གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་དངོས་སུ་ཤར་གཏོང་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན་དྲ་བ།
དུས་ཚོད།:2022-11-28
ཀློག་གྲངས།:
༢༠༢༢ལོའི་སྤྱི་ཟླ༡༡པའི་ཚེས༢༨ཉིན་གྱི་སྔ་དྲོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུའི་དྲ་ལམ་ཤར་གཏོང་གི་དབུ་འབྱེད་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་འགྲེམ་ཚོགས་ལྟེ་གནས་སུ་འཚོགས།
སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པའི་ཏང་ཨུ་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། ཞིན་ཧྭ་ཝུན་ཤོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུ་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་བློ་བཟང་རྡོ་རྗེ། སི་ཁྲོན་བོད་རིག་པ་ཞིབ་འཇུག་ཁང་གི་འགན་འཛིན་ཀྲོའུ་ཤིན་ཁྲའོ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་དྲ་རྒྱའི་འཕྲལ་སྡོམ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཧོས་ཞིན་ཡེའོ་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་མང་པོ་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཚོགས་འདུའི་ཤིས་ཚིག་ཕུལ་ཏེ། གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཨང་ཀི་ཅན་གྱི་འཚོ་བ་དང་བསྟུན་ཆེད། ནང་དོན་ཐོན་སྐྱེད་ཞབས་ཞུའི་རྣམ་པ་ལེགས་སྒྲིག་གཏིང་ཟབ་དང་བོད་འབྲེལ་རིག་གནས་ཨང་ཀི་ཅན་ལ་སྐུལ་འདེད་གཏོང་ཆེད་བཙུགས་པའི་བོད་ཡིག་དཔེ་དེབ་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་མཉམ་སྦྲེལ་དྲ་བའི་ལག་རྩལ་ལེགས་ཤོས་སྤྱད་པའི་དྲ་ལམ་དཔེ་ཀློག་སྟེགས་བུ་ཞིག་ཡིན་ཞིང་། དེ་ནི་རྒྱལ་ནང་གི་ཆེས་ཐོག་མའི་དབང་གྲགས་ཆེ་ཤོས་དང་འཐུས་ཚང་ཤོས། ཕྱོགས་ཡོངས་རང་བཞིན་ཅན་གྱི་བོད་ཡིག་དཔེ་དེབ་དཔེ་སྐྲུན་གྱི་ལྟེ་བའི་ཐོན་ཁུངས་ཀྱི་གྲངས་མཛོད་དང་དྲ་ལམ་དཔེ་ཀློག་སྟེགས་བུ་ཞིག་ཡིན།
ཚོགས་ཐོག་ཏུ། འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པས་གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུས་ཀློག་པ་པོར་བོད་ཡིག་དཔེ་ཀློག་གི་ཞབས་ཞུ་དང་ཕྱོགས་ངེས་ཀྱི་ཤེས་བྱ་ཁྱབ་རྡལ། སྤུས་ལེགས་དྲ་ལམ་རིག་གནས་ཀྱི་ཐོན་རྫས་ཀྱི་མཁོ་འདོན་ཕུན་སུམ་ཚོགས་སུ་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་ལུགས་བསྒྱུར་དང་འཕེལ་རྒྱས་ལ་གདེང་འཇོག་ཡག་པོ་བྱས་