འཕུར་གློད་པའི་དུས་ཚིགས་ཡག་ཤོས་ཤིག་ཡིན། དམངས་ཁྲོད་ཤོད་རྒྱུན་དུ་བྱ་འཕུར་གློད་པའི་དུས་ཚོད་སྔ་དྲག་ན། སྟོད་ཁའི་དུས་ཚོད་ནམ་རྒྱུན་ལས་སྔ་བ་མཇུག་བསྒྲིལ་ངེས་ཞེས་ཟེར། ལྷ་སའི་བྱ་འཕུར་གློད་པར་གཏན་འབེབས་མང་པོ་ཡོད་དེ། དུས་ཚོད་ཐད་ནས་བརྗོད་ན། ལྷ་སའི་ཁུལ་གྱི་བྱ་འཕུར་ནི་ཞོ་སྟོན་ཚར་རྗེས་གཞི་ནས་གློད་ཀྱི་ཡོད་པ་དང་། བྱ་འཕུར་གྱི་བཟོ་དབྱིབས་དང་སྤྱོད་མཁན་ཐད་གཏན་འབེབས་ཡོད། དཔེར་ན། རྩིབས་དྲུག་མ་དང་། རྩིབས་བརྒྱད་མ། དེ་བཞིན་རྩིབས་བཅུ་པའི་བྱ་འཕུར་བཅས་ཡོད། དེ་རྣམས་ནི་ངེས་པར་དུ་ལོ་ནའི་ཆེ་ཆུང་སྒོ་ནས་དབྱེ་བ་ཕྱེ་སྟེ་གདམས་ག་བྱས་ཆོག བོད་རིགས་ཀྱི་བྱ་འཕུར་གྱི་བཟོ་ལྟ་ནི་ཆེས་རྐྱང་པ་ཞིག་ཡིན་ཏེ། ཕལ་ཆེ་བ་དབྱིབས་ངོས་སྙོམས་ལས་གྲུབ་པ་ཞིག་ཡིན་ཡང་། ཚོན་རིས་བྱུགས་ཐབས་ཐད་དང་དོད་ཆེ་བས། དེ་ལ་རིགས་དྲུག་ཏུ་དབྱེ་སྲོལ་ཡོད་དེ། དེ་ཡང་རྒྱའུ་དང་མགོ་དམར་རམ་མགོ་ནག དེ་བཞིན་མིག་ལོག་དང་། མཆེ་བ། པང་གདན་དང་རྐང་གླིང་བཅས་སོ། བྱ་འཕུར་གྱི་ཚོན་རིས་བཀྲག་མདངས་ཆེ་བས་བྱ་འཕུར་ནམ་མཁར་གློད་དུས་དེ་བས་རྣམ་པར་བཀྲ་བའི་མདངས་ཉམས་ཤིག་མངོན་ཐུབ། དུས་རྒྱུན་བྱ་འཕུར་དེ་དག་གྱང་སྟེང་དུ་དཔྱང་ནས་བཞག་ཚེ་རླུང་རྟ་འཕེལ་བའི་རྫས་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་སྲོལ་ཡོད། ལྷ་སའི་བྱ་འཕུར་གློད་རྩལ་ནི་གཙོ་བོ་མཁའ་དབྱིངས་སུ་བྱ་འཕུར་འཛིང་རེས་བྱེད་པའི་རྩེད་འཇོ་ཞིག་ཡིན། བྱ་འཕུར་གྱི་སྐུད་པ་གློད་པ་དང་བསྡུ་བ་གཉིས་ཀྱི་ཆེས་ཆུང་བའི་འགྱུར་ལྡོག་གིས་བྱ་འཕུར་མཁའ་དབྱིངས་སུ་ཆེས་མྱུར་བའི་སྒོ་ནས་འདེགས་འབེབས་དང་ལྡིང་བསྐོར་རྒྱག་པ། དེ་བཞིན་ཕྱོགས་གཡས་གཡོན་དུ་འགྲེ་ལོག་རྒྱག་པ་བཅས་བྱེད་ཐུབ། བྱ་འཕུར་གྱི་ཁྱད་ཆོས་ཆེ་ཤོས་ནི་འཛིང་རེས་བྱེད་ཐབས་དེ་ཡིན། དེ་ཡང་བྱ་འཕུར་གྱི་སྐུད་པ་ཆད་དེ་ལྷགས་པས་འཁྱེར་ཕྱིན་པ་དེ་ཕམ་པར་བརྩི་ཡི་ཡོད། ལྷ་སའི་བྱ་འཕུར་བཟོ་བར་ནམ་དུས་ཀྱི་རང་བཞིན་ཤུགས་ཆེན་ལྡན་ཡོད། ལོ་ལྟར་སྟོན་དུས་ལྷ་ས་དང་གཞིས་ཀ་རྩེ་ལ་སོགས་པའི་གྲོང་བརྡལ་ཁག་ནས་ཆེད་མངགས་བྱ་འཕུར་བཟོས་ནས་ཕྱིར་འཚོང་བྱེད་ཀྱི་ཡོད། དེ་དག་གི་ཁྲོད་ནས་གཞིས་རྩེའི་ལྷ་དར་དགའ་ཆེན་དང་ལྷ་སའི་ཚེ་རིང་ལ་སོགས་པས་བཟོས་པའི་བྱ་འཕུར་ནི་ལག་རྩལ་རྩེར་སོན་དང་ཁྱད་ཆོས་མངོན་གསལ་དོད་ལ་བོད་ལྗོངས་ཁུལ་དུ་ཤུགས་རྐྱེན་ཆེར་ལྡན་པའི་བྱ་འཕུར་ཞིག་ཡིན། བྱ་འཕུར་གློད་པའི་ལོ་རྒྱུས་ལ་གཞིགས་ནས་བཤད་ན་ དེ་ལ་ལོ་ངོ་ཆིག་སྟོང་གཡས་གཡོན་གྱི་ལོ་རྒྱུས་ལྡན་ཡོད། ཧ་ཅང་སྔ་བའི་དུས་ནས་གངས་ལྗོངས་ས་མཐོའི་སྟེང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རོལ་རྩེད་ཀྱི་རིགས་ཤིན་ཏུ་མང་པོ་ཡོད་ཅིང་། དེའི་ནང་ནས་བྱ་འཕུར་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རོལ་རྩེད་ཅིག་ཡིན། བྱ་འཕུར་གློད་པའི་དུས་ཚོད་ཡག་ཤོས་ནི་སྟོན་དུས་ཡིན། གང་ཡིན་ཞེ་ན་སྟོན་དུས་དབུས་གཙང་ཁུལ་དུ་ལྷགས་ཤུགས་ཅུང་ཆེ་བ་ཡོད་པས་སོ། བྱ་འཕུར་གློད་པའི་དུས་ཚོད་སྔ་དྲག་ན་ཞིང་པས་བསམ་འཆར་འདོན་གྱི་ཡོད། ཁོང་ཚོའི་བཤད་རྒྱུན་ལ་བྱ་འཕུར་གློད་སྔ་དྲག་ན་ལོ་ཏོག་ལ་གནོད་ཅེས་བཤད་ཀྱི་ཡོད། བོད་ལྗོངས་ས་ཁུལ་མང་ཆེ་བར་བྱ་འཕུར་གློད་སྲོལ་ཡོད། དེ་བས་ཀྱང