logo

ལོ་ཁྲི༣༠༠༠གི་སྔོན་དུ་ཨ་ཆེན་གངས་རྒྱབ་ས་ཆའི་མཚོ་འཕགས་ཧ་ཅང་དམའ་བ།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2022-07-23 ཀློག་གྲངས།:
        མདོ་དབུས་མཐོ་སྒང་དུ་ཡོད་པའི་ཨ་ཆེན་གངས་རྒྱབ་ས་ཆ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་མི་མེད་ཁུལ་ཡིན། ཀྲུང་གོའི་ས་གཤིས་སློབ་ཆེན(ཝུའུ་ཧན)གྱིས་འབྲི་ཆུའི་མགོ་ཁུངས་སུ་ཚན་རིག་རྟོག་ཞིབ་བྱེད་སྐབས། ཚན་ཞིབ་རུ་ཁག་གིས་ཨ་ཆེན་གངས་རྒྱབ་ནས་མཐོང་དཀོན་ཞིང་གཞི་རྒྱ་ཆེ་བའི“རི་རྒྱུད་དམར་པོ”ཞིག་གསར་དུ་རྙེད་པ་དང་། དམིགས་བསལ་གྱི་ས་གཤིས་རྣམ་པ་འདི་རྙེད་པ་ལས་མདོ་དབུས་མཐོ་སྒང་ཡར་འཕགས་པའི་གོ་རིམ་ལ་ཚན་རིག་ཞིབ་འཇུག་གཏིང་ཟབ་བྱེད་པར་ཕན་པ་ཆེན་པོ་ཡོད་པ་རེད།
        གསར་དུ་རྙེད་པའི“རི་རྒྱུད་དམར་པོ”དེ་ཨ་ཆེན་གངས་རྒྱབ་གཞོང་སའི་དབུས་ཁུལ་ན་ཡོད་ཅིང་། གསར་འགོད་པས་ཚན་ཞིབ་རྟོག་ཞིབ་རུ་ཁག་དང་མཉམ་དུ་མཐོང་བའི་ཡུལ་དངོས་རྣམ་པ་ལས་གསལ་བ་ལྟར་ན། མདོག་དམར་ནག་གི་རི་གཟུགས་དེ་ཨ་ཆེན་གངས་རྒྱབ་ཀྱི་སྔོ་ལྗང་རྩྭ་ཐང་གི་ཁྲོད་ན་ལྷང་ངེར་སྣང་བ་དང་། རི་གཟུགས་ཀྱི་ས་ངོས་ཆགས་རིམ་ནི་ལྟེབ་རྩེག་གི་རྣམ་པ་ལྟར་གསལ་བོར་ཡོད་པ་རེད།
        ཚན་ཞིབ་རུ་ཁག་གི་རུ་མིའམ་ཀྲུང་གོའི་ས་གཤིས་སློབ་ཆེན(ཝུའུ་ཧན)སའི་གོ་ལའི་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཧྲེན་ཐེན་དབྱི(申添毅)ཡིས་མཚམས་སྦྱོར་བྱས་ན། ཨ་ཆེན་གངས་རྒྱབ་གཞོང་སའི“རི་རྒྱུད་དམར་པོ”འདི་དག་ནི་གཙོ་བོ་ད་ལྟའི་བར་དང་ལོ་ངོ་ཁྲི7000ནས3000ཙམ་ཡོད་པའི་སྔོན་དུ་ཆགས་པ་དང་། ཤར་ནས་ནུབ་ཏུ་བསྲིངས་ཡོད་ཅིང་། ངོས་གཉིས་དོ་མི་མཉམ་པར་ལྷོ་ངོས་གཟར་ཞིང་བྱང་ངོས་དེ་ལས་ལྡོག་པར་སྣང་བ། ས་ངོས་ཆགས་རིམ་གྱི་བཅད་ངོས་ཧ་ཅང་གསལ་བོར་ཡོད་སྟབས། དེ་ནི་མདོ་དབུས་མཐོ་སྒང་གི་རྔམ་བརྗིད་ལྡན་པའི་གནའ་བོའི་ས་གཤིས་ཤུལ་རྗེས་ཤིག་ཡིན། ཧྲེན་ཐེན་དབྱི་ཡིས་དམར་མདོག་གི་ས་ངོས་ཆགས་རིམ་གྱི་ལྷོ་བྱང་གི་ཞེང་ཚད་སྤྱི་ལེ160ལས་བརྒལ་ཡོད་ཅིང་། ཤར་ནུབ་ཀྱི་རིང་ཚད་ཕལ་ཆེར་སྤྱི་ལེ600ལ་ཉེ་བ་དང་། “དམར་མདོག་གི་ས་ངོས་ཆགས་རིམ་གྱི་ཕྱིར་མངོན་པའི་རྒྱ་ཁྱོན་ནི་རྒྱལ་ནང་དུ་མཐོང་དཀོན”ཞེས་བཤད།
        མཚམས་སྦྱོར་བྱས་པར་གཞིགས་ན། “རི་རྒྱུད་དམར་པོ”འདི་རི་བོ་གདང་ལའི་དམར་མདོག་ཆེ་བ་དང་དམར་སྨུག་ལྡན་པའི་བྲག་རི་ལ་རླུང་ཟད་དང་བསླད་ཟད་བྱུང་རྗེས། བཞུར་ཆུས་ཨ་ཆེན་གངས་རྒྱབ་གཞོང་སར་ཁུར་ཏེ་དིམ་བསགས་བྱུང་བ་དང་། དེ་ནས་ས་གཤིས་གྲུབ་ཚུལ་འགུལ་སྐྱོད་ཀྱིས་བཟོ་བཅོས་བྱས་པ་ལས་ས་ངོས་སུ་བརྡོལ་མཐར། ད་ལྟའི་ས་ངོས་ཆགས་དབྱིབས་འདི་གྲུབ་པ་རེད།
        ས་གཤིས་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟའི་བར་དང་ལོ་ངོ་ཁྲི3000ལྷག་ཡོད་པའི་སྔོན་ལ། ཨ་ཆེན་གངས་རྒྱབ་ཀྱི་མཚོ་འཕགས་ཧ་ཅང་དམའ་ཞིང་། མཚེའུ་ཆེན་པོ་ཞིག་གི་རྣམ་པ་ལྟར་ཡོད་པ་དང་། དེ་ནས་མདོ་དབུས་མཐོ་སྒང་ཡར་འཕགས་པ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་ཀྱི་ས་ཆ་འདི་ཡང་ཡར་འཕགས་ཏེ་རི་བོས་བསྐོར་བའི་གཞོང་སར་གྱུར་པ་རེད།
        ཚན་ཞིབ་རུ་ཁག་གིས་མཚམས་སྦྱོར་བྱས་པར་གཞིགས་ན། ཨ་ཆེན་གངས་རྒྱབ་ཀྱི“རི་རྒྱུད་དམར་པོའི”ས་གཤིས་མཛེས་ལྗོངས་འདི་ཨ་ཆེན་གངས་རྒྱབ་ཡུལ་གྱི“ས་གཤིས་སྤྱི་གླིང”ཆེན་པོ་ཞིག་ཏུ་ཆགས་པའི་རེ་བ་ཡོད་པར་མ་ཟད། ད་དུང་དེའི་ནང་གི་ས་གཤིས་ཆ་འཕྲིན་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་མདོ་དབུས་མཐོ་སྒང་ཡར་འཕགས་པ་ལའང་འབྲེལ་བ་དམ་ཟབ་ཡོད་སྟབས། མདོ་དབུས་མཐོ་སྒང་གི་རིམ་འགྱུར་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ཕན་པ་ཆེན་པོ་ལྡན་པ་རེད།
འབྲེལ་ཡོད་འོས་སྦྱོར།