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྟེགས་བུ་འདི་ཉིད་ཀྱིས་ཨང་ཀི་དཔེ་སྐྲུན་ཀྱི་རབས་གསུམ་པ་བེད་སྤྱད་དེ། སྲོལ་རྒྱུན་དཔེ་དེབ་ཀྱི་ཐོན་ཁུངས་ལ་ཞིབ་ཕྲའི་ལས་སྣོན་དང་ཨང་ཀི་ཅན་དུ་བསྒྱུར་ནས་དྲ་ཐོག་དཔེ་དེབ་ཀྱི་རྣམ་པ་བྱས། དེས་དཔེ་དེབ་ཀྱི་ནང་དོན་ཕྱོགས་ཡོངས་ནས་འཚོལ་བཤེར་བྱེད་ཐུབ་པས་ཀློག་པ་པོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། མིག་སྔར། སྟེགས་བུ་འདིར་བོད་ཡིག་དཔེ་དེབ༢༠༠༠ལྷག་ནང་འཇུག་བྱས་ཡོད་ཅིང་། བྱེ་བྲག་ཏུ་གཙོ་གནད་ཀློག་དེབ་དང་མཚན་ཉིད། གནའ་དཔེ། རྩོམ་རིག ལོ་རྒྱུས། གེ་སར། རྣམ་ཐར། དཔྱད་རྩོམ། ཁྲིམས་ལུགས། དམངས་སྲོལ། མཛེས་རྩལ། བྱིས་པའི་ཀློག་དེབ། གསོ་རིག སྐར་རྩིས། ཚན་རྩལ། གསུང་འབུམ་སོགས་སུ་དབྱེ་ཡོད། ཐེངས་འདིར་སྐད་འཕྲིན་གྱི་བྱ་རིམ་ཆུང་བ་དང་ཁེ་ལས་ཅན་གྱི་གློག་ཀླད་པར་མ་ཤར་གཏོང་བྱས་ཡོད་པ་དང་། དེས་ཡུལ་ཁོངས་དང་དུས་ཚོད་ཀྱི་བཀག་རྒྱ་ལས་གྲོལ་ཏེ་རིམ་བཞིན་ཕྱོགས་ཡོངས་ནས་སྤེལ་རེས་མངོན་འགྱུར་གཏོང་ཐུབ།
དུས་རིམ་རྗེས་མར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རང་ཡོད་ཐོན་ཁུངས་ཀྱི་རྨང་གཞིའི་སྟེང་ནས་རྒྱལ་ནང་གི་ཡོད་ཡིག་དཔེ་སྐྲུན་གཞན་དག་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ནང་གི་ཡང་རྩེའི་བོད་ཡིག་དཔེ་དེབ་ཀྱི་ཐོན་ཁུངས་གཅིག་བསྡུ་བྱས་ཏེ། རྩོམ་པ་པོ་དང་གྲོས་མཐུན་སྒོས་ནང་དོན་དང་ཟོང་རྟགས། ཐོན་ཁུངས་ཀྱི་ནུས་ལྡན་སྡེབ་སྒྲིག་ངང་འདྲ་མཉམ་གཉིས་ཕན་གྱི་ཐུན་མོང་སྟེགས་བུ་ཞིག་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་རྒྱུ་རེད།
གངས་ཅན་རིག་མཛོད་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་ནི༢༠༡༩ལོའི་ཟླ༡༡པར་དངོས་སུ་ལས་འགོ་ཚུགས་ཤིང་། འདི་ཉིད་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི༢༠༢༠ལོའི་ཨང་ཀི་སྤུས་ལེགས་འཆར་འགོད་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡི་༢༠༢༠ལོའི་ཨང་ཀི་དཔེ་སྐྲུན་སྤུས་ལེགས་འོས་འདེམ་གྱི་འཆར་གཞིའི་རྣམ་གྲངས་སོགས་སུ་ཚུད་ཡོད། ཐེངས་འདིའི་དྲ་ལམ་ཤར་གཏོང་ནི་ལམ་ཚད་ཀྱི་རྡོ་རིང་གསར་བ་ཞིག་ཡིན་ཏེ། རིམ་བཞིན་ཁྱད་ཆོས་ཅན་གྱི་བོད་ཡིག་དཔེ་དེབ་མཉམ་འདྲེས་དཔེ་སྐྲུན་གྱི་ཐོན་ལས་འབྲེལ་ཐག་ཆགས་པ་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་ཨང་ཀི་ཅན་དང་ཨང་ཀི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།