་དབུས་གཙང་ཁུལ་དུ་དར་ཁྱབ་ཅུང་ཆེ། བྱ་འཕུར་གློད་མཁན་གཙོ་བོ་ནི་གཞོན་ནུ་ལོ་ཆུང་རྣམས་ཡིན་པ་དང་། ཁོ་ཚོས་ཁང་སྟེང་ངམ་ས་རྒྱ་ཆེ་སར་གློད་ཀྱི་ཡོད། བྱ་འཕུར་ནམ་མཁའི་ཐོངས་སུ་གློད་དེ་ཕན་ཚུན་འཛིང་རེས་གཏོང་སྐབས་དམག་འཐབ་གནམ་གྲུ་དམག་འཐབ་བྱེད་པ་དང་གཉིས་སུ་མ་མཆིས། བོད་ལྗོངས་ཁུལ་གྱི་བྱ་འཕུར་གྱི་བཟོ་ལྟ་གཅིག་ལས་མེད་ཀྱང་། དེར་རི་མོ་མང་ལ་འཛིང་རེས་ཀྱི་ནུས་པ་ཡོད། བྱ་འཕུར་གློད་མཁན་གྱིས་བྱ་འཕུར་གྱི་ཐག་སྣེ་འཐེན་ཤུགས་དང་གློད་ཤུགས་ལས་བྱ་འཕུར་གྱི་མཐོ་དམའ་དང་མགྱོགས་ཚད་སོགས་ཚོད་འཛིན་ཐུབ་ཅིང་། སྟོན་ཁ་ནམ་མཁའི་ཐོངས་སུ་བྱ་འཕུར་གློད་ཚེ་བྱ་འཕུར་དང་སྤྲིན་དཀར་མཉམ་དུ་ནམ་མཁའི་ཐོངས་སུ་ཡོད་པའི་འཆར་སྣང་སྟེར་བ་དང་། དེ་སྔོན་བྱ་འཕུར་གློད་པའི་དུས་ཚོད་ལ་གཏན་འབེབ་ནན་པོ་ཡོད་དེ། ཞོ་སྟོན་རྗེས་ཀྱི་བོད་ཟླ་བརྒྱད་པའི་ནང་གཞི་ནས་བྱ་འཕུར་གློད་ཆོག་ཅིང་། དེའི་སྐབས་དབུས་གཙང་ཁུལ་དུ་སྟོན་བསྡུའི་ཚ་རླབས་འཕྱུར་ཞིང་། ནམ་མཁའི་ཐོངས་སུ་བྱ་འཕུར་གྱིས་ཁེངས་ལ། ཞིང་པས་བྱ་འཕུར་ལྷགས་སྐྱེལ་བྱ་རུ་ངོས་འཛིན་གྱི་ཡོད། གལ་ཏེ་དེའི་སྐབས་སུ་བྱ་འཕུར་མེད་ཚེ་སྟོན་གྱི་དུས་དེ་ཧ་ཅང་གི་ལྷིང་འཇགས་སུ་གྱུར་གྱི་ཡོད། བྱ་འཕུར་གཏོང་བ་དེ་ཡང་སོ་འཁོར་དྲུག་དང་། བརྒྱད། བཅུ་བཅས་མི་འདྲ་བ་ཡོད་དེ། དེ་ནི་བྱ་འཕུར་གཏོང་མཁན་གྱི་ལོ་གྲངས་མི་འདྲ་བས་རེད། ཚོན་མདོག་ཡང་རྣམ་པ་སྣ་ཚོགས་ཡོད། དེ་ཡང་། གཅིག བྱ་འཕུར་རྒྱའུ། བྱ་འཕུར་དེའི་གཞོགས་གཉིས་སུ་དམར་ནག་གིས་གྲི་གཟུགས་ལྟ་བུའི་རི་མོ་བྲིས་ཡོད། དེ་ནི་དཔའ་བོའི་མཚོན་བྱེད་དོ། གཉིས། བྱ་འཕུར་མགོ་དམར་རམ་མགོ་ནག