logo

ཏུན་ཧོང་ཤུལ་བཞག་ཡིག་ཚགས་ཀྱི་གྲངས་མཛོད་འཕྲིན་སྟེགས་དངོས་སུ་ཕྱེས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-08-24 ཀློག་གྲངས།:
        ཏུན་ཧོང་ཞིབ་འཇུག་གླིང་གིས་ཉེ་ལམ་བསྒྲགས་པའི་གནས་ཚུལ། ཏུན་ཧོང་ཤུལ་བཞག་ཡིག་ཚགས་ཀྱི་གྲངས་མཛོད་འཕྲིན་སྟེགས་ཉེ་ལམ་དངོས་སུ་ཕྱེས་ཡོད། དེ་ནི་འཛམ་གླིང་ཡོངས་ཀྱི་ཏུན་ཧོང་ཡིག་ཚགས་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་འཕྲིན་སྟེགས་ཤིག་ཡིན་ཞིང་། དེའི་ནང་ཏུན་ཧོང་ཡིག་ཚགས་ཀྱི་གཞི་རྩའི་གནས་ཚུལ་དང་། གྲངས་ཀ རི་མོ། ཡིག་རིགས་ཕབ་འཇུག འབྲེལ་ཡོད་ཞིབ་འཇུག་ཡིག་ཚགས་ཀྱི་དཀར་ཆག་ལ་སོགས་ཁག་ཆེན་པོ་བཞི་འདུས་པ་མ་ཟད། ལོ་རྒྱུས་ཡིག་ཚགས་འཚོལ་བཤེར་དང་། རིས་ཡིག་ཤན་སྦྱར་ལ་སོགས་ལྟ་ཀློག་ཐུབ་པར་སྟབས་བདེར་བཟོས་ཡོད་པ་རེད།
        ཏུན་ཧོང་ཤུལ་བཞག་ཡིག་ཚགས་ཀྱི་མིང་གཞན་ལ། ཏུན་ཧོང་ཡིག་ཚགས་དང་། ཏུན་ཧོང་ཡིག་ཆ། ཏུན་ཧོང་བྲིས་ཡིག་ཟེར་ཞིང་། 1900ལོར་ཏུན་ཧོང་བྲག་ཕུག་ཏུ་བཏོན་པའི་དུས་རབས་བཞི་བ་ནས་བཅུ་གཅིག་པའི་བར་གྱི་ཡིག་བྲིས་དང་དཔར་མ་སོགས་ཀྱི་སྤྱི་མིང་ཡིན། གཙོ་བོ་དུས་རབས་བཞི་བ་ནས་བཅུ་གཅིག་པའི་གནའ་བོའི་བྲིས་ཡིག་དང་དཔར་མ་སྟེ། གནའ་བོའི་ཀྲུང་གོ་དང་། གླིང་ཆེན་ཨེ་ཤ་ཡའི་དབུས་རྒྱུད་ཤར་རྒྱུད། ལྷོ་རྒྱུད་དང་འབྲེལ་བའི་ལོ་རྒྱུས་རིག་པ་དང་། གནའ་རྫས་རྟོག་ཞིབ་རིག་པ། ཆོས་ལུགས་རིག་པ། མིའི་རིགས་རིག་པ། སྐད་བརྡ་རིག་པ། རྩོམ་རིག་ལོ་རྒྱུས། སྒྱུ་རྩལ་ལོ་རྒྱུས་ལ་སོགས་ཁྱབ་ཁོངས་ལ་ཞིབ་འཇུག་བྱ་གཞིའི་རྒྱུ་ཆ་གལ་ཆེན་ལ་གོ་བ་ཡིན། ཆིང་རྒྱལ་རབས་ཀྱི་མཇུག་ཏུ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་པ་དང་བསྟུན་ནས་བྲག་ཕུག་གི་ལོ་རྒྱུས་ཡིག་ཚགས་མང་པོ་ཞིག་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ཤོར་ལ། ད་སྔ་ཡིག་ཚགས་དེ་དག་ཀྲུང་གོ་དང་ཧྥ་རིན་སི། དབྱིན་ཇི། ཨུ་རུ་སི། ལྗར་པན་སོགས་རྒྱལ་ཁབ་དུ་མའི་ལས་ཁུངས་བཅུ་ཕྲག་ཏུ་ཉར་ནས་ཡོད་པས། ད་བར་དུ་ཆ་ཚང་བའི་དཀར་ཆག་ཅིག་བསྒྲིགས་མ་ཐུབ་པར་ལུས་ཡོད།
