logo

ཚན་རིག་རྒྱུན་ཤེས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-04-13 ཀློག་གྲངས།:
རླངས་འཁོར་གྱི་སྨུག་སྒྲོན་སེར་པོ་ཡིན་པའི་རྒྱུ་མཚན་ཅི།
        རླངས་འཁོར་གྱི་འཁོར་མགོའི་གཡས་གཡོན་གཉིས་སུ་སྤྱིར་བཏང་དུ་གློག་སྒྲོན་ཆེན་པོ་གཉིས་ཡོད། གློག་དེ་བཀར་རྗེས་བཀྲག་མདངས་འཚེར་བའི་འོད་སྣང་ཞིག་འཚེར་ཏེ། མདུན་ཕྱོགས་ཀྱི་འགྲོ་ལམ་གསལ་བར་བྱས་ལ། དེས་རླངས་འཁོར་མུན་ནག་ཏུ་བགྲོད་སྐབས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཀྱིན་ཡོད། དེའི་ལོགས་གཉིས་སུ་ད་དུང་སྨུག་སྒྲོན་བཞག་ཡོད།
        ཁ་དོག་མི་འདྲ་བའི་འོད་ལ་རིང་ཐུང་མི་འདྲ་བའི་འོད་རླབས་ཡོད་པ་ང་ཚོས་ཤེས་ལ། འོད་རླབས་ཀྱི་རིང་ཚད་ཅི་ཙམ་ཐུང་ན་ཕྱོགས་བཞི་ལ་ཁྱབ་པའི་འོད་འཕྲོའི་བར་ཐག་དེ་ཙམ་གྱིས་རིང་། གློག་འོད་སེར་པོའི་འོད་རླབས་རིང་པོ་དེ་ནི་གློག་འོད་ཆེན་པོ་ལས་འཕྲོས་པའི་འོད་དཀར་ལས་ཐུང་ལ་འཕྲོ་བའི་བར་ཐག་རིང་། སྨུག་ལོང་འཐིབས་པའི་དུས་སུ་རླངས་འཁོར་གྱི་སྨུག་སྒྲོན་སེར་པོས་གློག་སྒྲོན་ཆེན་པོའི་ཚབ་བྱེད་ཐུབ། དེ་ནི་ཚོན་མདོག་མི་འདྲ་བའི་འོད་ཀྱི་ཁྱད་ཆོས་སྤྱད་ནས་དགེ་སྤེལ་སྐྱོན་སྤང་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་རེད།
        གློག་སྒྲོན་སེར་པོ་དེ་ནི་ཉེན་བརྡ་གསལ་པོ་ཞིག་ཀྱང་ཡིན། མཚན་མོར་གྲོང་ཁྱེར་གྱི་ལམ་མདོ་རུ་གློག་འོད་སེར་པོ་ཞིག་བཞག་ཡོད་ལ། སྨུག་པ་འཐིབས་པའི་དུས་སུའང་རྒྱང་རིང་པོ་ནས་གློག་སྒྲོན་དེ་མཐོང་ཐུབ་ལ། དེས་ཁ་ལོ་པར་ལམ་མདོ་རུ་བདེ་འཇགས་ལ་མཉམ་འཇོག་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད། དོན་དངོས་སུ་བཤད་ན་གློག་སྒྲོན་སེར་པོའི་ནང་གི་འོད་དེ་ནི་གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་འོད་དཀར་གློག་སྒྲོན་ལས་བྱུང་བ་ཞིག་ཡིན། འོད་དཀར་གློག་སྒྲོན་དེ་ཤེལ་སྒོ་སེར་པོ་བརྒྱུད་དེ་གློག་འོད་སེར་པོ་འཕྲོས་པ་རེད།།

མཚོ་དམར་ནི་ཚྭ་འདུས་ཚད་ཆེས་མཐོ་བའི་རྒྱུ་མཚན་ཅི།
        གོ་ལ་ཧྲིལ་པོའི་རྒྱ་མཚོ་ཆེན་མོའི་ཁྲོད་མཚོ་དམར་ནི་ཚྭ་འདུས་ཚད་ཆེས་མཐོ་བའི་རྒྱ་མཚོ་ཞིག་ཡིན་ལ། དེའི་ཚྭ་འདུས་ཚད་ཆ་སྙོམས་ཀྱིས4%ཡན་ཡིན། ཚྭ་འདུས་ཚད་ཆེས་དམའ་བའི་རྒྱ་མཚོ་ནི་པའོ་ལའོ་ཏི་རྒྱ་མཚོ་ཡིན་ལ། དེའི་ཆ་སྙོམས་ཀྱི་ཚྭ་འདུས་ཚད་ནི1%ལ་ཡང་མི་ཐོན་པ་རེད། འོ་ན་མཚོ་དམར་གྱི་ཚྭ་འདུས་ཚད་འདི་ལྟར་མཐོ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན།
        ས་ཁམས་ཀྱི་སྟེང་ནས་བཤད་ན། མཚོ་དམར་ནི་ཧིན་རྡུ་རྒྱ་མཚོར་གཏོགས་ཤིང་། ཧྥེ་གླིང་གི་ཤར་བྱང་རྒྱུད་དང་ཡ་གླིང་གི་ཨ་རབ་ཕྱེད་གླིང་གཉིས་ཀྱི་བར་དུ་ཆགས་ཤིང་། ཤར་རྒྱུད་གུ་དོག་པའི་མན་རྡི་མཚོ་འགག་དང་ཧིན་རྡུ་རྒྱ་མཚོར་འབྲེལ་བ་དང་། ནུབ་རྒྱུད་གཏིང་ཚད་མི་ཟབ་པའི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་བརྒྱུད་ནས་ས་དབུས་རྒྱ་མཚོར་ཐུག་ཅིང་། མཚོ་དམར་གྱི་ས་ཁམས་ཁོར་ཡུག་ནི་ཅུང་དམིགས་བསལ་བ་ཞིག་སྟེ། མཚོ་ཁོངས་ཡོངས་ཅུང་དོག་མོར་གནས་པས། ས་དབུས་རྒྱ་མཚོ་དང་ཧིན་རྡུ་རྒྱ་མཚོའི་མཚོ་ཆུ་ཕར་ཚུར་ལ་འཁོར་རྒྱུག་མི་ཐུབ་པར་མ་ཟད། མཚོ་དམར་འདི་ཚ་བ་ཆེ་བའི་སྐམ་སའི་བྱེ་ཐང་ཁུལ་དུ་ཡོད་པས། མཚོ་ངོས་སུ་རྒྱུན་པར་ཚ་སྨུག་འཁོར་བ་དང་། ཆར་ཆུ་འབབ་ཚད་ཉུང་། ལྷོ་ཕྱོགས་སུ་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཧའོ་སྨི250མན་དང་། བྱང་ཕྱོགས་སུ་ཧའོ་སྨི25ཙམ་ཡིན་པས། ཆར་ཆུ་ཉུང་ཞིང་ཚ་བ་ཆེ་ལ་རླངས་འགྱུར་ཚད་མཐོ་ཞིང་། མཐའ་འཁོར་དུ་དེར་འབབ་པའི་ཆུ་བོ་ཆེན་པོ་གཅིག་ཀྱང་མེད་པར་མ་ཟད། མཚོ་དམར་ནི་སའི་གོ་ལའི་ཚ་བ་ཕྱིར་གཏོང་གི་སྒོ་མོ་ལྟ་བུར་གྱུར་ཡོད་པས། དྲོད་ཚད་མཐོ་བ་དང་རླངས་འགྱུར་ཚད་ཆེ་བ་རེད།
        རྒྱུ་མཚན་དེ་དག་གི་དབང་གིས་མཚོ་དམར་ནི་འཛམ་གླིང་སྟེང་ཚྭ་འདུས་ཚད་ཧ་ཅང་མཐོ་བའི་རྒྱ་མཚོ་ཞིག་ཏུ་གྱུར་པ་རེད།།

སྒྲོན་སྟེགས་ཀྱི་འོད་ནི་རེས་གསལ་རེས་མོག་ཏུ་འཕྲོ་བའི་རྒྱུ་མཚན་ཅི།