བྱ་འཕུར་དེའི་རྩེ་མོར་དམར་ནག་གི་ཟུར་གསུམ་ཞིག་བྲིས་ཡོད། དེ་ནི་ཆོས་སྐྱོང་སྲུང་མའི་མགོ་ཡིན་ཟེར། གསུམ། བྱ་འཕུར་མིག་ལོག བྱ་འཕུར་དེའི་གཞོགས་གཉིས་སུ་སྒོར་ཕྱེད་རི་མོ་བྲིས་ཡོད། དེ་ནི་གཞན་ལ་འཇིགས་སྐུལ་གྱིས་ཆེད་རེད། བཞི། བྱ་འཕུར་མཆེ་བ། བྱ་འཕུར་དེའི་གཞོགས་གཉིས་སུ་འགྲིག་རྟགས་ཁ་གཏད་ལྟ་བུ་གཉིས་བྲིས་ཡོད། དེ་ནི་འཇིགས་རུང་གདོན་འདྲེའི་སོའི་གཟུགས་སོ། ལྔ། བྱ་འཕུར་པང་གདན། བྱ་འཕུར་དེ་ནི་ཚོན་སྣས་རྒྱན་པའི་བྱ་འཕུར་ཞིག་རེད། བྱ་འཕུར་དེའི་མཚོན་དོན་ནི་བུད་མེད་མཛེས་མ་ཡིན། དྲུག བྱ་འཕུར་རྐང་གླིང། བྱ་འཕུར་དེར་ཚོས་གཞི་དམར་ནག་གི་སྐེ་རགས་ལེབ་མོ་ལྟ་བུ་ཞིག་བཅིངས་ཡོད། བོད་རིགས་ཀྱི་བྱ་འཕུར་གྱི་ཚོན་མདོག་དེ་དག་གིས་ནམ་མཁའི་སྟེང་འཇའ་ཤར་བ་ལྟར་གྲུབ་ཡོད་ལ་ཁྱིམ་གྱི་གྱང་སྟེང་དུ་བཀལ་ན་ཡང་ཧ་ཅང་མཛེས་པོ་ཡོད། བྱ་འཕུར་གྱི་གཞིའི་རྩའི་ཁྱད་ཆོས་ངོས་ནས་བཤད་ན། བྱ་འཕུར་ནི་ལྷ་ས་དང་གཞིས་རྩེ་གཉིས་ལ་དར་ཁྱབ་ཅུང་ཆེ་ཡང་། བྱ་འཕུར་གྱི་མིང་འབོད་སྟངས་ལ་མི་འདྲ་བ་ཡོད་དེ། ལྷ་ས་བས་བྱ་འཕུར་ལ་བྱ་འཕུར་གྱི་སྒྲ་འདྲ་བ་ཞིག་འདོན་ལ། གཞིས་རྩེ་བས་ཤོག་བྱ་ཞེས་འབོད་པ་ཡིན་ནོ། འོན་ཀྱང་བྱ་འཕུར་གྱི་གཏོང་སྟངས་དང་བཟོ་རྩལ་ནི་ཧ་ཅང་འདྲ། བོད་ལྗོངས་ཀྱི་བྱ་འཕུར་ནི་གཡས་གཡོན་རིང་ལ་སྟེང་འོག་ཐུང་བའི་སྐས་དབྱིབས་ཤིག་རེད། དཀྱིལ་དུ་སྨྱུག་མ་ཕྲ་མོ་ཞིག་ཤོག་ངོས་སུ་སྦྱར་ཏེ་སྟེང་འོག་བཀྱག་པ་དང་འཕྲེད་ངོས་སུ་གཞུ་ལྟ་བུའི་སྨྱུག་མ་ཕྲ་མོ་ཞིག་ཤོག་ངོས་སུ་སྦྱར་ཏེ་སྟེང་འོག་བཀྱག་པ་དང་འཕྲེད་ངོས