        2012ལོར་ཏུན་ཧོང་ཞིབ་འཇུག་གླིང་གིས་གཙོ་འཁྲིད་བྱས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན“ཏུན་ཧོང་གི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་མཛོད”དངོས་སུ་ལས་འགོ་བསླངས། སྐབས་དེར་ཏུན་ཧོང་ཞིབ་འཇུག་གླིང་ཡིག་ཚགས་ཞིབ་འཇུག་ཁང་དང་། ཀྲེ་ཅང་སློབ་ཆེན་གཉིས་ཀྱིས་མཉམ་དུ་ཞིབ་འཇུག་དཔུང་སྡེ་སྒྲིག་འཛུགས་བྱས་པ་དང་། ལོ་དུ་མའི་འཚོལ་ཞིབ་བརྒྱུད་ཏུན་ཧོང་གི་ཤུལ་བཞག་ཡིག་ཚགས་ཕབ་འཇུག་དང་། འཚོལ་བཤེར་ལྟ་ཀློག ཕྱིར་གཏོང་ལ་སོགས་དོ་དམ་དང་བེད་སྤྱོད་བྱེད་ནུས་ལྡན་པའི“ཏུན་ཧོང་ཤུལ་བཞག་ཡིག་ཚགས་ཀྱི་གྲངས་མཛོད”ཅེས་པའི་མཉེན་ཆས་མ་ལག་གསར་གཏོད་ཐུབ་པ་བྱུང་། 2021ལོའི་ཟླ5པར་ལས་གཞི་མཇུག་སྒྲིལ་ཏེ་དཔྱད་ཞིབ་ཐོག་རྩིས་ལེན་ཡང་ཐོབ།
        ད་སྔ་ཏུན་ཧོང་ཞིབ་འཇུག་གླིང་གིས་ཧྥ་རིན་སི་རྒྱལ་ཁབ་དཔེ་མཛོད་ཁང་བར་གྱི་མཉམ་ལས་གྲོས་ཆིངས་ལྟར། ཧྥ་རིན་སིར་ཉར་བའི་ཏུན་ཧོང་ཡིག་ཚགས་ཀྱི་འབྲེལ་ཡོད་གྲངས་ཀ་ཁ་གསབ་རྒྱས་བསྡུས་བྱེད་ཞོར་བོད་རྒྱ་ཡིག་རིགས་ཕབ་འཇུག་དང་བསྡུ་ལེན་བྱེད་སྒང་ཡིན། འབྱུང་འགྱུར་ཏུན་ཧོང་ཞིབ་འཇུག་གླིང་གིས«ཏུན་ཧོང་ཡིག་ཚགས་ཀྱི་དཔེ་ཚོགས»ཚོན་དཔར་མ་པར་དུ་བསྐྲུན་རྒྱུ་མ་ཟད། ཏུན་ཧོང་བྲག་ཕུག་ནས་ཐོན་ཡང་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ཤོར་རྣམས་མ་ལུས་པར་ལེགས་སྒྲིག་དང་བསྡུ་ལེན་བྱས་ནས་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཡིག་ཚགས་དང་རིག་དངོས་རྣམས་མུ་མཐུད་དུ་གྲངས་ཀ་ཅན་དུ་བསྒྱུར་ཏེ། ཏུན་ཧོང་གི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་ཀ་མཉམ་སྤྱོད་བྱེད་ས་འཕྲིན་སྟེགས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་ཏུན་ཧོང་ཞིབ་འཇུག་པ་དང་དགའ་མོས་ཡོད་མཁན་རྣམས་ལ་སྟབས་བདེ་སྤྱོད་གོ་ཆོད་པའི་ཏུན་ཧོང་ཡིག་ཚགས་ཀྱི་གྲངས་མཛོད་སྟེགས་བུ་ཞིག་འདོན་སྤྲོད་བྱ་རྒྱུའོ། །
འབྲེལ་ཡོད་འོས་སྦྱོར།