logo

དགུན་ཉི་ལྡོག་དང་དེའི་ཕན་ཡོན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་བོད་རིག་གནས་ཞིབ་འཇུག་ཚོགས་པ། དུས་ཚོད།:2022-12-22 ཀློག་གྲངས།:
       བཻཌཱུརྱ་དཀར་པོ་ལས། བྱང་བགྲོད་ལྷ་ཡི་ཉི་མོ་ལ། །ཞི་རྒྱས་དགེ་བའི་ལས་ལ་ཤིས། །ཞེས་བསྟན་པའི་ས་ལྒང་གི་འཁོར་བགྲོད་ལས་སྐྱེ་འགྲོའི་མཐོང་སྣང་ལྟར་ལ་དབྱར་དགུན་གྱི་ཉི་ལྡོག་སྣང་བ་འཆར་ཞིང་ཉིན་མོ་ཇེ་རིང་དང་མཚན་མོ་ཇེ་ཐུང་དུ་འགྲོ་བའི་བཀྲ་ཤིས་པའི་དུས་བཟང་འདི་དང་བསྟུན་ཏེ་ལྡོག་གཉིས་འདི་ག་ཡང་བསོད་ནམས་ཀྱི་དཔལ་དུ་བྱུང་བ་ཡིན་ལ། ཨ་མདོ་སེང་ཁྲི་དགོན་གྱི་ལོ་རྩིས་ལྟར་བོད་ཟླ་བཅུ་པའི་ཚེས་ཉེར་དགུའི་ཉིན་སྤྱི་ལ་དགུན་ཉི་ལྡོག་ཡིན་པས་དགེ་སྡིག་གང་བསྒྲུབ་ཀྱང་བྱེ་བ་འབུམ་འགྱུར་ཡིན་པས་དགེ་བསྒྲུབ་སྡིག་སྤང་ལ་འབད་རྒྱུ་དང་། ཀུན་ཏུ་བཟང་པོའི་སྨོན་ལམ་འདི་འདོན་པ་གལ་ཆེ་སྟེ། དེ་ཉིད་ལས།
ཨ་ཧོ༔ ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔
འཁྲུལ་མེད་རིག་པ་རང་གསལ་ནས༔
སྨོན་ལམ་སྟོབས་ཆེན་འདི་བཏབ་པས༔
འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔
སྐྱེ་བ་གསུམ་ནས་་མངོན་འཚང་རྒྱ༔
ཉི་ཟླ་གཟའ་ཡིས་ཟིན་པའམ༔
སྒྲ་དང་ས་གཡོས་བྱུང་བའམ༔
ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔
རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔
ཀུན་གྱི་ཐོས་པར་འདི་བརྗོད་ན༔
ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་༔
རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔
སྡུག་བསྔལ་རིམ་བཞིན་གྲོལ་ནས་ཀྱང་༔
མཐའ་རུ་སངས་རྒྱས་ཐོབ་པར་ཤོག༔
       ཞེས་གསུངས་པས། རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད་ནས་ཉི་ཟླ་འཛིན་པ་དང་། དབྱར་དགུན་ཉི་ལྡོག་གི་དུས་སུ་སྨོན་ལམ་འདི་ལྟར་བཏབ་པ་དང་། གཞན་གྱིས་ཐོས་པར་བརྗོད་ན་རང་གཞན་ཀུན་ངན་སོང་གི་སྡུག་བསྔལ་ལས་ཐར་ཞིང་མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་པའི་ཕན་ཡོན་ཡོད་དོ། །
       དགུན་ཉི་ལྡོག་ནི་ས་ཡི་གོ་ལས་ཉི་མའི་དཀྱིལ་འཁོར་ལ་བསྐོར་བ་ཐེངས་རེ་བྱ་བའི་ཡུན་ལ་ཉིན་ཞག༣༦༥འགོར་ཞིང་ཡོད། དེ་ཡང་སའི་གོ་ལས་ཉི་མའི་དཀྱིལ་འཁོར་ལ་གཡོན་བསྐོར་དུ་བགྲོད་པའི་ཚེ། ས་ཡི་གོ་ལ་དེ་ཉི་མའི་ལྷོ་ཕྱོགས་དྲང་ཐིག་གི་ཐོག་ཏུ་སླེབས་པའི་ཉིན་དེ་ལ་ཟེར། དེ་ནི་གོ་ལ་བྱང་ངོས་འདིར་ཉི་མ་དང་ཐག་རིང་ཤོས་དང་། ཉིན་མོ་ཐུང་ངུ་མཚན་མོ་རིང་ཤོས་ཀྱི་ཉི་མ་དེ་ཡིན། དེ་ནས་བཟུང་ཉི་མ་བྱང་ཕྱོགས་ལ་ཡར་བསྐོར་བགྲོད་པས་རིམ་བཞིན་ཉི་མ་ཇེ་རིང་དང་། མཚན་མོ་ཇེ་ཐུང་གི་འགྲོ་བ་མ་ཟད། གོ་ལའི་བྱང་ངོས་འདིར་ཉི་མ་ཐག་ཇེ་ཉེར་འགྲོ་ཞིང་ཡོད། འོན་ཀྱང་གོ་ལའི་ལྷོ་ཕྱོགས་ནི་དེ་ལས་ལྡོག་སྟེ་ཉི་མའི་དཀྱིལ་འཁོར་ཐག་ཉེ་ཞིང་ས་དྲོད་དང་། ཆར་ཆུ་རྒྱས་པའི་དབྱར་དུས་ཡིན་རྐྱེན་གྱིས་ཉིན་མོ་རིང་ཞིང་མཚན་མོ་ཐུང་བའི་དུས་ཡིན།
       སྤྱི་ལོ༢༠༢༢ལོའི་བོད་ཟླ༡༠བའི་ཚེས༢༩རྒྱ་ཟླ11བའི་ཚེས29  སྤྱི་ཟླ12པའི་ཚེས22ཀྱི་ལུག་གི་ལྔ་ཆ་གཅིག་ནས་སྤྱི་ལ་དགུན་ཉི་ལྡོག
       འདི་ནི་སྲོལ་རྒྱུན་རིག་གནས་སྟེ་གནམ་རིག་དཀར་རྩིས་ཀྱི་རིག་གཞུང་ལ་བསྟེན་ནས་འབྱུང་འགྱུར་གྱི་ཉི་མའི་བགྲོད་ཚུལ་ལ་རྣམ་དཔྱོད་ཀྱིས་རྙེད་པའི་འབྲས་རྟགས་ཡང་དག་ཅིག་ཡིན།
འབྲེལ་ཡོད་འོས་སྦྱོར།