        སྒྲོན་སྟེགས་ནི་གྲུ་གཟིངས་ལ་ཕྱོགས་སྟོན་བྱེད་པའི་དགོས་ངེས་ཀྱི་སྒྲིག་ཆས་ཤིག་ཡིན་ལ། སྒྲོག་སྟེགས་དེ་རིགས་ནི་རྒྱུན་པར་རྒྱ་མཚོའི་ངོགས་ཀྱི་མཐོ་ས་དང་། ཡང་ན་རྒྱ་མཚོའི་རྦ་རླབས་ཁྲོད་འབུར་བའི་བྲག་རྡོའི་སྟེང་བཙུགས་ཡོད་ཅིང་། དེའི་སྒྲོན་འོད་ཀྱིས་གྲུ་གཟིངས་ཉེན་ཁ་ཅན་གྱི་བྲག་རྡོ་ལ་གཡོལ་ནས་མཚོ་ལམ་ཡང་དག་ཕྱོགས་སུ་སྐྱོད་པར་ཁྲིད་སྟོན་བྱེད་ཐུབ།
        ཁྱོད་ཀྱིས་མཉམ་འཇོག་བྱས་ནས་ལྟ་ཞིབ་བྱས་མྱོང་ངམ། སྒྲོན་སྟེགས་ཀྱི་གློག་འོད་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་མིན་པར། ཆོས་ཉིད་དང་ལྡན་པའི་ངང་ནས་རེས་གསལ་རེས་མོག་གིས་འཕྲོ་བ་ཞིག་རེད། དེ་ནི་ཅིའི་ཕྱིར་ཡིན་ནམ།ཐོག་མཐའ་བར་གསུམ་དུ་བཀར་ན་དེ་བས་ལེགས་པ་ཞིག་མ་ཡིན་ནམ།
        དོན་དངོས་སུ་མིའི་མཐོང་ཚོར་ནས་བསམ་བློ་བཏང་ཚེ། གསལ་ཞིང་འཁྱུགས་པའི་གློག་འོད་ལ་བརྟེན་ནས་གྲུ་གཟིངས་ཀྱིས་དོ་སྣང་བྱེད་སླ་བ་དང་། དེ་ནི་སྒྲོན་སྟེགས་ཀྱི་འོད་རེས་གསལ་རེས་མོག་གིས་འཕྲོ་བའི་རྩ་བའི་རྒྱུ་རྐྱེན་རེད། གཞན་ཡང་གྲུ་གཟིངས་ཀྱིས་སྒྲོན་སྟེགས་ཀྱི་གློག་འོད་འཕྲོ་བའི་འགུལ་ཚད་ལ་གཞིགས་ནས་རང་ཉིད་ཀྱི་གནས་ཡུལ་གཏན་འཁེལ་བྱེད་ཀྱིན་ཡོད། སྒྲོན་སྟེགས་གལ་ཆེན་རེ་རེ་ནས་འོད་ཆེམ་ཆེམ་དུ་འཕྲོ་ཚད་གཅིག་མཚུངས་མིན་ཏེ། དཔེར་ན། ཞི་ལི་གླིང་ཚོམ་གྱི་ཝར་ཕུའུ་སྒྲོན་སྟེགས་ཀྱི་འོད་ཟེར་ནི་སྐར་ཆ15རེའི་མཚམས་སུ་ཐེངས་གཉིས་ལ་འཕྲོ་བ་ལྟ་བུ་རེད། འོད་འཕྲོ་བའི་བར་མཚམས་ཀྱི་ཁྱད་ཆོས་ལྟར། མཚོ་འགྲུལ་མཁན་གྱིས་མཚོ་སྐྱོད་ས་ཁྲའི་ཐོག་ནས་དེ་ནི་ལམ་སྟོན་སྒྲོན་མེ་གང་འདྲ་ཞིག་ཡིན་པ་དང་། དེ་ཉིད་གནས་སའི་གཞུང་ཐིག་དང་འཕྲེད་ཐིག་གི་ཏུའུ་གྲངས་ག་ཚོད་ཡིན་པ། སྒྲོན་སྟེགས་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཆུ་འོག་བྲག་རྡོ་གང་ཞིག་ཡོད་པ་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱེད་ཐུབ་པས། གྲུ་གཟིངས་ཀྱིས་དུས་ཐོག་ཏུ་བྱེད་ཐབས་སྤྱད་དེ་བདེ་འཇགས་ཀྱི་མཚོ་ལམ་རྙེད་ཐུབ།།
འབྲེལ་ཡོད་འོས་སྦྱོར།