་སུ་གཞུ་ལྟ་བུའི་སྨྱུག་མ་ཕྲ་མོ་ཞིག་གིས་གཡས་གཡོན་གཉིས་རྟེན་ཡོད། བཟོ་ལ་བལྟས་ན་ལས་སླ་པོ་འདྲ་ཡང་རིགས་པའི་ཐོག་གི་རྩ་དོན་ངེས་ཅན་ཞིག་ལྡན་ཡོད་པ་སྨོས་མེད་རེད། གལ་ཏེ་སྨྱུག་མའི་ཡང་ལྕིར་དོ་སྣང་མ་བྱས་པ་དང་སྐུད་པ་གཏོང་སྟངས་སོགས་གནད་ལ་མ་འཁེལ་ཚེ་རྙོག་དྲ་ཧ་ཅང་ཆེ། བོད་ཀྱི་བྱ་འཕུར་དག་གི་ཁྱད་ཆོས་གཙོ་བོ་ནི་ཕན་ཚུན་འཛིང་རེས་དང་རྒྱག་རེས་བྱེད་ཐུབ། ང་ཚོས་རྟག་ཏུ་མཁའ་དབྱིངས་ཁྲོད་བྱ་འཕུར་གཉིས་ཕན་ཚུན་ཐུག་ཐུག་མང་ཙམ་བྱེད་པའི་རྣམ་པ་མཐོང་གི་ཡོད། སྐབས་རེ་དེ་གཉིས་ཀྱི་སྐུད་པ་གཅིག་ཏུ་འཁྲིལ་སྐབས་གཙོ་བོར་སྐུད་པའི་འཐེན་ཤུགས་དང་ལག་རྩལ་ལ་བརྟེན་ནས་ཐར་ཐབས་བྱེད་ལ། སྐུད་པ་ཆད་པའི་བྱ་འཕུར་དེ་གཤོག་ཆག་གི་བྱེའུ་བཞིན་ཟགས་ཡོང་བས་དེ་ནི་ཕམ་པ་དང་གཞན་དེར་རྒྱལ་ཁ་ཐོབ་པ་རེད། སྐབས་རེ་མཐོ་ཚད་འགྲན་པ་དེ་ཡང་སུ་ཅིག་ཤོས་ཀྱི་གོང་དུ་འཕུར་འགྱུར་ན་དེ་ལ་རྒྱལ་ཁ་ཐོབ་པ་ཡིན། བྱ་འཕུར་གྱི་ཁྱད་ཆོས་ཆ་ནསབཤད་ན། བྱ་འཕུར་བཟོ་སྐབས་ཆེ་ཆུང་འདྲ་མིན་སྣ་ཚོགས་བྱས་ཆོག་སྟེ། ཇི་ཙམ་ཆེ་ན་རྒྱག་རེས་དང་འཛིང་རེས་བྱེད་པར་དེ་ཙམ་སྟོབས་ཆེ་བ་ཡོད། བྱ་འཕུར་གྱི་བཟོ་ལྟའི་ཆ་ནས་བྱ་འཕུར་སྟེང་གི་རི་མོ་དེ་དག་གཅིག་ནས་བོད་རིགས་ཀྱི་སྣ་མང་ཕུན་ཚོགས་ཀྱི་རིག་གནས་ཀྱི་མཚོན་དཔེ་ཞིག་རེད། ཉར་ཚགས་ཀྱི་རིན་ཐང་ངོས་ནས་བཤད་ན། དེང་དུས་བོད་ལྗོངས་ཡུལ་སྐོར་བྱ་གཞག་ནི་གནམ་ས་བླ་འོག་ཏུ་གྱུར་པ་ལྟར་འཕེལ་རྒྱས་ཕྱིན་ཡོད་པས། རྒྱག་རེས་དང་འཛིང་རེས་བྱེད་ཐུབ་པའི་བྱ་འཕུར་དེ་ཡུལ་སྐོར་གསར་སྤེལ་ལས་གཞིའི་གྲས་སུ་ཚུད་ན་དེ་བས་འཕེལ་རྒྱས་སུ་འགྲོ་ཐུབ།